བོད། ལྷ་ཀླུ་གཉན་གསུམ་ནས།
རྨི་ལམ་དེ་ནི ང་རང་གི་མིན་ན
དེ་དུས ཕྱི་རོལ་ན་རླུང་མི་འདུག
ཁ་དབུགས་ཀྱང་མི་འདུག
ལས་དབང་ཡང་ གང་ནས་འགོ་འབུས
གང་ལྟར ངས་རང་ངོ་ལ་ཕྱི་ནང་ཞིག
ག་དུས་ཀྱང་བསླུས་ཟིན་པ་ལྟར
རླབས་རྒྱུན་གྱི་འགྲམ་ཞིག་ནས
ཁྱེད་དང་ང་ ཁོ་བོ་དང་གཞན་དག་གིས
སྤས་སྲིད་པའི་སྙན་ངག་ཞིག་གླེང་
ཡིན་ཡང་ དུག་རྫས་ཀྱི་ཕྱི་ཤུན་སྐྱུར་མོ
ངའི་སྐྱི་འབག་ལས་དཔྱངས་དེ
ཐག་རིང་བའི་གླིང་ཕྲན་ཞིག་ན
བོར་སོང་བའི་གཟུགས་རིས་སྙིང་རྗེ་མོ་ཞིག
འདང་ནུབ་ཀྱི་ཀུ་རེ་བཞིན
འོས་བླངས་མེད་པའི་གྲུབ་མ་ཁ་ཤས་ཀྱི་ཁྲོད་དུ
དོན་ངོ་མར ངས་གང་ཡང་ཤེས་མ་བྱུང་
སྐད་ཆ་དེ་ཡིས་ཁྱེད་ཀྱི་སྙིང་ཁམས་བསྲེག་སྲིད་ཀྱང་
ང་ལ་ནི ན་ཟུག་འཕར་མ་དང་འགྲོགས་པའི་མཛས་གླུ་སྙན་མོ་ལས
ངའི་ལྷན་དུ་འཁྱེར་ཐུབ་པའི་བྱ་དངོས་ཀྱི་བདག་དབང་
གཏན་ནས་མི་རྩོད རྒྱུ་མཚན་ནི་རྨོངས་འཐོམ་ནི
སྲིད་མཐའི་བར་དུ་རྨོངས་པ་དང་ལྐུགས་ཚུལ་ཡིན
གླིང་ཕྲན་དེ་ནས ང་གཉིད་ན་འདོད
ཁ་རོག་གེར་ཞོག ང་སྔ་ས་ནས་བོར་ཟིན
ཨེས་སུ་རལ་གྱི་གྲོང་ཁྱེར་གྲགས་ཆེན་ཀྲེ་ལ་བེས་ནས་༡༡།༩།༡༠བྲིས་པ་ཡིན།