སྒྲོན་ཕྲུག་ནས།
———
དེ་རིང་གཟའ་ཉི་མའི་ཞོགས་ཀ་སྔ་པོ་ནས་ཡར་ལངས་ཏེ་ནམ་རྒྱུན་ལྟར་་བྷོ་དྷའི་མཆོད་རྟེན་ལ་སྐོར་བ་ཁ་ཤས་བྱས་རྗེས། མཆོད་རྟེན་ཤར་ངོས་ཀྱི་བོད་པའི་ཇ་ཁང་རིང་པོ་ཞིག་ཡོད་ས་དེར་ཇ་འཐུང་དུ་སོང་སྐབས། ག་ས་གང་ནས་ཡོང་བའི་སྐོར་རྒྱག་མང་པོས་རླངས་པ་ཁོལ་ཁོལ་གྱི་མངར་ཇ་དང་། ཨ་ལོ་བག་ལེབ་རྔམ་ཟ་དང་རྔམ་འཐུང་བྱེད་ཀྱིན་འདུག དེ་བཞིན་ང་ཡང་དེའི་གྲས་སུ་བསྡད་ནས་ཇ་འཐུང་ཞོར་དུ་གཡས་ལྟ་གཡོན་ལྟ་བྱས་དུས། ངའི་རྒྱབ་ཀྱི་ཅོག་ཙེ་ཞིག་གི་སྟེང་ཕར་བལྟས་ཚོད་ལ་བོད་པ་ལོ་ན་ལྔ་བཅུ་ཡས་མས་ཁ་ཤས་ཤིག་དང་། ཨ་ནེ་ཞིག་བསྡད་འདུག་པ་མཐོང་བྱུང་། སྐབས་དེར་རྒན་པོ་ཞིག་གིས་ལག་གཡས་པས་ཇ་བཟུང་། གཡོན་པས་སྣ་ཐ་ཞིག་བཟུང་སྟེ། དབུགས་རིང་རེ་འཐེན་ཞོར་དུ། ཡ་ད་ད་ལོ་འོ་རང་ཚོའི་དགའ་ལྡན་ཁྲི་བ་དེ་སུ་ལ་བླུགས་དགོས་པ་རེད་ལབ་བྱུང་། ལམ་སང་ཁོང་གི་ཁ་གཏད་དུ་ཡོད་པའི་རྒན་པོ་ཞིག་གིས་ག་རེ་དགའ་ལྡན་ཁྲི་བ། བཀའ་བློན་ཁྲི་བ་ལབ་དང་ཟེར། དེ་དུས་ཁྲིས་ནས་རྒན་མོ་ཞིག་གིས་ག་རེ་སེམས་ཁྲེལ་བྱེད་ཀྱིན་ཡོད། རྒྱ་ཆེའི་མང་ཚོགས་ཀྱིས་འོས་ཤོག་བླུག་ཡོང་དུས་གཅིག་ལ་ཁེལ་ཡོང་གི་རེད། དེ་འོ་རང་ཚོའི་འགོ་ཁྲིད་རེད། ལབ་པ་དང་ཁམས་ཕྱོགས་ནས་ཡིན་པའི་ལོ་ན་ཁོང་ཚོ་ལས་ཅུང་ཆུང་བ་ཞིག་གིས་དེ་གལ་ཆེན་པོ་རེད་ད། ང་ཚོས་ངེས་པར་དུ་མི་ཡག་པོ་ཞིག་མ་འདེམས་ན་རྒྱལ་པ་རིནཔོ་ཆེ་ནི་དགུང་ལོ་མཐོན་པོ་རེད། བོད་རྒྱའི་དཀའ་སྙོག་ནི་ཛ་དྲག་གི་དུས་ཚོད་རེད། དེ་དུས་རྒན་པོ་ཞིག་གིས་དེ་འདྲ་ཡིན་པ་དངོས་གནས་བདེན་པ་རེད། ཡིན་ནའང་ང་ཚོ་མང་ཚོགས་ཀྱིས་ཧ་ནི་མི་གོ། ཧ་གོ་མཁན་དེ་འདྲ་ཡོང་ནས་འབྲེལ་བཤད་རྒྱག་མཁན་ཡང་མི་འདུག་ལབ་སོང་། དེ་ནས་དེ་སྔོན་དང་པོ་སྐད་ཆ་མཁན་གྱི་རྒན་པོ་དེས། ད་དངོས་གནས་ང་ཚོ་སྐྱོ་བོ་རེད། གཞུང་གི་ལས་བྱེད་མཐོན་པོ་དེ་ཚོས་མཐོ་ས་ནས་ཕྱག་ལས་མ་གནང་ན་མཐོ་ས་ཤོར་འགྲོ་ཡི་རེད། དམའ་ས་ན་ཡོད་པའི་ལས་བྱེད་མཁན་དེ་ཚོས་ཞེ་དྲག་འགོ་ཚོས་མདོག་ཁ་བོ་མི་འདུག་ཨ་ལབ་བྱུང་། དེ་དུས་རྒན་པོ་གཞན་ཞིག་གིས་བཀའ་བློན་ཁྲི་བའི་སྐོར་ལ་འགྲེལ་བཤད་རྒྱག་དགོས་དོན་གང་ཡང་མི་འདུག ལྟོས་དང་ཕ་གིའི་རྩིག་ངོས་ལ་སྦྱར་བཞག་པ་དེ་ཚོ་རེད་ལབ་པ་དང་། ལམ་སང་རྒན་པོ་དེའི་ཁ་གཏད་དུ་ཡོད་པའི་རྒན་པོ་གཞན་ཞིག་གིས་ཚིག་མཚམས་བཅད་ནས་འདི་ཚོ་ག་རེ་ཡིན་ཟེར་གྱི་ཡོད་པ་རེད། དབང་ཆ་དང་སྐུབ་ཅག་མཐོང་དུས་འཚང་ཁ་ཤུགས་ཤུགས་རེད། ཁོབ་རང་ཚོའི་ནང་མི་སྤུན་མཆེད་དེ་ཚོ་ད་དུང་ཕྱི་རྒྱལ་ལ་མ་ཐར་པ་ཡིན་གྲོ་གང་ཤེས་ཟེར། ཨ་ནེ་ཞིག་ཡོད་པ་དེས་དག་དག་རེད་ཁོ་རང་ཚོའི་ནང་མི་དེ་ཚོ་ཐར་སོང་ན་ང་ཚོས་ཁ་བཙུམ་ནས་བསྡད་ན་རིམ་པས་ང་ཚོ་ལའང་གོ་སྐབས་རག་གི་ཡོད་གྲོ་ཟེར། དེ་དུས་རྒྱབ་ནས་རྒན་པོ་ལག་པར་ཕྲེང་བ་ཧ་ཅང་སྦོམ་པོ་ཁྱེར་མཁན་ཞིག་གིས་བློ་བུར་དུ་ཁྱེད་རང་ཚོས་ག་རེ་ལབ་ཀྱིན་ཡོད། ང་ཚོས་བཀའ་བློན་བླུག་པ་དེ་བོད་པ་ཨ་རི་ལ་གཏོང་རྒྱུའི་ཆེད་དུ་འདེམས་ཀྱིན་ཡོད་པ་མ་རེད་དཱ་ལབ་ནས། ཁྱེད་རང་ཚོས་ཉེ་ཆར་ཚོགས་ཆེན་ཐོག་ནས་༧གོང་ས་ཡིད་བཞིན་ནོར་བུས་བཀའ་སློབ་གནང་བ་དང་། བཀའ་བློན་ཁྲི་བའི་བཀའ་སློབ་གནང་པ་དེ་ཚོ་གོ་མ་བྱུང་ངམ་ཟེར་ནས་ཅུང་མི་དགའ་བའི་རྣམ་འགྱུར་བསྟན་ནས་འགྲོ་སོང་། དེ་མ་ཐག་ཨ་ནེ་དེས་རྒན་པོ་དེའི་རྒྱབ་ཏུ་ལྟ་ཞོར་དུ་ཕ་ལགས་དེའི་བུ་དང་། བུ་མོ། བུའི་མནའ་མ། བུ་མོའི་མག་པ་དང་བཅས་པ་ཚང་མ་ཨ་རི་ལ་ཡོད་རེད། ཁོ་རང་ཡིན་ན་སྐྱིད་ཐག་ཆོད་ཆགས་བསྡད་ཡོད་རེད་ཟེར། དེ་དུས་རྒན་པོ་ཞིག་གིས་འོ་ཙི་ལགས། ཁོང་གི་བུ་མོའི་མག་པ་ཤར་པ་ཞིག་མ་རེད་དམ་ཟེར། ཨ་ནེ་དེས་ཤར་པ་རེད། རྒན་པོས་འོ་ན་ཁོང་ག་འདྲ་བྱས་ནས་ཨ་རི་ལ་ཐར་པ་རེད་ཟེར། ཨ་ནེ་དེས་སྐད་ཤུགས་ཆུང་ངའི་ལམ་ནས་སྐུ་ངོ་བུ་དོན་འགྲུབ་ཀྱིས་རོགས་པ་བྱས་པ་རེད་ལབ་སོང་། རྒན་པོས། མག་པ་ཨ་རིར་ཐར་ཀྱང་ཕ་གིར་བསླེབས་ཚར་དུས་བལ་ཡུལ་གྱི་ཤར་པ་ཞིག་ག་འདྲ་བྱས་ཡོད་དམ་ལབ་དུས། ཨ་ནེས། ཧ་ཧ་ཧ། སྐྱེས་ས་བོད་ཡིན་པ་བལ་ཡུལ་ནས་འགྲོ་དུས་ནས་དེབ་ལྗོན་ཁུའི་ནང་བཀོད་ཚར་པ་རེད། གོ་ཐོས་ལ་ད་ལྟ་ཁོང་ཡང་ཨ་རིར་སྐྱབས་བཅོལ་རགས་ཚར་པ་རེད་ཟེར། དེ་དུས་རྒན་པོ་གཞན་ཞིག་གིས། དེ་འདྲའི་གནས་ཚུལ་དེ་ཚོ་ང་ཚོའི་གཞུང་གིས་མཁྱེན་རྒྱུ་མེད་པ་འདྲ། དངོས་གནས་བྱས་ན་འདི་ཚོ་གཙང་མ་མ་བྱས་ན་ཕྱི་རྒྱལ་ནས་བོད་པའི་གོ་སྐབས་ཚང་མ་ཁོང་ཚོས་བླངས་འགྲོ་ཡི་ཡོད་པ་རེད་ཟེར། དེ་མ་ཐག་རྒན་པོ་གཞན་ཞིག་གིས་དེ་དངོས་གནས་རེད་བཀའ་བློན་ཡག་པོ་ཞིག་ཡོང་ན་འདི་ཚོ་ངེས་པར་དུ་གཙང་མ་དང་། ཞིབ་གཤེར་གནང་དགོས་པའི་དུས་ལ་བསླེབས་འདུག་ཟེར། དེ་དུས་ཨ་ནེ་དེས་ཧིན་ཟེར་ནས་ཁོང་རྒོད་ཞིག་བྱེད་ཞོར་དུ། གཙང་མ་ག་འདྲ་བྱས་ནས་གཟོ་དགོས་པ་རེད། བོད་པ་རྫུན་མ་མང་པོ་ཕྱི་རྒྱལ་ལ་བསླེབས་ཚར་པ་རེད། ད་གཙང་མ་བཟོ་རྒྱུ་ཡིན་ལབ་ན་རྐུ་མ་ཤོར་རྗེས་སྒོ་རྒྱབ་པ་དང་གཅིག་མཚུངས་རེད། ད་ལྟའི་བཀའ་ཤག་གིས་ཀྱང་དེ་འགོག་རྒྱུ་ཡིན་ལབ་ནས་བོད་པ་མང་པོ་ཞིག་བཟའ་ཚང་ཁ་བྲལ་དུ་ཕྱིན་པ་རེད། བཀག་དགོས་རྒྱུ་མ་འཁོག་པར་བོད་པར་སྡུག་པོ་མྱང་སོང་། མ་འོངས་པར་འདི་འདྲའི་བཀའ་བློན་བསླེབ་ན་དངོས་གནས་ངུ་དགོས་པའི་གནས་སྟངས་རེད། རྒན་པོ་གཞན་ཞིག་གིས། ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པ་ཡིན་ནམ་ཟེར་ནས་མིག་འབུར་འབུར་གྱིས་ཨ་ནེ་དེའི་གདོང་ལ་གྱེར་ནས་ལྟ་དུས། རྒན་པོ་ཞིག་དེའི་གྲས་ནས་ཡར་ལངས་ནས་ད་འགྲོ་སྐོར་བ་ཁ་ཤས་རྒྱག་ང་རང་ཚོ་རྒན་ཁོག་ཚོ་ལ་དགོས་པ་དེ་ཆོས་རེད། བཀའ་བློན་སུ་འདེམས་ན་འདེམས་་ཆུག་ཟེར་ནས་ཕྱིན་སོང་། དེ་ནས་རྒན་པོ་གཞན་པ་དེ་ཚོ་ཡང་ཡར་ལངས་ནས་ཕྱིན་སོང་། དེ་ནས་ང་ཡང་ཇ་རིན་སྤྲད་ནས་གང་འགྱོགས་ནང་ལ་ཡོང་ནས་དེའི་སྐོར་དེ་ཡིག་ཐོག་ཏུ་འགྱོགས་བྲིས་བྱས་པ་ཡིན། དྲ་གྲོགས་ཚོ་འདིའི་ཐོག་ནས་གནས་ཚུལ་མང་པོ་ཞིག་ཤེས་རྒྱུ་མི་འདུག་གམ། ཁྱེད་ཅག་གིས་དགོངས་ཚུལ་ཞིག་གསུང་དང་།
དེ་ལྟར་ནི་དངོས་གནས་རེད། ལྷག་པར་དུ་ཧི་མ་ལ་ཡའི་ཨ་ནེ་དང་གྲྭ་བ་མང་བོས་བོད་པ་
རྫིན་མ་བཟོ་བཞིན་ཡོད། ད་ལྟ་ཡང་དེ་ལྟར་ཡོང་གི་ཡོད། ངས་ཤེས་བ་ཞིག་ལ་ལྷོ་ཕྱོགས་ན་
ཨ་ནེ་གཉིས་དང་སྒྲོལ་མ་གླིང་ན་ཨ་ནེ་གཅིག་བོད་པ་བཟོས་ཚར་་ཡོད། སྒོར་མོ་སུམ་སྟོང་ནས་བདུན་སྟོང་སྤྲད་ན་བཟོ་ཐུབ་གི་འདུག་ཟེར། ལ་ལས་ལག་བདེ་ལྗང་ཁུ་རྒྱ་གར་དཔར་ཁང་ལ་སྒོར་མ་ཁ་ཤས་སྤྲད་ནས་བཟོ་བཞིན་ཡོད་པ་ཟེར་བ་གོ་ཐོས་བྱུང།
དེ་ཧ་ལས་རྒྱུ་ཅི་ཡོད། བོད་པ་ཚོས་རྒྱ་གར་བ། བལ་པོ། ཨ་རི་བ། སུད་སི་བ་སོགས་གྲངས་མེད་བཟོས་དང་བཟོ་བཞིན་པ་མ་རེད་དམ།
དེ་ངོས་ནས་རེད། ཁོ་རང་ཚོས་མི་སར་ག་རེ་བཟོ་ན་བཟོས་ཧ་ལས་རྒྱུ་ཅི་ཡོད། ང་ཚོ་ལ་དགོས་བ་བཀའ་ཁྲི་མཇོན་ཐང་ཅན་ཞིག་དགོས་བ་དེ་རེད།