བོད། ལྷ་ཀླུ་གཉན་གསུམ།
ཉན་བཞིན་ཉན་བཞིན་སེམས་པ་དྲགས་དུ་ལྡིང་།།
བསམ་བཞིན་བསམ་བཞིན་མིག་ཆུ་ཆར་དུ་གྱུར།།
བལྟ་བཞིན་བལྟ་བཞིན་ཤ་དང་རུས་པ་འདར།།
ཅི་འདྲའི་ཡིད་འོང་སྟོང་གི་དབྱངས་རྟ་ཞིག།
ཡང་ན་ང་རང་བཟི་ནས་འཁྱོར་བཞིན་འདུག།
དེ་མིན་རླུང་བུ་ཞིག་གིས་འཁུར་གྲབས་འདུག།
མིན་ན་རིགས་ཀྱི་སྙིང་རྩ་རྨས་ཟིན་འདུག།
གང་ལྟར་རང་ཉིད་དགའ་བའི་དབྱངས་ཤིག་རེད།།
དང་བོ་གང་ནས་འོང་མིན་མ་ཤེས་པར།།
ཞིབ་དུ་རྣ་ཡི་བུ་གར་འཛུལ་རྗེས་སུ།།
སེམས་ཀྱི་ཚོར་བ་དཀྲོགས་པའི་དབྱངས་རྟ་འདིས།།
རིགས་ཀྱི་སོན་རྩ་འབོད་པ་གཞི་ནས་རྟོགས།།
སྟོད་ཀྱི་གྲོང་ན་སྟག་ཤར་སྙིང་སྟོབས་ཅན།།
སྨད་ཀྱི་གྲོང་ན་ཤེས་རིག་གཞོན་ནུ་ཞིག།
དབུས་ཀྱི་གྲོང་དུ་དགེ་འདུན་དར་མ་ཞིག།
འདི་གསུམ་གཅིག་སྒྲིལ་ཡོང་རྒྱུར་སྐུལ་བཞིན་འདུག།
ང་རང་དོ་ནུབ་གསོན་མིན་མི་ཤེས་ཀྱང་།།
སེམས་ཀྱི་ནུས་པ་ཉམས་མིན་བཤད་དཀའ་མོད།།
རིགས་པའི་ལང་ཚོ་རྒུད་མེད་བསྡད་བཞག་ན།།
ངས་ཀྱང་དབྱངས་རྟ་དེ་ཡི་རམ་འདེགས་ཡོད།།
ལུས་ཀྱི་ཁུར་རོ་རྐང་བའི་ཐེགས་ན་ཡང་།།
སེམས་ཀྱི་སྡུག་བསྔལ་ལུས་ཀྱི་མི་ཐེགས་པའི།།
བོད་ཀྱི་རིགས་ལ་སྐྱེ་བ་བླངས་པ་འདིས།།
དུས་དང་ནམ་ཀུན་འགན་ཞིག་ཡོད་པར་སྐུལ།།
ང་ཚོར་མིང་ཞིག་ཡོད་པ་བོད་མི་ཡིན།།
བོད་ལ་མིང་ཞིག་ཡོད་པ་སྐྱབས་བཅོལ་ཡིན།།
སྐྱབས་བཅོལ་ལས་ཤིག་ཡོད་པ་ས་ཡ་དྲུག།
སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ལག་ལེན་དགོས།།