ཆབ་བྲག་ལྷ་མོ་སྐྱབས།
(བོད་ཀྱི་དུས་བབ)འདོན་ཐེངས་༣༤༧ ཐོག་ལ་བཅར་འདྲིར་ལན་འདེབས་གནང་མཁན་སྐུ་ཞབས་ཨེལིཊ་སྤེར་ལིང་གིས་རང་གི་བསམ་ཚུལ་རྣམས་དྲང་མོར་ཞུས་འདུག་པར་ཐུགས་རྗེ་ཆེ་ཞུ། ཡིན་ཡང་ཁོང་གི་ལན་འདེབས་ཁ་ཤས་ཤིག་ཐལ་ཆ་ཤོར་འདུག་པར་གསལ་བཤད་གླེང་མོལ་ཞིག་བྱེད་འདོད་བྱུང༌།
གཅིག ཁོང་གིས། “ད་ལྟ་སྐྱབས་བཅོལ་བོད་གཞུང་གི་སྲིད་བྱུས་དེ་གཅིག་གྱུར་ཡོད་པ་མ་རེད། དེ་སྣ་ཚོགས་པ་ཡིན་་་”ཟེར་བ་མི་བདེན། སྐྱབས་བཅོལ་བོད་གཞུང་གི་སྲིད་བྱུས་དེ་ལམ་དབུ་མ་རང་ཡིན་ལ། སྲིད་བྱུས་འདི་སྔར་ནས་ཡོད་པའི་ྋགོང་ས་མཆོག་གི་དགོངས་གཞི་དེར། ༡༩༩༧ ལོར་མི་དམངས་ཀྱི་མང་མོས་དང་གྲོས་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་ཀྱིས་གཏན་འབེབས་བྱས་པ་ནས་འགྱུར་བ་གཏན་ནས་སོང་མེད་པར་ལྷག་པར་ཕྱི་གསལ་ནང་གསལ་གྱིས་ཁྱབ་བསྒྲགས་དང་ལག་ལེན་བྱེད་ཀྱིན་ཡོད་པ་མ་མཐོང་ངམ།
“སྲིད་དོན་དང་སྤྱི་ཚོགས་ལ་བལྟས་པ་ཡིན་ན་ཁ་ཕྱོགས་གང་འདྲ་ཞིག་ཡིན་པ་ཧ་གོ་གི་ཡོད་པ་མ་རེད” ཟེར་བ་ཅུང་བདེན་ཤས་ཆེ། ལྷག་པར་རྒྱ་གཞུང་ལ་དོགས་པ་དང་གོ་ནོར་ཡོང་གི་ཡོད་རེད་སྙམ། ཡིན་ནའང༌། གཞོན་ནུ་ཚོགས་པས་རང་བཙན་སྐད་འབོད་རྒྱག་གི་ཡོད་པ་དེ་གཞུང་གི་སྲིད་བྱུས་གཅིག་གྱུར་མེད་པའི་རྒྱུ་མཚན་དུ་མི་འགྲོ་བར། དེ་གཞུང་འདི་དམངས་གཙོ་ཅན་ཡིན་པའི་རྒྱུ་མཚན་དུ་བྱས་ན་ཧ་ཅང་འཚམས།
གཉིས། “སོ་སོ་རང་ཉིད་ཀྱི་བསམ་ཚུལ་བཏོན་ཐུབ་ཀྱི་མེད་ན་དེ་དམངས་གཙོ་རིང་ལུགས་པ་མ་རེད། གལ་སྲིད་ྋརྒྱལ་བ་རིན་པོ་ཆེས་ནོར་ཡོད་ན་ཡང་ནོར་འདུག་ཅེས་ལབ་ཐུབ་དགོས་པ་རེད། གྲོས་ཚོགས་ཀྱི་ཐོག་ལ་ྋརྒྱལ་བ་རིན་པོ་ཆེའི་སྲིད་བྱུས་ནོར་བ་རེད་ཅེས་རང་དབང་གི་ཐོག་ནས་གསལ་བོར་གསུང་ཐུབ་ཀི་ཡོད་པ་རེད་པས། མ་རེད”ཟེར། ཁྱེད་ཀྱིས་ཅི་ཡང་མ་གོ་མ་མཐོང་བ་འདྲ། ྋརྒྱལ་བ་རིན་པོས་ནང་ཆོས་ལ་དག་སེལ་གནང་སྟངས་ཐད་ནས་ཡིག་ངག་གཉིས་དང་རྔམ་སྟོན་དང་བཅས་ངོ་རྒོལ་བྱས་དང་བྱེད་ཀྱིན་པ་མ་གོའམ། ལམ་དབུ་མར་ངོ་རྒོལ་བྱེད་མཁན་གཞོན་ནུ་ཚོགས་པ་ཡོད་པ་ལོས་ཤེས། གཞན་ཡང་མི་ཉུང་བ་ཡོད། དཔེར་ན་གསར་ཤོག་འདོན་ཐེངས་འདི་རང་ཐོག་ལའང༌། ཨོཾབོད་རང་བཙན་བྱུང་ན་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ན་སྐྱིད་པའི་དུས་ཤིག་ཚེས།ཧཱུྂཞེས་པའི་གདོང་ཐོག་རིན་པོ་ཆེས་དགག་རྩོམ་གནང་འདུག་པར་གཟིགས་དང༌། ལྷག་པར་དུའང་རང་བཙན་གྱི་ལྟ་བ་འཛིན་མཁན་མི་ཉུང་བ་ཞིག་ལོ་རེ་བཞིན་སྤྱི་འཐུས་དང་ཐ་ན་སྤྱི་འཐུས་ཚོགས་གཙོ་ལའང་སླེབས་ཀྱིན་པ་དང༌། སྔོན་མ་གྲོས་ཚོགས་ནང་དུ་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་པའི་གྲོས་ཆོད་ཀྱང་བཞག་པ་འདི་དག་གིས་དམངས་གཙོའི་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཀྱིན་པའི་རྣམ་པ་ཧ་ཅང་གསལ།
གསུམ། “དབུ་མའི་ལམ་ཟེར་བ་འདིས་བོད་རྒྱ་ཁོངས་ཡིན་ཟེར་གི་ཡོད་རེད”ཟེར། འདི་བསྐུར་འདེབས་མིན་ན་ལོག་རྟོག་རེད། དབུ་མའི་ལམ་ནི་འབྱུང་འགྱུར་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་སྡོད་རྒྱུའི་ཐབས་ལམ་ཙམ་ལས་དེ་ལ་སྔོན་ཆད་ནས་བོད་རྒྱ་ཁོངས་ཡིན་ཚུལ་གྱི་གོ་དོན་ཞིག་གཏན་ནས་མེད་ལ་དེ་འདྲ་ཞིག་ྋགོང་ས་མཆོག་དང་ཁོང་གི་གཞུང་གིས་ནམ་ཡང་གསུངས་མྱོང་མེད།
བཞི། “སྐྱབས་བཅོལ་ནང་ལ་ཡང་བོད་མིའི་འགོ་ཁྲིད་ཚོས་མི་མང་གི་བསམ་བློ་ཁས་ལེན་གྱི་མི་འདུག བྱས་ཙང༌། ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ་ཁོང་ཚོས་རྒྱ་མིའི་དཔོན་པོ་ཨ་རིར་ཡོང་ན་རྔམ་སྟོན་སྐད་འབོད་མ་བྱེད་ཟེར་གི་ཡོད་པ་རེད”ཟེར། དགག་བྱ་དང་དགོས་པ་ངོས་མ་ཟིན་པ་འདྲ། དེ་ནི་མི་མང་གི་བསམ་འདུན་ཁས་མ་བླངས་པ་ཞིག་མ་རེད། གོང་དུ་ཞུས་པ་བཞིན་བོད་མི་མང་ཤོས་དང་གྲོས་ཚོགས་གཉི་གས་ཐག་བཅད་པའི་དབུ་མའི་སྲིད་བྱུས་དེ་ཉིད་མི་དམངས་ཀྱི་མངོན་འདོད་དངོས་ཡིན་པས་གཞུང་གི་མི་སྣས་དེ་རྩ་འཛིན་གནང་གི་ཡོད་པ་རེད། འོན་ཀྱང་ཉུང་ཤས་ཤིག་གིས་སྔར་བཞིན་རང་བཙན་དགོས་ཟེར་གྱི་ཡོད། གལ་ཏེ་ཉུང་ཤོས་ཀྱི་འདོད་པ་དང་བསྟུན་ན་མང་གཙོ་མ་ཡིན་པར་ཉུང་གཙོ་རེད། ལྷག་པར་བཀའ་བློན་ཁྲི་བ་མི་མང་གིས་བསྐོས་པས་མི་མང་ལ་ལམ་སྟོན་སྐད་ཆ་ཤོད་པའི་ཐོབ་ཐང་ཆ་ཚང་ལོས་ཡོད། ཁོང་གི་ལམ་སྟོན་གནང་ཚུལ་འགྲིག་གི་མེད་ན་དེ་དོན་དག་གཞན་པ་ཞིག་རེད། རྩ་བའི་ཆ་ནས་ྋགོང་ས་མཆོག་དང་བཀའ་ཤག གྲོས་ཚོགས་གཉི་གས་བོད་མི་སུ་ཞིག་གིས་རང་བཙན་རྩོད་ཆོག་གི་མ་རེད་ཅེས་བཀའ་བཏང་བ་ཡང་མེད་ལ། གཞོན་ནུ་ཚོགས་པས་སྔར་བཞིན་རང་བཙན་ལྟ་བ་བཟུང་ནས་ལས་འགུལ་གང་ཐུབ་རེ་སྤེལ་གྱིན་པ་རེད། འདི་ནི་དམངས་གཙོ་ཡིན་པའི་རྟགས་ངོ་མ་རེད་ལ། ད་དུང་བོད་རང་བཙན་གྱི་ལས་འགུལ་ཚར་མེད་པའམ་མཚམས་བཞག་མེད་པའི་མངོན་རྟགས་ཤིག་ཀྱང་རེད། ཕྱོགས་གཞན་ཞིག་ནས་ད་ལྟ་བོད་རྒྱ་ཞི་མོལ་གྱི་སྔོན་འགྲོ་འགོ་ཚུགས་ནས་ལས་རིམ་འགྲོ་བཞིན་པའི་སྐབས་ཡིན་པས་ང་ཚོས་ངོས་ནས་རེ་ཞིག་ངོ་རྒོལ་སོགས་མ་བྱས་པར་གཞུང་དམངས་གཉི་གའི་ངོས་ནས་ཞི་མོལ་བྱེད་འདུན་གྱི་རྣམ་འགྱུར་གསལ་བོ་ཞིག་སྟོན་ཐུབ་པ་སོགས་ཀྱི་དགོས་པར་གཟིགས་ནས་ངོ་རྒོལ་མ་གནང་རོགས་ཞེས་འབོད་བསྐུལ་ཙམ་ཞུས་པ་མ་གཏོགས་བཙན་བཀའ་བཏང་བ་ཞིག་མ་རེད།
ལྔ། “ྋརྒྱལ་བ་རིན་པོ་ཆེ་དང་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོས་བོད་རང་བཙན་དགོས་ཀྱི་མེད་ཅེས་ལན་མང་པོ་བརྒྱབ་ཚར་སོང༌། དེ་འདྲ་ཡིན་ཙང་རྒྱལ་སྤྱིའི་མིག་ནང་བོད་རང་བཙན་ཟེར་བ་འདི་དྲང་བདེན་གྱི་ལས་འགུལ་ཞིག་མ་རེད། དེ་ཐལ་སྤྱོད་པ་དག་གི་ལས་འགུལ་རེད། ད་བོད་རང་བཙན་གྱི་འཐབ་རྩོད་དེ་ཕལ་ཆེར་ཚར་སོང”ཟེར། ཐུགས་ཕམ་མ་གནང༌། ང་ཚོས་བོད་རང་བཙན་དགོས་ཟེར་བ་དེ་ཐོབ་ཐང་མེད་པའི་ཐོབ་ཐང་ཞིག་རྩོད་ཀྱིན་པ་དང༌། མི་འོས་པ་མ་རབས་པའི་འཐབ་རྩོད་ཅིག་ཏུ་ཐོག་མཐའ་བར་གསུམ་དུ་བསམ་མྱོང་མེད་ལ་བཤད་མྱོང་མེད། དེ་ང་ཚོས་བརྩོན་ལེན་བྱེད་དཀའ་བ་ཞིག་ཡིན་པ་དང༌། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་གཙོ་བོའང་བོད་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཐུབ་པ། བདེ་སྐྱིད་ཡོད་པ་ཞིག་བྱུང་ན་བསམ་པ་ལས་མཐའ་གཅིག་ཏུ་རང་བཙན་ཁོ་ནར་ཤི་འཐབ་བྱ་རྒྱུ་དེ་མ་རེད། དེ་བས་ང་ཚོས་ཐོབ་ཐང་ཆེ་ཤོས་ཀྱི་རང་བཙན་བློས་བཏང་ནས་ཐོབ་ཐང་འབྲིངཙམ་ཞིག་ལ་རེ་བ་བྱེད་པ་ཡིན་པས། རྒྱལ་སྤྱིའི་ཐོག་ནས་ཀྱང་ཐོབ་འོས་པ་འདིར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོང་རེ་གནང་བ་ལས་སུ་ཞིག་གིས་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་ནའང་དེ་ང་ཚོའི་རེ་བ་ལས་ལྷག་པ་ཞིག་ལ་རྒྱབ་སྐྱོར་གནང་བར་ངོས་འཛིན་བྱེད་པ་ལས་ཐལ་སྤྱོད་པ་ཞིག་གམ། ལྷག་པར”རང་བཙན་དགོས་མཁན་རྣམས་བོད་ཀྱི་དགྲ་བོ་ཡིན་ཞེས”ཤོད་མཁན་ཞིག་རྒྱ་ནག་དམར་གཞུང་ལས་ད་བར་གོ་ཡང་མ་མྱོང་ལ་བསམ་ཡང་མ་མྱོང༌།
དྲུག “སྐྱབས་བཅོལ་བོད་མིའི་ལས་འགུལ་དེ་ག་རེ་རེད། ལས་འགུལ་གྱི་ཁ་ཕྱོགས་མེད་པ་ཆགས་སོང༌། ད་དམངས་གཙོ་རིང་ལུགས་པའི་ལས་འགུལ་མ་རེད། རང་བཙན་འཐབ་རྩོད་མ་རེད། སྐྱབས་བཅོལ་སྲིད་གཞུང་གི་ལས་བྱེད་ལ་ལས་ཀ་བཟོ་བའི་ལས་འགུལ་མ་གཏོགས་གང་ཡང་མ་རེད།” ཟེར། སྐུ་ཞབས། ཧ་ཅང་ཐལ་སོང༌། འོ་ན་ད་བཙན་བྱོལ་གཞུང་འདི་བོད་གཞིས་བྱེས་གཉིས་ལ་ཕན་ཐོགས་གང་ཡང་མེད་པ་ཞིག་དང༌། འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་ཁོང་ཡང་ཐ་མར་གང་ཡང་མ་ཐོབ་པའི་བླུན་རྨོངས་རང་གནོད་པ་ཞིག་ཏུ་གྱུར་བ་མིན་ནམ། སྐྱབས་བཅོལ་གཞུང་གིས་ཆབ་སྲིད་ཐད་ནས་མུ་མཐུད་དུ་དབུ་མའི་ལམ་ན་ལས་འགུལ་སྤེལ་གྱིན་ཡོད་ལ། ཤེས་ཡོན་དང་དཔལ་འབྱོར་བཅས་ཀྱི་ཐད་ནའང་སྔོན་ལས་ལྷག་པའི་འཆར་གཞི་དང་ལག་ལེན་གནང་བཞིན་ཡོད། ྋགོང་ས་མཆོག་དང་གཞུང་དམངས་ཚང་མས་ཕྱི་ནང་ཚང་མར་བོད་དོན་དྲིལ་བསྒྲགས་གང་ཐུབ་གནང་བར་བརྟེན་བོད་ནང་ལའང་ལས་སླ་བོར་གཏོར་བརླག་ཚབས་ཆེན་མ་བྱུང་བར་གནས་ཐུབ་ཙམ་བྱུང་ཡོད་ལ། ལྷག་པར་འཚོ་གནས་ཐད་ཡར་རྒྱས་འགྲོ་གིན་ཡོད། འདི་དག་གཙོ་བོ་བཙན་བྱོལ་གཞུང་དང་རྒྱལ་སྤྱིའི་རོགས་མགོན་གཉིས་ལ་རག་ལུས་ཡོད། བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཀྱི་ཡོང་ཁུངས་དམངས་གཙོའི་འགྲོ་སྟངས་འབའ་ཞིག་ཡིན་ལ། གཞུང་དང་ྋགོང་ས་མཆོག་ལ་ཡིག་ངག་གཉིས་ཐོག་ནས་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་བྱུང་ཡོད། དམར་པོའི་ལྟ་བ་དང་རྒྱ་གཞུང་གིས་འདོན་སྤེལ་དང་དྲིལ་བསྒྲགས་བྱེད་ཀྱིན་པའི་དེབ་ལ་སོགས་པ་ག་རེ་ཡིན་ཡང་ཉོ་འཚོང་དང་ལྟ་ཀློག སྨྲ་བརྗོད་ཚང་མ་རང་དབང་ཡིན། ཐ་ན་ལ་ལས་བརྟག་དཔྱད་མ་བྱས་པར་བསམ་ཚུལ་ཙམ་བཀོད་ནས་ཀྱང་སྤྱི་སྒེར་ཚོགས་པ་དག་ལ་ཚགས་པར་ཐོག་རྩོམ་ཡིག་བྲིས་ནས་སྐྱོན་བརྗོད་བྱེད་པ་མཚམས་མ་ཆད་པར་ཡོང་བཞིན་པ་འདི་དག་གིས་དམངས་གཙོའི་རང་དབང་ཐལ་དྲགས་མེད་དམ་སྙམ་པའི་ཚོར་བ་ཞིག་མི་མི་འོང་པ་ཡ་མཚར།
བདུན། “བོད་མིའི་དབུ་ཁྲིད་ྋརྒྱལ་བ་རིན་པོ་ཆེས་རང་བཙན་མི་དགོས་ཞེས་གསལ་བོ་གསུངས་པ་རེད། བྱས་ཙང་ཁྱེད་རང་བོད་མི་ཚོ་ལ་ལས་འགུལ་ཡོད་པ་མ་རེད། ད་ལྟ་ཚར་སོང༌། ད་བོད་ཀྱི་རྩ་དོན་ཡོད་མ་རེད”ཟེར། དེ་འདྲ་རང་ཨེ་ཡིན། གལ་ཏེ་ཆབ་སྲིད་རྐྱང་པའི་རང་བཙན་ཞིག་འདོད་ཀྱི་ཡོད་ན་ཕལ་ཆེར་དེ་ལྟར་ལབ་ཆོག་མོད། གོང་དུ་ཞུས་པ་བཞིན་འགྲོ་བ་མི་ལ་དགོས་པ་དེ་རང་དབང་གི་བདེ་སྐྱིད་ཅིག་ཡིན་པས་བོད་ལའང་དེ་ཐོབ་རྒྱུར་བརྩོན་པ་ནི་ང་ཚོའི་རྩ་དོན་རེད། ལམ་དབུ་མས་ཀྱང་རྩ་དོན་འདི་དོར་མེད་པ་མ་ཟད་དེའི་ལྷག་ཅིག་ལ་དམིགས་ཡོད།
ཁྱོད་ཀྱི་རྒྱབ་སྐྱོར་དུ་གདོང་ཐོག་ཚང་གིས་ཀྱང་ལམ་དབུ་མ་ནི”བོད་མིང་ཙམ་གྱི་རྒྱ་འོག་རེད། དེ་རྒྱ་མིས་ཁས་ལེན་མི་ཡོང”བའི་ཚུལ་དང༌། དེ་ལས་རང་བཙན་རྩོད་ན”རྒྱ་གཞུང་གིས་བོད་རང་བཙན་ངོས་ལེན་བྱེད་ཤིན་ཏུ་སྲིད་པ་ཞིག”ཡིན་ཚུལ་ཡང་གསུངས་འདུག་པས་ཁྱོད་གཉིས་ཐུན་མོང་ལ་ལན་འདེབས་བྱ་རྒྱུར། ངས་བལྟས་ན་བོད་རང་བཙན་དང་བོད་རྒྱ་གཞུང་གི་མངའ་སྡེ་ཞིག་ཆགས་པ་དེ་གཉིས་ལས་རྒྱ་ནག་ལ་ཁེ་ཕན་གང་ཆེ་དེ་རྩོད་དགོས་པ་ཞིག་མ་རེད། ཁང་བདག་ང་ཡིན་ནའང་དེ་ལོངས་སུ་སྤྱོད་མཁན་ཁྱོད་ཡིན་པ་དེ་འདྲ་ཧ་ཅང་མང་ལ། དེས་སྡོད་མཁན་ཁྱོད་དང་ཁང་བདག་ངེད་གཉི་གར་ཁེ་ཕན་གང་ཞིག་འཐོབ་ཀྱིན་པའང་སུ་ལ་འགྲེལ་བཤད་མི་དགོས། བོད་འདི་རྒྱ་གཞུང་གི་མངའ་སྡེ་ཞིག་བྱས་ནས་བསྡད་ན་མ་མཐར་ཡང་ཀྲུང་གོའི་ཁྱིམ་ཚང་ཆེན་པོ་ཁ་འཐོར་དུ་མི་འགྲོ་བར་ཕན་ཚུན་རོགས་རམ་མཉམ་གནས་ཀྱིས་སྤྱི་ཚོགས་ཡར་རྒྱས་དང་རྒྱལ་མཚམས་བརྟན་སྲུང་བཅས་ལ་དགེ་མཚན་ཧ་ཅང་ཆེ། དེས་ན་ཁྱེད་ཅག་གིས་ཀྱང་རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་པ་འདི་ཁོ་རང་ཚོའི་ཁེ་ཕན་ཆེ་ཤོས་ཤིག་གི་ཆེད་དུ་ཡིན་པ་ངོས་ལེན་པས། ང་ཚོས་བོད་རང་བཙན་དང་བོད་ཡོངས་ཆིག་སྒྲིལ་གྱི་རང་སྐྱོང་གཉིས་གང་རུང་ཞིག་སྤྲོད་དགོས་པའི་གདམ་ག་སྤྲད་ན་རྒྱ་གཞུང་གིས་རང་ལ་ཁེ་ཕན་གང་ཡང་མེད་པའི་བོད་རང་བཙན་སྤྲོད་རྒྱུ་མིན་པ་བསམ་ཤེས་སུས་ཀྱང་ཚོད་དཔག་བྱ་མི་དགོས་པར་ཐག་ཆོད་པ་ཞིག་རེད། ཡང་ཁྱེད་ཀྱིས། རྒྱ་གཞུང་གིས་བོད་རང་བཙན་ངོས་ལེན་བྱེད་ཤིན་ཏུ་སྲིད་པའི་རྒྱུ་མཚན་དུ། ༡༩༨༩་ལོར་སློབ་མས་རྔམ་སྟོན་ཁྲོམ་སྐོར་བྱས་པ་དྲག་གནོན་བྱས་པར་ཨ་རི་སོགས་ནས་སྐྱོན་བརྗོད་པས། “རྒྱ་ནག་ཏང་གཙོ་ནས་དེང་རབས་དམངས་གཙོའི་ལྟ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་དང༌། ཆོས་བྱེད་རང་དབང་བྱུང་ནས་རྒྱ་མི་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་མང་པོ་ཡོད་པར་བརྟེན། དམངས་གཙོའི་འདུ་ཤེས་དང༌། ཆོས་ཀྱི་དད་ཞེན་གང་ཐད་ནས་རྒྱ་གཞུང་གིས་བོད་རང་བཙན་ངོས་ལེན་བྱེད་ཤིན་ཏུ་སྲིད་པ་ཞིག་རེད”ཟེར། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཟེར་བ་དང་ཅང་ཙེ་རྨིན་གྱི”མཚོན་བྱེད་གསུམ” ཧོས་ཅིན་ཐའོ་ཡིས་དེ་རྒྱུན་འཛིན་གྱིས་ཏང་གཙོའི་སྲིད་བྱུས་ཀྱི་ཡིག་ཆ་དང་ཚོགས་འདུ་རབས་དང་རིམ་པ་ཚོགས་ནས་དྲིལ་སྒྲོག་བཞིན་པ་དེ་དེང་རབས་དམངས་གཙོ་ཡིན་ནམ། གུང་ཁྲན་ཏང་ནི་སྔར་བཞིན་ཆོས་ཁས་མི་ལེན་མཁན་ཡིན་ལ་ཧཕ་ལོང་གོང་གི་ཆོས་སྤེལ་བཙན་གནོན་བྱས་པ་དང། ནང་པའི་ཆོས་ཀྱི་གཙོ་འཛིན་ྋརྒྱལ་བ་རིན་པོ་ཆེར་དད་མོས་བྱེད་མི་ཆོག་པ་བཟོས་པ་འདི་དག་གིས་ཆོས་ཁས་ལེན་པ་ལྟ་ཅི་རང་དབང་གི་དད་མོས་ལའང་དོན་དངོས་བརྩི་འཇོག་བྱེད་ཀྱིན་མེད་པས། དགོངས་ཚུལ་དེ་ནི་རྒྱུས་མེད་པའི་རྒྱུས་གཏམ་ཁོ་ན་ལས་མ་འདས། གལ་ཏེ་རྒྱ་ནག་དམངས་གཙོ་ངོ་མ་ཞིག་ཆགས་ཀྱིན་ཡོད་ན་བོད་རྒྱ་ཁོངས་སུ་སྡོད་རྒྱུར་ལྷག་པར་ཕན་པ་ལས་གནོད་པ་མེད།
དེ་བས་རྒྱ་གཞུང་གིས་བོད་རང་བཙན་སྤྲོད་རྒྱུ་ཕར་ཞོག་སྔོན་ནས་རྒྱ་ཁུངས་ཡིན་ཚུལ་ཁོ་ནའི་འཁྱོག་བཤད་བྱས་བསྡད་ཡོད་པ་མ་གོ་བ་ག་ལ་ཡིན། དེ་ནི་རྒྱ་གཞུང་གིས་ཐོག་མཐའ་བར་གསུམ་དུ་འགྱུར་མེད་ཀྱི་སྲིད་ཇུས་ཤིག་ཡིན་པ་ང་ཚོས་གསལ་བོར་ཤེས་དགོས། དེ་བས་འཚེ་མེད་ཞི་བའི་ལམ་ནས་བོད་རང་བཙན་དགོས་ཞེས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་སྟོང་པ་ཡིན་པས། བོད་རང་བཙན་རྩོད་དགོས་ན་གཙོ་བོ་དྲག་པོའི་འཐབ་རྩོད་ཀྱི་རྨང་གཞི་དགོས། བོད་ནང་དུ་ཞི་བའི་ངོ་རྒོལ་ཙམ་ཡང་བྱེད་དཀའ་བས་དུག་སྦྲང་གི་སོ་བཏབ་པ་ལྟ་བུ་རེ་ལས་ནུས་པ་ཅི་ཡང་མི་ཐོན། བཙན་བྱོལ་གཞུང་གིས་དམག་ཇི་ལྟར་རྒྱག་རྒྱུ། ཨ་མེ་རི་ཀས་དམག་རོགས་བྱེད་དམ། རྒྱ་གར་གྱིས་ང་ཚོ་སྡོད་དུ་འཇུག་གམ། དོན་ངོ་མ་ང་ཚོར་རོགས་མགོན་སུ་ཞིག་གིས་བྱེད། བོད་ཀྱི་ཆེད་དུ་འཇིགས་སུ་རུང་བའི་འཛམ་གླིང་འཁྲུག་ཆེན་གསུམ་པ་ཞིག་སུས་ཀྱང་སློང་འདོད་མེད་ལ་སློང་དགོས་དོན་ཡང་མེད། ད་ལྟ་རྒྱ་གཞུང་གིས་བོད་ལ་ལྕགས་ལམ་བཟོས་ནས་བོད་ཟ་རྒྱུའི་ཁ་ཆེན་པོ་གདངས་ཚར་བ་རེད། བོད་ནང་ལ་བོད་ཀྱི་རིག་གཞུང་ཉམས་ཆག་སོང་ཡོད། ད་མུ་མཐུད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་སླེབས་ཚར་བ་རེད། དེ་བས་ས་གནས་མི་རིགས་རང་སྐྱོང་ཚད་མཐོ་ཞིག་ཐོབ་ན་མ་མཐར་ཡང་ཚེ་ཐག་རིང་དུ་བསྲིང་རྒྱུའི་སྐལ་བ་ཞིག་ལྡན་པ་རེད། དེ་བས་དབུ་མའི་ལམ་འདི་ཕྱོགས་གཅིག་ནས་ང་ཚོ་འུ་ཐུག་པའི་ཐབས་བྱུས་ཤིག་རེད་ལ། ཡང་ཕྱོགས་གཞན་ཞིག་ནས་འཛམ་གླིང་ཞི་བདེའི་ཁྱིམ་ཚང་གཅིག་ཏུ་བསྒྲིལ་རྒྱུའི་སྒོ་མོ་ལྟ་བུའི་ཆེས་རླབས་ཆེ་བའི་དགེ་མཚན་གྱི་རང་བཞིན་ཅན་ཞིག་ཀྱང་ཡིན།
གལ་ཏེ་རྒྱ་གཞུང་གིས་ལམ་དབུ་མ་ཡང་རྦད་དེ་ཁས་མ་བླངས་པ་དང༌། ཡང་ན་ལམ་དབུ་མ་ཁས་བླངས་ཀྱང་སྔར་བཞིན་ནམ་དེ་ལས་སྡུག་ཏུ་སོང་བ་ཞིག་ཆགས་ན་བོད་མི་རིགས་ཀྱིས་སླར་ཡང་ཞི་དྲག་གི་ངོ་རྒོལ་གང་ཞིག་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་ལས་ཐེངས་གཅིག་ལ་བོད་མིའི་སྐུ་དབང་ྋརྒྱལ་བ་རིན་པོ་ཆེར་ཕུལ་བ་དེ་ནས་བཟུང་མི་རབས་ནས་མི་རབས་ཐམས་ཅད་དུ་དེ་རང་ལས་འགྱུར་བ་འགྲོ་མི་ཆོག་པའམ་མི་འགྲོ་བའི་ལོ་རྒྱུས་རྟག་པ་ཞིག་ཀྱང་ཡོང་མི་སྲིད་པས། བོད་ཀྱི་རྩ་དོན་མེད་པར་གྱུར་བའམ་བོད་མི་རིགས་ལ་ལས་འགུལ་གང་ཡང་རྩོམ་རྒྱུ་མེད་པར་ཤི་སོང་བ་ཞིག་ཡིན་མིན་རིམ་པས་འཛམ་གླིང་གིས་མཐོང་རྒྱུ་ཞིག་རེད།
བརྒྱད། “མི་མང་པོས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་ལ་རང་བཙན་ཉར་ཡོད་རེད་ཟེར་གི་ཡོད། དེ་འདྲ་ཡིན་ན་འགལ་བ་ཆེན་པོ་རེད། དེ་འདྲ་ཡིན་ན་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་འཕགས་པ་སྤྱན་རས་གཟིགས་ཀྱི་ཡང་སྲིད་ྋརྒྱལ་བ་རིན་པོ་ཆེ་ཡང་དྲང་བདེན་གསུང་མཁན་ཞིག་མ་རེད”ཟེར། འདི་ཧ་ཅང་བདེན། ཁྱེད་རང་གིས་ཕལ་ཆེར་དེར་ཡིད་ཆེས་གནང་གིན་མེད་པ་འདྲ། དེ་འདྲ་ཡིན་ན་ང་གཉིས་བསམ་ཚུལ་མཐུན་པ་རེད། རྒྱ་གཞུང་དང་སྲིད་དོན་པ་མཁས་པ་དེ་འདྲར་རྣམ་རྟོག་དེ་འདྲ་ཡོང་གི་ཡོད་པ་ཙམ་དུ་མ་ཟད། ཐ་ན་ང་ཚོའི་སེར་མོ་བ་ཚོའི་ནང་ནའང་དེ་འདྲ་འདོད་མཁན་ཡོད། འོན་ཀྱང་ཁྱད་པར་ཅུང་ཡོད་པ་ནི་ཁོང་ཚོས་དེ་ནི་ཐབས་མཁས་ཐུགས་རྗེའི་མཛད་པ་ཡིན་ཚུལ་གྱི་འགྲེལ་བརྗོད་གནང་ཚུལ་ཙམ་རེད། ྋརྒྱལ་བ་རིན་པོའི་དགོངས་གཞི་ནི་བསྟན་འགྲོ་སྤྱི་ཡིན་པ་ལས་མི་རིགས་ཤིག་མིན་ལ་བོད་ལ་བདེ་སྐྱིད་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐུབ་ནས་འཛམ་གླིང་ཞི་བདེར་ཕན་ཐོགས་ཤིག་སྒྲུབ་ཐུབ་ན་དེས་ཆོག་ལ། དེ་འདྲ་ཞིག་འོང་བར་ངེས་པར་རང་བཙན་ཞིག་དགོས་པའང་དགོངས་ཀྱི་མེད་པ་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་ལས་གསལ་རྟོགས་ཐུབ་ནའང་ད་དུང་དོགས་པ་བྱས་ནས་རྒྱ་གཞུང་ལ་དོགས་གཞི་སློང་བར་རོགས་འདེགས་བྱེད་མཁན་རང་རིགས་ཀྱང་མི་ཉུང་བ་རེ་འདུག་པ་ནི་བློ་ཕམ་གྱི་གནས་ཤིག་རེད།
མཐར། སྐུ་ཉིད་ཀྱི་རེ་བ་ནི་ང་ཚོས་རང་བཙན་ཁོ་ན་རྩོད་ལེན་བྱེད་དགོས་པ་དང༌། དེ་དོར་བས་ཉིད་ལ་བློ་ཕམ་ཆེན་པོ་བྱུང་བའི་ཚོར་བ་མ་ནོན་པར་ཚིག་ཐལ་ཆ་ཆེ་བ་རེ་ཤོར་བའང་ཡིན་སྲིད་པས། གོང་དུ་ཞུས་པ་བཞིན་ང་ཚོའི་རེ་བ་ལས་ལྷག་པའི་རྒྱབ་སྐྱོར་གྱི་དགོངས་ཚུལ་དེ་ལ་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །
ཨ་རོ། ཁྱེད་ཀྱིས་ཟེར་ན་རྒྱལ་བ་རིན་པོ་ཆེ་སངས་རྒྱས་ཤིག་ཡིན་པ་དང་ཁོང་གི་མཛད་པ་གཙོ་བོ་དེ་འགྲོ་བ་ཀུན་གྱི་བདེ་སྡུག་ལ་ལྟ་སྐྱོང་གནང་རྒྱུ་རེད་ཟེར་སྐད། དེ་ཡིན་ན་འགྲོ་བ་མང་པོའི་བདེ་སྡུག་གི་ཆེད་ཉུང་ཤས་བློས་གཏོང་དགོས་ཀྱི་ཡོད། དེ་འདྲ་ཡིན་ན་རྒྱ་དུང་ཕྱུར་གྱི་བདེ་སྡུག་ཆེད་བོད་ས་ཡ་དྲུག་བློས་གཏོང་ན་དེ་རྒྱུ་མཚན་རེད། དེ་ལྟར་བྱས་ན་བསྟན་པའི་ནང་དོན་དང་འགལ་བ་མེད། དེར་བརྟེན་རྒྱལ་བ་རིན་པོ་ཆེས་འགྲོ་བ་མང་པོ་རྒྱ་ཡི་དོན་བོད་བློས་གཏོང་བ་གནང་རྩིས་འདྲ་ཨེ་ཡོད། སངས་རྒྱས་ཁོང་འཁོར་བ་ལ་སྙིང་པོ་མེད་པ་གཟིགས་སྟབས་བོད་ཀྱི་རང་དབང་དེ་ཡང་སྙིང་པོ་མེད་པར་གཟིགས་ཀྱི་ཨེ་ཡོད། ཁོང་སེམས་ཅན་ཀུན་གྱི་མ་ལྟ་བུ་ཡིན་ཙང་ཅིའི་ཕྱིར་བོད་ལ་ཕྱོགས་བཞེན་གནང་གི་ཡོད་དམ། འཚམས་རེ་འདྲི་བ་འདི་འདྲ་ཡིད་ལ་ཡོང་བཞིན་འདུག
ཟུར་བལྟ་ལགས།
ཁྱེད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་དགག་ཕྱོགས་ཀྱི་ལྟ་བ་ཞིག་བཟུང་མེད་དམ་སྙམ། གང་ལྟར། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་ཕ་མ་ལྟ་བུ་ཞིག་ཡིན་པ་རེད། དྲིན་ཆེན་ཡིན་པ་འདི་བརྗེད་མི་རུང་བ་མ་རེད་དམ།
དགེ་འདུན་ལགས།
ངས་གང་ཟག་དང་དངོས་པོ་ཚང་མའི་ཡོན་ཏན་དང་སྐྱོན་ཆ་གཉིས་ཀ་མཐོང་ཐུབ་པ་བྱེད་ཀྱི་ཡོད། རྒྱལ་བ་རིན་པོ་ཆེའི་ཡོན་ཏན་དག་ཀྱང་གསལ་པོ་མཐོང་ཐུབ་ཀྱི་འདུག དེ་ཚང་མས་ཤེས་ཀྱི་འདུག ཁོང་བོད་མིར་བཀའ་འདྲིན་ཆེན་པོ་རེད། དེ་དག་བརྗེད་ཐབས་མེད། ཡིན་ནའི་ཁོང་འཛམ་གླིང་གི་མགོན་སྐྱབས་རེད་ཟེར་བའི་དོན་འདིར་རྙོག་འདྲ་ཏོག་ཙམ་འདུག དེ་དག་ལ་འདྲི་བ་འདོན་བཞིན་ཡོད།
ངའི་རེ་བར་ཁོང་ནས་འཛམ་གླིང་གི་མགོན་སྐྱབས་ཟེར་བའི་གོ་གནས་དེ་མ་ལེན་པར་བོད་མིའི་མགོན་སྐྱབས་གནང་ནས་ཁོང་མ་གཤེགས་གོང་བོད་མིའི་རང་དབང་དེ་སླར་གསོ་བྱེད་ཐུབ་ན་ལེགས་པོ་རེད་སྙམ། ཁོང་འཛམ་གླིང་གི་མགོན་སྐྱབས་གནང་བའི་ཉིན་མོ་དེ་ནས་བོད་མིའི་དོན་ཤོར་འགྲོ་གི་རེད་སྙམ།