འཇིགས་མེད་བཀྲ་ཤིས་ཀྱིས།
————-
༄༅།། བོད་དོན་བདེན་མཐའ་གསལ་ཞེས་པའི་ཚིག་འདིའི་གསལ་ལ་བསལ་དང་སེལ་འབྲི་མཁན་ཁ་ཤས་ཡོང་གི་འདུག དེ་ནི་ གསར་འགོད་པ་རེ་ཟུང་དང་ཟིན་བྲིས་པ་འགའ་ཤས་ཀྱིས་གསར་ཤོག་དང་དྲ་རྒྱ་སོགས་ཀྱི་ཐོག་འབྲི་བཞིན་པ་ཡང་ཡང་མཐོང་། དེ་ཚོ་མཐོང་དུས་གསར་འགོད་པ་དང་ཟིན་བྲིས་པ་འདི་དག་གིས་ཚིག་འདིའི་གོ་དོན་ཡང་ཇི་བཞིན་ཤེས་ཀྱི་མི་འདུག་སྙམ་དུ་མཚར་སྣང་འདྲ་ཞིག་སྐྱེས་བྱུང། ཉེ་ཆར་གནས་ཚུལ་ཞིག་གིས་དེ་ཚོ་ནི་ཅི་ཡང་མིན་པར་དེ་ལས་ལྷག་པའི་མཚར་སྣང་སྐྱེ་དགོས་པ་ཞིག་བྱུང་སོང།
དེ་ནི་ཉེ་ཆར་བོད་གཞུང་ཟློས་གར་ཁང་དུ་ཚོགས་པའི་བཀའ་བློན་ཁྲི་པའི་སྐོར་གྱི་བགྲོ་གླེང་སྐབས། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀས་དེའི་སྐོར་འགྲེལ་བཤད་ཁྱད་མཚར་ཞིག་བསྐྱོན་པ་དེ་རེད། ཁོང་གཉིས་ཀས། སྔར་བོད་རང་དབང་རང་བཙན་ཡིན་པ་དེ་བདེན་པ་དང། ད་ཆ་བོད་རྒྱ་མིས་བཙན་བཟུང་བྱས་ནས་ཡོད་པའང་བདེན་པ་ཡིན་པ་སོགས་བདེན་པ་ཁ་ཤས་བགྲངས་མཐར། བདེན་པ་འདི་དག་ང་ཚོས་རྩོད་དེ། མཐར་ང་ཚོའི་དཀའ་ངལ་རྣམས་ཕར་བསལ་བ་དེ་ལ་བདེན་མཐའ་བསལ་ཟེར་ཞེས་གསུངས་སོང། ཁོང་གཉིས་ཀས་བདེན་མཐའ་གསལ་བའི་གསལ་ནི་བ་བསལ་གྱི་དོན་དུ་ཧ་ཅང་གསལ་པོ་བྱས་ན་བཀྲལ་སོང། དེ་གོ་བ་དང་སེམས་ལ་ཡ་མཚན་གྱི་སྣང་བ་སྔར་བས་ཆེ་བ་ཞིག་སྐྱེས། ད་བར་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་བོད་དོན་བདེན་མཐའ་གསལ་བ་ཞེས་པའི་ཚིག་འདི་གསུང་བཤད་ཁག་གི་སྐབས་མཎི་སྐྱོར་སྐྱོར་གསུང་གི་ཡོད་ལ། བཅའ་ཁྲིམས་དང་༸གོང་ས་མཆོག་གི་བཀའ་སློབ་གསུང་འཕྲིན་གྱིས་གཙོས་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་རྒྱུན་དུ་བདེན་མཐའ་གསལ་ཞེས་འཁོད་ཡོད་པ་མ་གཟིགས་པ་ག་ལ་སྲིད། འོན་ཀྱང་ཁོང་གཉིས་ཀས་དོན་དངོས་སུ་བདེན་མཐའ་གསལ་ཞེས་པའི་ཚིག་དོན་ཇི་བཞིན་མཁྱེན་མི་འདུག་ཨ་སྙམ་པ་བྱུང།
འདི་དག་གི་འཁྲུལ་གཞི་ནི་ཕལ་ཆེར། བོད་རྒྱའི་དཀའ་རྙོག་སེལ་ཞེས་པ་དང། བོད་དོན་འཐབ་རྩོད་ཀྱི་དཀའ་ངལ་སེལ། བོད་ཀྱི་གནད་དོན་སེལ་ཞེས་པ་འདི་ཚོ་ལ་བརྟེན་ནས་འཁྲུལ་གྱི་ཡོད་པ་འདྲ། འདི་དག་གི་མཐའ་མའི་སླེབས་ས་ནི་གཅིག་ཡིན་པས་དོན་ལ་འགལ་བ་ཆེར་མེད་པ་ལྟ་བུ་ཡིན་ནའང། ཚིག་ཐ་དད་ལ་འགྲེལ་བཤད་ཀྱང་ཐ་དད་དུ་ཡོད།
དེས་ན་བདེན་མཐའ་གསལ་ཞེས་པའི་གོ་དོན་ནི། ལོ་རྒྱུས་དང་དངོས་དོན་གཉིས་ཆ་ནས་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བདེན་པ་ཡིན་ནའང་། རྒྱ་ནག་གིས་དཔུང་སྟོབས་ཀྱི་ཐོག་ནས་བོད་བཙན་བཟུང་བྱས་པར་མ་ཟད། བོད་ཀྱི་བདག་དབང་ནི་སྔ་མོ་ནས་རྒྱ་ནག་ལ་ཡོད་ཚུལ་བཤད་དེ། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་ཀྱང་དེ་ལ་ངོས་ལེན་བྱས། དེར་བརྟེན། བོད་མི་རྣམས་ལ་བདེན་པ་ཡོད་ནའང་བདེན་པ་དེ་འཛམ་གླིང་ཐོག་གསལ་པོ་བཟོ་མ་ཐུབ་པས་ད་ཆ་བོད་མི་རྣམས་དཀའ་ངལ་འོག་ཚུད་ཡོད། འོན་ཀྱང་བདེན་པ་ལ་ནམ་ཡང་འགྱུར་བ་མེད་པས། ང་ཚོས་བདེན་པ་བདར་ཏེ་རྩོད་པ་བྱས་ན་ཉི་མ་གཅིག་ང་ཚོའི་བདེན་པའི་གནས་ཚུལ་འདི་གསལ་པོ་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་ད་ལྟ་རྩོད་བཞིན་པའི་བདེན་པའི་འཐབ་རྩོད་འདི་ལ་མཐའ་གསལ་རྒྱུ་ཞིག་ཡོང་ངེས་ཡིན་ལ། བདེན་པའི་འཐབ་རྩོད་ཀྱི་མཐའ་གསལ་བའི་ཉིན་མོར་ང་ཚོར་རང་ཡུལ་རང་ལ་དབང་བ་ཡོང་གི་རེད། མདོར་ན། བདེན་པ་རང་ལ་ཡོད་པ་འདི་བདེན་པའི་འཐབ་རྩོད་འདིའི་མཐའ་མཇུག་ཏུ་གསལ་པོ་ཆགས་ཀྱི་རེད་ཅེས་པ་ནི་བདེན་མཐའ་གསལ་ཞེས་པའི་གོ་དོན་རེད། བདེན་པའི་གནས་ཚུལ་ལ་མང་པོ་བགྲང་དུ་ཡོད་པ་ལྟར་ཚང་མ་བགྲང་ཆོག་ཀྱང་གཙོ་བོ་བདག་དབང་གི་བདེན་པ་འདི་ཡིན།
གསལ་བའི་དོན་ནི་དཔེར་ན། ཉི་མ་སྤྲིན་གྱིས་བསྒྲིབས་སྐབས་ཉི་མ་ཡོད་ནའང་མི་གསལ། སྤྲིན་པ་དྭངས་རྗེས་ཉི་མ་གསལ་པོ་ཆགས་ཡོང་བ་ལྟར། ད་ཆ་རྒྱ་མིའི་འཁྱོག་བཤད་དང་དཔུང་སྟོབས་ཀྱི་སྤྲིན་པས་བོད་དོན་བདེན་པའི་ཉི་མ་བསྒྲིབས་ཡོད་པས་འཛམ་བུ་གླིང་པ་རྣམས་ཀྱིས་ཉི་མ་གསལ་པོ་མཐོང་གི་མེད། སྤྲིན་པ་འདི་ལས་གྲོལ་སོང་ན་བདེན་པའི་ཉི་མ་གསལ་པོ་མཐོང་ཡོང། འདི་འདྲ་ཞིག་རེད། བདེན་མཐའ་བསལ་ཞེས་བ་བསལ་དུ་བྲིས་ན། དེའི་གོ་དོན་ཡང་གཞན་ཞིག་ཏུ་འགྱུར་འགྲོ། དེ་ནི་བདེན་པའི་འཐབ་རྩོད་ཀྱི་མཐའ་འབྲས་མེད་པར་བཟོས་པའི་དོན་ཏེ། མཐའ་མཇུག་གང་ཡང་རག་རྒྱུ་ཐོབ་རྒྱུ་མེད་པའི་དོན་དུ་གོ་འགྲོ། དེ་ནི་ང་ཚོར་མི་དགོས་པ་ཞིག་མ་ཡིན་ནམ།
སྤྱིར་གསལ་བ་ནི་མངོན་པར་གྱུར་པའི་དོན་དང། བསལ་བ་ནི་མེད་པར་བཟོ་བའི་དོན་ཏེ་མི་མངོན་པར་བྱས་པའི་དོན་ཡིན་པས་གོ་དོན་ལྡོག་ཕྱོགས་སུ་གྲུབ། ཡང་ན་སྔ་མ་ལ་ཚུར་ཐོབ་པའི་རྣམ་པ་དང་ཕྱི་མ་ལ་ཕར་དོར་བའི་རྣམ་པ་ཞིག་ཡོད་པས། གཞི་བདེན་པ་ལ་སྦྱར་ནས་བཤད་ན། ང་ཚོ་ལ་དགོས་པ་ནི་ཚུར་ཐོབ་པ་དེ་ཡིན་པ་ལས་ ཕར་དོར་བ་དེ་ག་ལ་ཡིན་ཏེ་མ་ཡིན་པས་ན། བདེན་མཐའ་གསལ་བའི་གསལ་ལ་རྣམ་པ་ཀུན་ཏུ་ག་གསལ་འབྲི་བར་མཛོད་ཅིག།།
བོད་ཀྱི་བདེན་མཐའ་གསལ་ཡོང་་་ཟེར་ན་་་ག་་གསལ་་རེད། བོད་ཀྱི་བདེན་མཐའ་བསལ་དགོས་་་་ཟེར་ན་་་བ་་་་བསལ་རེད།
ང་ཚོས་སྒུག་སྒུག་ནས་བསྡད་དེ་མ་འོངས་པ་ན་བོད་ལ་རང་དབང་དང་རང་བཙན་གང་རུང་ཐོབ་སོང་ན་་་བདེན་མཐའ་གསལ་བ་རེད། དེ་མིན་་་་་ང་ཚོས་འཐབ་རྩོད་མང་པོ་བྱས་མཐར་མ་འོངས་པར་བོད་་རྒྱ་ནག་ལས་ལོགས་སུ་བསལ་འམ་དགར་བ་ན་་་་བོད་ཀྱི་བདེན་མཐའ་བསལ་བ་རེད།
དྲ་གྲོགས་ཚང་མ་ལ་བཀྲིས་བདེ་ལེགས་ཞུ།
གོང་དུ་བོད་པ་ལགས་ཀྱིས་བོད་དོན་བདེན་མཐའ་གསལ་དང་བསལ་གཉིས་ལས་ཚིག་འགྲེལ་སྟབས་བདེ་ཞིག་གནང་འདུག ཡིནའང་བདེན་མཐའ་བསལ་ཞེས་པ་དགར་བའི་དོན་དུ་འགྲེལ་ན་ནི་འགྲེལ་ཆགས་པ་མ་མཐོངས། ཚིག་འདི་ལྟ་བུ་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནས་ཚུལ་གནད་འགག་ཅིག་ཏུ་ཐུག་ཡོད་པས་སྐབས་དོན་དང་དངོས་སྐལ་ལ་གཞིགས་ཏེ་ཚིག་དོན་འགྲེལ་བ་ལས། ཁ་བདེ་མགོ་བདེ་འཁྲབ་པས་མི་ཆོག
བོད་པའི་མིང་ཅན་ལ།
ཁྱེད་རང་ཡང་ནོར་འདུག བདེན་མཐའ་བསལ་དགོས་ཟེར་ན་བདེན་མཐའ་མེད་པར་བཟོ་དགོས་ཟེར་གྱི་ཡོད་པ་རེད། དེ་ལྟར་ཟེར་སྲོལ་ཞིག་གང་ན་ཡོད། ལེགས་པར་སོམས་དང། ཁྱེད་ཀྱིས་༼ང་ཚོས་འཐབ་རྩོད་མང་པོ་བྱས་མཐར་མ་འོངས་པར་བོད་་རྒྱ་ནག་ལས་ལོགས་སུ་བསལ་འམ་དགར་བ་ན་་་་བོད་ཀྱི་བདེན་མཐའ་བསལ་བ་རེད།༽ ཅེས་ཟེར། དེ་ལྟར་ན། བསལ་བྱའམ་དགར་བྱ་བོད་རེད་འདུག་མ་གཏོགས་བསལ་བྱ་བདེན་མཐའ་རེད་མི་འདུག་གཱ། དེ་ལ་བོད་བསལ་ཟེར་ན་མ་གཏོགས་བདེན་མཐའ་བསལ་ཟེར་སྟངས་མེད། དོན་སྟེང་ནས་དེ་འདྲ་མེད་ལ། བོད་སྐད་རྣལ་མའི་ཤོད་སྲོལ་ལའང་དེ་འདྲ་མེད། བདེན་མཐའ་གསལ་ཟེར་བའི་སྐབས་ལ་གསལ་བྱ་བདེན་མཐའ་རེད། དེ་ཚིག་དོན་གཉིས་ཆ་ནས་འགྲིག་ཡོད་པ་རེད། ༸གོང་ས་མཆོག་གི་བཀའ་སློབ་ལ་ཡང་ཡང་ལྟོས་དང་གསལ་པོ་ཤེས་ཡོང།
བོད་པ་ལགས། བོད་ཀྱི་བདེན་མཐའ་བསལ་བ་ཞེས་འགྲེལ་ལུགས་ཞིག་ཡོད་ཁུལ་གྱིས་འགྲེལ་བརྗོད་རྫུན་བཟོ་མ་བྱེད་རོགས། སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲང་དགོས་པས་ཁྱོད་ཀྱིས་སྣང་བ་གང་དྲན་དང་ཁ་ནང་གང་ཡོང་འགྲེལ་ན་སྐབས་དོན་ལ་གནོད་པ་ཆེ་བས། ཁྱོད་ཀྱིས་འགྲེལ་ཁུལ་གྱི་ཚིག་འདི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཚིག་འབྲུ་གལ་གནད་ཆེ་བ་ཞིག་ཡིན་པས། ཡོངས་གྲགས་ལུགས་མཐན་གྱིས་འགྲེལ་ནས་ལེགས་པར་སེམས།
རྗེ་བཙུན་བྱམས་པ་མགོན་པོ་ལ་དབུས་མཐའ་རྣམ་འབྱེད་ཟེར་བའི་བསྟན་བཅོས་ཞིག་ཡོད། དེའི་ནང་ན་དབུས་དང་མཐའ་གཉིས་ཁ་ཁ་རེད། དབུས་དེ་གནས་ས་དང་མཐའ་དེ་བསལ་བྱ་རེད། དེ་བཞིན་དུ་བདེན་མཐའ་རྣམ་འབྱེད་ཞིག་དགོས་ན། བདེན་པ་དང་མཐའ་གཉིས་ལ་འགྲེལ་བྱེད་གཅིག་རྒྱབ་ནས། དེ་ནས་བདེན་པ་དེ་གསལ་བྱ་དང་། དེའི་མཐའ་དེ་བསལ་བྱ་མིན་ནམ། མཐའ་འདི་ལ་རྒྱ་ནག་གི་སྲིད་དོན་པ་ཚོས། གཡས་ལྷུང་དང་གཡོན་ལྷུང་ཟེར་ནས་འགྲེལ་བཤད་རྒྱག་གི་ཡོད་པ་དེ་དང་གཅིག་པ་མིན་འགྲོ
བོད་དོན་བདེན་པ་དེ་གསལ་བྱ་དང་། བདེན་པའི་མཐའ་དེ་བསལ་བྱ་འེ་ཡིན་ནམ། སྤྱིར་བཏང་འདིར་བསམ་ཚུལ་ཕུལ་བའི་རྩོམ་ཡིག་འདི་ཡག་པོ་འདྲ་ཞིག་རེད། འོན་ཀྱང་ཐག་གཅོད་བྱས་ནས་བཤད་ཆོག་པ་ཞིག་ནི་འེ་ཡིན་ནམ་བསམ།
དབུས་མཐའ་ནི་དབུས་དང་མཐའ་རེད། བདེན་མཐའ་ནི་བདེན་པའི་མཐའ་རེད་མ་གཏོགས། བདེན་པ་དང་མཐའ་ཟེར་གྱི་མེད། དེ་གཉིས་ག་ལ་འདྲ། སྔ་མ་ནི་དང་སྒྲ་བསྡུས་པ་དང། ཕྱི་མ་ནི་འབྲེལ་སྒྲ་བསྡུས་པ་རེད།
གསལ་ནི་རྒྱན་ཚིག་རེད། གསལ་བྱ་གསལ་བྱེད་ཟེར་བ་ཞིག་ཨེ་ཡོད། བསལ་ནི་བྱེད་འབྲེལ་ལས་ཚིག་་མ་འོངས་པ་དང་འདས་པ་རེད། དེའི་ཕྱིར་བསལ་བྱ་དང་བསལ་བྱེད་ཟེར་ན་འགྲིག་འདུག
བོད་པ་ལགས། སྒྲོན་མེས་འོད་ལ་མཚོན་ནས་བཤད་ན། སྒྲོན་མེས་གཟུགས་གསལ་བར་བྱེད། སྒྲོན་འོད་ནི་གསལ་བྱེད་དང་། གཟུགས་ནི་གསལ་བྱ་ལོས་ཡིན། འོན་ཀྱང་མུན་པ་ནི་བསལ་བྱ་དང་། སྒྲོན་མེ་ནི་བསལ་བྱེད་རེད། དེ་བས་ན་སྒྲོན་མེ་གཅིག་བུ་ལ་བསལ་དང་གསལ་གཉིས་ཀའི་ཆ་ནས་བྱ་ཡུལ་ལ་ལྟོས་ནས་བྱེད་པ་མི་འདྲ་བ་གཉིས་ཡོང་ལོས་ཆོག
དེ་བཞིན་དུ་བོད་པའི་བདེན་པ་ལ་ཡང་བྱེད་པ་དང་བྱ་ཡུལ་མི་འདྲ་བའི་དབང་གིས་གསལ་བྱ་དང་བསལ་བྱ་གཉིས་ཀའི་ཆ་ནས་གོ་བ་མི་འདྲ་བ་གཉིས་ཡོང་ཆོག་པ་ལོས་ཡིན།
ཡང་བསྐྱར་རྣམ་དབྱེ་གསུམ་པ་བྱེད་པའི་དཔེ་བརྗོད་འཇོག་གི་ཡིན། སྒྲོན་མེས་འོད་གསལ། ཡང་སྒྲོན་མེས་མུན་པ་སེལ། ད་དཔེར་བརྗོད་འདི་གཉིས་ཀའི་སྟེང་ནས་བསམ་བློ་ཐོངས། དེ་ནས་རྒྱན་ཚིག་ཟེར་བ་འདྲ་བོ། བྱ་ཚིག་ཟེར་བ་འདྲ་དེ་ནས་ཁྱད་ཚིག་ཟེར་བ་འདྲ་བོ་རང་གི་གང་ཞིག་སེམས་ལ་ཤར་ན་མིང་དེ་ལྟར་ཐོགས། འོན་ཀྱང་དོན་སྟེང་ནས་དེ་གཉིས་ཀ་ལ་བྱ་བ་རེ་དོན་སྟེང་ནས་ཡོད་པ་དེ་ཤེས་ན། དེ་ནས་ནང་དོན་ཐོག་བྱ་བ་དང་བྱེད་པ་སོགས་ཡོད་པ་མཁྱེན་རྒྱུ་རེད།
ཧ་ ཧ་ ཟླ་མེད་ད་ཟླ་མེད་རང་རེད། ཟླ་བོ་མེད་པའི་ཁེར་འདུག་ཅིག་ཡིན་ས་རེད།
སྒྲོན་མེས་འོད་གསལ། ཟེར་བའི་དོན་ཅི་རེད། འོ་ན་་་སྒྲོན་མེའི་འོད་གསལ་་ཟེར་བ་ན་ག་རེ་རེད། དེ་གཉིས་ཀྱི་དོན་ལ་ཁྱད་པར་ག་རེ་འདུག ཁྱེད་ནས་་་་ཡང་སྒྲོན་མེས་མུན་པ་སེལ། ཟེར་བ་ལ་གོ་རྒྱུ་འདུག
འདས་པ་ལ་སྒྲོན་མེས་མུན་པ་བསལ་ཟེར་དགོས།
བོད་པ་དྲིན་ཆེན་པོ། ད་བྱ་བྱེད་གཉིས་ཀྱི་ཁྱད་པར་བཤད་དུས། དུས་གསུམ་ནང་དུ་ཁྲིད་མ་འགྲོ དེ་སྐབས་དོན་མ་རེད། བརྗོད་བྱ་དོན་སྟེང་ནས་ཤོད། དུས་གསུམ་གཟུགས་འགྱུར་མི་འགྱུར་དེ་དམིགས་བསལ་གསལ་བཤད་བྱེད་དགོས་པ་འེ་ཡོད། གཙོ་བོ་སྒྲོན་མེས་མུན་པ་སེལ་དང་སྒྲོན་མེས་གཟུགས་གསལ་གཉིས་ཀྱི་སྟེང་ནས་ཟེར་བ་ཡིན། དཔེ་བརྗོད་དེ་གཉིས་ཀའི་སྟེང་ནས་བྱ་བྱེད་ལས་གསུམ་ལ་ཁྱད་པར་ཕྱེས་ན་དེ་ག་རེད། རྩ་བ་ཤེ་རབ་ན་དུས་གསུམ་དགག་པ་དང་། བྱ་བྱེད་དགག་པ་ལེའུ་ལོག་ཀར་དགར་ཡོད་ཀི༼འགྲོ་འོང་དགག་པ༽ཟེར་ནས་མིང་བཏགས་ཡོད།
སྒྲོན་མེས་མུན་པ་སེལ་དང་སྒྲོན་མེས་གཟུགས་གསལ་གཉིས་ཀ་ཡང་སུམ་ཅུ་བ་ནས་བཤད་པ་ཡིན་ན་རྣམ་དབྱེ་གསུམ་པ་བྱེད་པ་ཡིན་པར་ཁྱད་པར་མེད། རྟགས་འཇུག་ནས་བཤད་པ་ཡིན་ན་བྱ་བྱེད་དགར་རྒྱུ་ཡོད་པ་ཡང་ཁྱད་པར་མེད། བྱེད་པ་ཡང་ཁྱད་པར་མེད། ཁྱད་པར་གཅིག་ཡོད་པ་ནི་བྱ་ཡུལ་གཅིག་བུ་རེད། གཅིག་གི་བྱ་ཡུལ་གཟུགས་རེད། གཅིག་གི་བྱ་ཡུལ་མུན་པ་རེད། དེའི་རྐྱེན་གྱི་བྱ་ཚིག་གཉིས་ཀ་ཡང་མ་འདྲ་བ་ཆགས་འགྲོ་གི་ཡོད་པ་ལོས་ཡིན་ནོ་རིགས་ཀྱི་བུ།
བོད་པ་ལགས།
ཁྱེད་ཀྱི་མཆན།༨ པར།
གསལ་དང་བསལ་གཉིས་ལ་ཁྱད་པར་གནམ་ས་ལྟ་བུ་ཡོད་རེད།
གསལ་ཞེས་པ་ནི་དཔེར་ན་ཀ་འཛིན་མིག་ཤེས་ཀྱིས་གཟུགས་གསལ་བ་དང་བསལ་ཞེས་པ་ནི་ཀ་འཛིན་མིག་ཤེས་ཀྱིས་ཀ་བ་ལ་ཀ་བ་མ་ཡིན་པར་འཛིན་པའི་ལོག་རྟོག་བསལ་བ་ལྟ་བུ་རེད།
དེ་གཉིས་ནམ་ཡང་མཉམ་སྦྱོར་མ་གནང་རོགས།
གསལ་བྱ་དང་གསལ་བྱེད་གཉིས་ལོས་ཡོད།
དཔེར་ན། གསལ་བྱ་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་རྒྱལ་བའི་བསྟན་པ་དང།
གསལ་བྱེད་མཚན་ལྡན་གྱི་སྐྱེ་བུ་དམ་པ་རྣམས་ལྟ་བུ་རེད།དཔེར་ན།
བསལ་བྱ་དང་སེལ་བྱེད།
བསལ་བྱ་ནི་ཀ་བ་ལ་ཀ་བ་མ་ཡིན་པར་འཛིན་པའི་ལོག་རྟོག་དང་།
སེལ་བྱེད་ནི་ཀ་འཛིན་མིག་ཤེས་ཚད་མ་ལྟ་བུ་རེད།
གསལ་བྱ་ནི་དེ་ཡི་སྐབས་ཀྱི་ཀ་བ་དང་གསལ་བྱེད་ནི་ཀ་འཛིན་མིག་ཤེས་ཚད་མ་དེ་ཉིད་རེད།
ཟླ་མེད་དང་།བོད་པ་ལེ་ལེ།
རྣམ་པ་གཉིས་ནས་གོང་དུ་གསུངས་པའི་གནས་ལུགས་ལ་དེ་དེ་བཞིན་དུ་ལགས་སོ་ཟེར་འདོད་ན་ཡང་།
འོག་ཏུ་རྩ་བ་བོར་ཏེ་ཡལ་ག་ལ་འཇུས་དོན་ག་རེ་རེད།
དེ་ན། ངས་འདི་ནས་ཅིག་བཤད་ཡ།
རབ་གསལ་བདེན་པའི་སྒྲོན་མེའི་འོད་ཆེན་གྱིས། །
རབ་བསྒྲིབས་སྨག་གི་རང་དབང་བདེན་པའི་མཐའ། །
རབ་བསལ་བདེན་པའི་ཉི་བཞོན་སྣང་བའི་འོད། །
རབ་ཡངས་ནམ་མཁའི་ཐོངས་སུ་འཆར་བར་ངེས། །
ཆི་མོ་རེད།
འོ་ཡ་མདོ་ལྷ་ཁམས་པའི་དཔེ་བརྗོད་ད་བཞེངས་ཡོད་ཀི་མོ། སུམ་རྟགས་ཤེས་ནོ་དེ་འདྲ་རྒྱུ་ཟིག་མེད་ཀི དགེ་བ་ཟིག་རེད།
ཡང་ལ་སྟོད་བུ་ཐོན་ཐ། ངས་དྲི་བ་ཞིག་བཀོད་དགོས་སོང་། ད་འོ་ན་སོ་སོར་རང་གི་རིག་པའི་ཡེ་ཤེས་ཟེར་བ་དེའི་གསལ་བྱ་གསལ་བྱེད་གཉིས་སོ་སོར་འཇོག་འེ་ཐུབ། གལ་ཏེ་སོ་སོར་བཞག་ན་རང་རིག་ཅི་ལ་ཟེར། སོ་སོར་མ་བཞག་ན་བྱ་བྱེད་གཅིག་ཏུ་ཐལ་བའི་སྐྱོན་འེ་འབྱུང་།
ཀ་བ་འཛིན་པའི་མིག་ཤེས་ཀྱིས་ཀ་མ་ཡིན་འཛིན་པའི་ལོག་རྟོག་སེལ་ཟེར། དབང་ཤེས་ཀྱིས་ལོག་རྟོག་སེལ་ན་ལོག་རྟོག་ཡིད་ཤེས་ཚད་མ་ལ་ལས་ཀ་ཡོད་པ་མ་རེད། དབང་ཤེས་ཀྱིས་ཡིད་ཤེས་ལ་གནོད་པ་འདི་ཡང་ལ་སྟོད་བུའི་ལེགས་བཤད་ལོས་ཡིན། ལ་སྟོད་བུ་འདི་ལ་ལེགས་བཤད་མང་གི་ཡ། ཡིན་ན་ཡང་ཚད་མའི་གཞུང་ལུགས་དང་རྩ་ནས་མི་མཐུན་གི དབང་ཤེས་ལ་ནི་ལོག་རྟོག་མེད། དབང་ཤེས་ཀྱིས་ལོག་རྟོག་སེལ། ཧཧ
གསལ་བ་ཞེས་པའི་ཐ་སྙད་འདི་ལ་གོ་ཕྱོགས་དུ་མ་ཡོད། དཔེར་ན། དཀར་ཞིང་གསལ་བའི་ཟླ་བ། ཞེས་པའི་སྐབས་གསལ་པོ་ཡིན་པའི་དོན། ནམ་གསལ་ནས་ཉི་མ་ཤར། ཞེས་པའི་སྐབས་གསལ་བར་གྱུར་པའི་དོན། ལེའུ་དང་པོའི་ནང་དུ་གསལ། ཞེས་པའི་སྐབས་གསལ་པོར་ཡོད་པའི་དོན་རེད། འདི་ཚོ་ལ་མིང་རེ་དག་ཡིག་གསར་བསྒྲིགས་ལྟར་བཏགས་ན། དང་པོ་ནི་རྒྱན་ཚིག གཉིས་པ་ནི་བྱེད་མེད་ལས་ཚིག གསུམ་པ་ནི་ལས་ཚིག་རྗེས་མཐུན་པ་ཡིན།
དེས་ན། བོད་དོན་བདེན་མཐའ་གསལ་ཞེས་པ་ནི་དེ་གསུམ་གྱི་བར་མ་དང་འདྲ་བས་འདིའི་གསལ་ནི་བྱེད་མེད་ལས་ཚིག་རེད། དེའང་བོད་དོན་བདེན་མཐའ་གསལ་ནས་བཙན་བྱོལ་བོད་མི་རྣམས་རང་ཡུལ་དུ་ལོག ལྟ་བུའི་སྟེང་ནས་དཔྱད་ན། བདེན་མཐའ་གསལ་བར་གྱུར་ནས་སམ་གསལ་པོ་ཆགས་ནས་ཞེས་བདེན་མཐའ་མངོན་པར་གྱུར་པའི་དོན་རེད། ད་དུང་མཚམས་སྦྱོར་ལྷག་བཅས་ཀྱི་སྒྲ་དང་མཉམ་དུ་སྦྱོར་ཐུབ་པ་འདི་འཇུག་ཚུལ་གཞན་པ་གཉིས་ལ་མེད། འདིས་ག་རེ་བསྟན་པ་རེད་ཅེ་ན། བདེན་མཐའ་གསལ་བའི་གསལ་ནི་བྱ་ཚིག་ལས་རྒྱན་ཚིག་མིན་པ་གསལ་པོར་བསྟན་པ་རེད། ད་དུང་༸གོང་ས་མཆོག་གི་བཀའ་སློབ་ནང། བདེན་མཐའ་གསལ་ལ་ཉེ་བ་ཡིན་ཞེས་མང་དུ་གསུངས་པ་འདི་ལ་དཔྱད་པ་བཏང་ནའང་གསལ་པོར་ཤེས་ཐུབ།
མདོ་ལྷ་ཁམས་པའི་ཚིགས་བཅད་ནང་དུ་བ་བསལ་བྲིས་པ་དེས་ཁོ་རང་ཡང་འཁྲུལ་འདུག་པ་གསལ་པོར་མཚོན། ཚིགས་བཅད་དེ་ལ་སྦྱོར་ཚུལ་སྐྱོན་ཅན་དང་དོན་སྐྱོན་ཡང་ཡོད་པ་གསལ་པོར་མི་མཐོང་ངམ། ཚིག་རྐང་དེ་དག་ལ་རང་འགྲེལ་ཞིག་བརྒྱབས་ན་ལྟད་མོ་ལྷང་ལ་འབུད་ངེས་རེད། སུམ་རྟགས་ཤེས་ཟེར་བ་དེ་འདྲ་ཞིག་ཨེ་ཡིན་ནམ། གཞོན་ནུ་ཟླ་མེད་ནས་བསྟོད་པ་ཐལ་དྲགས་འདུག
གཞོན་ནུ་ཟླ་མེད་ལགས།
དབང་ཤེས་ཚད་མས་ལོག་རྟོག་སེལ་བ་མེད་ན།
དབང་ཤེས་ཚད་མས་སྒྲོ་འདོག་སེལ་དང་མི་སེལ།
དབང་ཚད་མས་སྒྲོ་འདོགས་མི་སེལ་ན་ཚད་མས་སྒྲོ་འདོག་སེལ་བར་འདོད་དང་མི་འདོད།
ད་འོ་ན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཀ་འཛིན་མིག་ཤེས་ཀྱིས་ལོག་རྟོག་སེལ་བ་ཡོད་དང་མེད། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཀ་འཛིན་མིག་ཤེས་ཀྱིས་མ་སེལ་བའི་ལོག་རྟོག་ཞིག་ཡོད་དང་མེད། ཧཧཧཧ་དེ་ཡང་རིག་པ་རེད།
ལོག་རྟོག་ཡིད་ཤེས་ཚད་མ་ཟེར་བ་ཞིག་གཞོན་ནུ་ཁྱོད་ཀྱི་གཏམ་ལས་ཐོས་པ་དང་པོ་ཡིན། དེ་འདྲ་ཚད་མའི་གཞུང་ག་ནས་གསུང་འདུག་ཧཧཧ
ལོག་རྟོག་ཡིན་ན་ཡིད་ཤེས་ཚད་མ་མ་ཡིན་པས་ཁྱབ།
དབང་ཤེས་ཀྱིས་ཡིད་ཤེས་ལ་གནོད་པ་ཟེར་བ་ཞིག་ངས་བཤད་མྱོང་མེད།
ད་ག་བ་ཞིག་ན་འཁྲིད་རྒྱུ་ཡིན་ནམ།
གཞོན་ནུ་ཟླ་མེད་ལགས།
[ཡང་ལ་སྟོད་བུ་ཐོན་ཐ། ངས་དྲི་བ་ཞིག་བཀོད་དགོས་སོང་། ད་འོ་ན་སོ་སོར་རང་གི་རིག་པའི་ཡེ་ཤེས་ཟེར་བ་དེའི་གསལ་བྱ་གསལ་བྱེད་གཉིས་སོ་སོར་འཇོག་འེ་ཐུབ། གལ་ཏེ་སོ་སོར་བཞག་ན་རང་རིག་ཅི་ལ་ཟེར། སོ་སོར་མ་བཞག་ན་བྱ་བྱེད་གཅིག་ཏུ་ཐལ་བའི་སྐྱོན་འེ་འབྱུང་]
སྤྱིར་ང་ནི་མདོ་ལུགས་ཀྱི་ཐལ་འགྱུར་བའི་གྲུབ་མཐར་ཞེན་ཁོག་ཡོད་མཁན་ཅིག་ཡིན་པས་རང་རིག་མི་འདོད།
ད་ཁྱོད་ལྟར་ན་རྗེས་དཔག་ཚད་མས་རྗེས་དཔག་ཚད་མ་མ་རྟོགས་ཟེར་ས་རེད།
དེ་བཞིན་ཚད་མས་ཚད་མ་མ་རྟོགས།
རྣམ་མཁྱེན་ཡེ་ཤེས་ཀྱིས་རྣམ་མཁྱེན་ཡེ་ཤེས་མ་རྟོགས།
རང་ངོ་རང་གི་མ་འཕྲོད་ན་དེ་ལྟར་བཤད་ལུགས་ཡོད།
ཐལ་འགྱུར་པའམ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པས་ཐུགས་རྗེ་སེམས་དཔའ་འམ་སེམས་ཙམ་པ་ལ་རང་རིག་དགག་ཚུལ་དེ་ཚོར་གཟིགས་ན་མཁྱེན་ཐུབ།
ཁ་ཆེན་པོ་ཞིག་གདངས་ནས་སྤྱི་འཐུས་ཚོར་ཁ་གཏོང་ཡ་མི་འདུག་གཱ བོད་ཀྱི་བདེན་མཐའ་གསལ་བ་བ་གསལ་དང་ག་གསལ་གང་ཡིན་ཀྱང་བདེན་མཐའ་གསལ་བར་ཕན་ཅི་ཞིག་ཐོག་སོང་། ཅི་ཡང་ཐོག་གི་མ་རེད།
ཡང་ཟླ་མེད་དང་ལ་སྟོད་གཉིས་ཀྱིས་ཚིག་ཟུར་ཙམ་ལ་འཇུས་ཏེ་རྟགས་གསལ་གཏོང་གིན་འདུག འདི་གོང་གི་རྩོམ་ཡིག་དང་ཆེས་ཆེར་རིང་དུ་གྱེས་འདུག་པ་མ་ཟད། བོད་དོན་ལ་ནི་དེ་བས་ཕན་པའི་ཚིག་གཅིག་ཀྱང་མི་འདུག ཡང་སྙིང་བགྲོ་གླེང་ཟེར་ན་འདི་ཞིག་རེད་དམ། ཁྱོད་གཉིས་ཀྱིས་ཁ་སྔོན་མཁར་མེ་བསམ་གཏན་གྱི་བཙན་པོ་ཨུ་དམ་བཙན་གྱི་སྐོར་དྲ་ཐོག་ནས་གླེང་སྐབས་རྩོད་པ་བྱས་པ་དེའི་འཕྲོ་སྐྱོང་གིན་པ་འདྲ།
ནམ་རྒྱུ་ཅིག་གིས་རྩོམ་ཡིག་ཅིག་སྤེལ་ཡོང་དུས། འབྲེལ་མེད་དོན་གཞན་གྱིས་ཚིག་རྩོད་བྱེད་གི་འདུག
ད་ཡིན་ན་ཁྱོད་གཉིས་ཀྱི་གཅིག་གིས་གླེང་གཞི་བཟོས།་དེ་ནས་ཁྱོད་གཉིས་ཁོ་ནས་རྩོད་པ་བྱ་རོགས། བརྗོད་གཞི་གང་གི་སྐོར་ལ་བཤད་རྒྱུ་ཁྱོད་གཉིས་ཀྱིས་གྲོས་བྱོས། དེ་ནས་རྩོད་པ་བྱོས། ང་ཚོས་ལྟ་གི་ཡིན། དེ་མིན་རྒྱུན་དུ་ཅིག་གིས་བྲིས་པའི་རྩོམ་ཡིག་དང་འབྲེལ་མེད་ཀྱིས་དོན་གཞན་ཞིག་ཏུ་འཁྱེར་མ་འགྲོ་ལགས། ཐུགས་རྗེས་གཟིགས་རོགས། ཁོང་གཉིས།
དྲྭ་གྲོགས་གཅན་བཟོད་རྒྱམ་ལགས།
དངོས་ནས་རེད་ཁྱེད་ཀྱིས་གསུངས་པར།
ང་ཡི་མཆན་དེ་ཡིས་
རྒྱབ་པའི་ཁ་ལ་མ་ཕོག།
མ་རྒྱབ་སྣ་ལ་པོག་སོང་བ་རེད།
མ་གཞི་ནས།
རྩེད་མོ་ཁ་ཡི་རྒྱན་རེད།
མེ་ཏོག་སྤང་གི་རྒྱན་རེད་ཅེས་ཤོད་སྲོལ་ཞིག་ཀྱང་འདུག
ང་ཚོའི་དྲྭ་རྒྱ་འདིར་དགེ་བསྐོས་ཆེན་མོ་མེད་པའི་སྐྱོན་རེད།
ཡིན་ནའང་གཞོན་ནུ་ཟླ་མེད་ངེད་གཉིས་ལ་རྩོད་གཞི་ཆེན་པོ་དེ་འདྲ་གང་ཡང་མེད།
བོད་དོན་གྱི་སྟེང་ལ་ང་ཚོ་ཚང་མ་བློ་མཐུན་རེད།
ལུང་དང་རིགས་པ་ལས་སོགས་ཀྱིས་འཆད་རྩོད་རྩོམ་གསུམ་བྱེད་པ་དག་ཀྱང་བོད་དོན་རང་རེད།
དེ་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབས་ཟེར་བ་མ་ནི་བགྲང་བགྲང་བྱེད་པའི་གླེང་གཞིའི་གཙོ་བོ་ཞིག་ཀྱང་རེད་འདུག་གོ།
ཞུས་ཕྱོགས་ལ་ནོར་བ་ཡོད་ན།
གསན་ཕྱོགས་ལ་ནོར་བ་མེད་པ་གནང་རོགས།
ཐུགས་ལ་མི་ཕོག་པ་གནང་རོགས།
ཨོ་ཡ། འཇིགས་མེད་བཀྲ་ཤིས་ཀྱི་མགོ་བོ་ད་དུང་ཡང་ནག་ཁུང་ཞིག་གི་ནང་ན་བསལ་དང་གསལ་གཉིས་གསལ་བོ་ཞིག་མཐོང་གི་ཡོད་ས་མ་རེད། ངས་གློག་སྒྲོན་ཞིག་སྦར་ནས་ཁྱེད་ཀྱི་དོགས་པ་དེ་བསལ་ཨེ་ཐུབ་བལྟས་ཆོག་མོད། ཅིག་བྱས་ན་ཁྱེད་ཀྱི་ནག་ཁུང་དེ་མིག་གིས་མ་མཐོང་བའི་ནག་ཁུང་ཞིག་མ་ཡིན་པར་སེམས་ཀྱིས་མ་མཐོང་བའི་ནག་ཁུང་ཞིག་ཡིན་ས་རེད།
མ་ཟད།ངའི་ཚིག་བཅད་དེ་ལ་རང་འགྲེལ་ཞིག་བརྒྱབས་ན་ཚིག་སྐྱོན་ལྷང་ལ་འབུད་ངེས་རེད་ཟེར། དེ་ན་ངས་ཁྱེད་ཀྱི་རེ་བ་ལྟར་ཚིགས་བཅད་དེ་ལ་ཚིག་འགྲེལ་ཞིག་འབྲི་ཆོག
རབ་གསལ་བདེན་པའི་སྒྲོན་མེའི་འོད་ཆེན་གྱིས།།
རབ་བསྒྲིབས་སྨག་གི་རང་དབང་བདེན་པའི་མཐའ།།
རབ་བསལ་བདེན་པའི་ཉི་གཞོནསྣང་བའི་འོད།།
རབ་ཡངས་ནམ་མཁའི་ཐོངས་སུ་འཆར་བར་ངེས།།
རབ་ཏུ་སྟེ་ཤིན་ཏུ་གསལ་བའི་བདེན་པའི་སྒྲོན་མེ་ཡི་འོད་ཆེན་པོས་ནི། རབ་ཏུ་བསྒྲིབས་པའི་སྨག་རུམ་གྱི་ཀློང་ན་གནས་པའི་བོད་ཁ་བ་གངས་ཅན་པའི་རང་དབང་གི་བདེན་པའི་གནས་ལུགས་དེ་བཞིན་རྒྱ་ནག་དམར་པོའི་གཞན་དབང་གི་ཡུལ་ནས་རང་དབང་གི་གནས་ལ་འགོད་པའི་བདེན་པའི་ཆོས་ཉིད་ཀྱི་མཐའ་དེ་ལས་ལོགས་སུ་རབ་ཏུ་བསལ་ནས་སོ་སོ་རང་དབང་གི་བདེན་པའི་སྐྱིད་པའི་ཉི་མ་གཞོན་ནུའི་སྣང་བའི་འོད་ཟེར་དམར་པོ་ནི་ནམ་ཞིག་ནམ་མཁའི་ལམ་ནས་ཤར་བར་ངེས་སོ་ཞེས་པའོ།
སླར་ཡང་དཔེ་བརྗོད་ཅིག
ཤིན་ཏུ་གསལ་པའི་ཉི་མའི་འོད་ཟེར་གྱིས།།
ཤིན་ཏུ་སྟུག་པའི་མུན་པ་བསལ་བྱས་ནས།།
ཤིན་ཏུ་ཡངས་པའི་ནམ་མཁའི་དབྱིངས་སུ་ནི།།
ཤིན་ཏུ་མཛེས་པའི་འཇའ་མཚོན་རྣམ་པར་བཀྲ།།
ད་རེས། གསལ་དང་བསལ་གཉིས་ཀྱི་གོ་བའི་གཏིང་ལོན་ཡོད་པའི་རེ་བ་ཡོད།
ལ་སྟོད་བུ་ཡིས་གསུང་ལན་སེམས་ལ་འབབ་པ་ཞིག་གནང་བར་སྙིང་ནས་དགའ།
སྤྱིར་བོད་སྐད་ཡིག་གི་སྟེང་ནས་གླེང་མོལ་དང་དོན་དག་གང་ཞིག་ལ་བགྲོ་གླེང་བྱས་ཀྱང་བོད་སྐད་ཡིག་གི་ཞབས་འདེགས་མ་རེད་ཟེར་བཏུབ།་འོན་ཀྱང་གོང་གི་གཞན་ནུ་ཟླ་མེད་ཁྱོད་གཉིས་ཀྱིས་རྟགས་གསལ་གཏོང་རེས་བྱས་འདུག་པ་འདི་འདྲར་ཐུག་དུས། ཁེར་ཐུག་རྒྱག་དགོས་པ་རེད། དེ་ལྟ་བུའི་ཁེར་ཐུག་རྒྱག་ས་ཁ་བརྡ་གླེང་མོལ་ཁང་འདྲ་བཟོས་འདུག་གཱ དཔེར་ན་ངེད་རང་དབང་དྲ་བར་ཡང་ཁ་བརྡ་གླེང་མོལ་ཁང་གསར་བཟོས་བྱས་ཡོད། འདི་ལྟ་བུའི་སྐབས་སུ་བརྗོད་གཞི་ལོགས་ཀ་ཡིན་པས་གླེང་སའང་ལོགས་ཀར་བྱས་ན་བཟང་གི་སྙམ།
དེ་མིན་ཁྱོད་ཀྱིས་གསུངས་པའི་ཚིག་འདི་འདྲ་ངའི་སེམས་ལ་གནོད་མི་སྲིད་པས་ཁྱེད་བློ་བདེ་མོ་བྱོས་ཤིག
གཅན་བཟོད་རྒྱམ་ལགས།
ངོ་མ་ཁྱེད་ཀྱིས་བཟོད་སྒོམ་ལ་རྗེས་སུ་ཡི་རངས་ཡོད།
ངོ་མ་རེད། ཡིན་ནའང་རྟགས་བསལ་ཟེར་བ་ནི་རྟོག་གེ་བའི་གླེང་མོལ་བྱེད་སྟངས་ཤིག་ལས་འཇིག་རྟེན་ཕལ་པའི་རྩོད་པ་དང་ཅུང་མི་འདྲ་བ་ཞིག་ཡིན།
ཡིན་ནའང་ང་ཚོ་ཚང་མས་བོད་དོན་གྱིས་མཚོན་པའི་གླེང་པར་འོས་པའི་གཞི་དེ་འདྲར་གླེང་མོལ་གནང་ན་དགའ་བསུ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
ཡིན་རྒྱུ་ངས་བསལ་དང་གསལ་གཉིས་ཀྱི་དབར་ལ་ཁྱད་པར་འབྱེད་དགོས་ཀྱིས་མཆན་ཞིག་བཏབས་མོད། དེར་གྲོགས་གཞོན་ནུ་ཟླ་མེད་ཀྱིས་དགག་པ་དང་དྲི་བ་དྲིས་པར་བརྟེན་ངས་གསལ་བཤད་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་ནོ།
བཀྲ་ཤིས་བདེ་ལེགས
མདོ་ལྷ་ཁམས་པར་ང་མཁས་ཁྱོད་བླུན་གྱི་ཚིག་རྩོད་རྒྱག་གི་མིན། དོན་སྟེང་ལ་བབས་ན། ཁྱེད་ཀྱིས་རང་འགྲེལ་དུ། ༼རབ་ཏུ་སྟེ་ཤིན་ཏུ་གསལ་བའི་བདེན་པའི་སྒྲོན་མེ་ཡི་འོད་ཆེན་པོས་ནི། རབ་ཏུ་བསྒྲིབས་པའི་སྨག་རུམ་གྱི་ཀློང་ན་གནས་པའི་བོད་ཁ་བ་གངས་ཅན་པའི་རང་དབང་གི་བདེན་པའི་གནས་ལུགས་དེ་བཞིན་རྒྱ་ནག་དམར་པོའི་གཞན་དབང་གི་ཡུལ་ནས་རང་དབང་གི་གནས་ལ་འགོད་པའི་བདེན་པའི་ཆོས་ཉིད་ཀྱི་མཐའ་དེ་ལས་ལོགས་སུ་རབ་ཏུ་བསལ་ནས་སོ་སོ་རང་དབང་གི་བདེན་པའི་སྐྱིད་པའི་ཉི་མ་གཞོན་ནུའི་སྣང་བའི་འོད་ཟེར་དམར་པོ་ནི་ནམ་ཞིག་ནམ་མཁའི་ལམ་ནས་ཤར་བར་ངེས་སོ་ཞེས་པའོ།༽ཞེས་པ་འདིའི་དོན་ནི་ང་ཙམ་མ་ཟད་མཁས་པ་ཞིག་གིས་ཀྱང་གོ་ས་མ་རེད། ཇི་ལྟར་བྱས་ཀྱང་ཁྱེད་ཀྱི་འགྲེེལ་ཚིག་འདིའི་བརྗོད་དོན་དཀྱུས་གཅིག་ཏུ་འགྲོ་ཐུབ་ཀྱི་མི་འདུག ངས་ཤེས་ཚོད་ཅིག་གི་ཐོག་ནས་འདིའི་ཚིག་གི་ལོ་མ་རྣམས་བསལ་ནས་དཀྱུས་གཅིག་ཏུ་བསྒྲིགས་ན་འདི་འདྲ་ཞིག་འབབ་སྟེ། ༡ བདེན་པའི་འོད་ཀྱིས། ༢ མུན་རུམ་ན་གནས་པའི་བོད་རང་དབང་དེ། ༣ རྒྱའི་གཞན་དབང་ལས་རང་དབང་གི་གནས་ལ་འགོད་པའི་བདེན་པའི་ཆོས་ཉིད་ཀྱི་མཐའ་དེ་ལས་ལོགས་སུ་བསལ་ནས། ༤ རང་དབང་གི་ཉི་མ་འཆར་ངེས། ཞེས་པ་འདི་ལྟར་འབབ། འོན་ཀྱང་འདིའི་དོན་མི་གོ སྐྱོན་གནད་ཆགས་ས་ནི་ཚིག་དུམ་གསུམ་པ་འདི་རེད། ཚིག་དུམ་གསུམ་པ་འདི་གཉིས་པ་དང་ཇི་ལྟར་སྦྲེལ། ཚིག་དུམ་གསུམ་པ་རང་གི་དོན་ཇི་ལྟར་བཤད། ལྷག་པར། ༼བདེན་པའི་ཆོས་ཉིད་ཀྱི་མཐའ་དེ་ལས་ལོགས་སུ་བསལ་༽ཞེས་པ་ལ་ཞིབ་ཏུ་སོམས་དང། བདེན་པའི་ཆོས་ཉིད་ཀྱི་མཐའ་དེ་ལས་ལོགས་སུ་བསལ་བྱ་གང་ཡིན་ནམ། ཕལ་ཆེར་ཚིག་དུམ་གཉིས་པའི་ནང་གི་༼བོད་རང་དབང་དེ་༽ཡིན་པ་འདྲ། དེ་ཡིན་ན། བོད་རང་དབང་དེ་གཅིག བདེན་པའི་ཆོས་ཉིད་ཀྱི་མཐའ་དེ་གཅིག དེ་གཉིས་སོ་སོར་དགར་བའི་དོན་ཡིན་དགོས། དེ་ལྟར་བྱས་ཚེ། མཐའ་དོན། བོད་རང་དབང་དེ་བདེན་པའི་མཐའ་ལས་ལོགས་སུ་བསལ་ཞེས་བརྗོད་འདུག ཅི་ཞིག་ཟེར་གྱི་ཡོད་དམ། བོད་རང་དབང་དེ་བདེན་པའི་མཐའ་ལས་ལོགས་སུ་བསལ་ན། བོད་རང་དབང་དེ་བདེན་པའི་མཐའ་ལས་ལོགས་སུ་འབྲལ་དགོས། བོད་རང་དབང་དེ་བདེན་པའི་མཐའ་དང་བྲལ་ན། བོད་རང་དབང་ངམ་བོད་དོན་འདི་བདེན་པ་མེད་པ་ཞིག་ཏུ་འགྱུར་མི་འགྲོའམ། མཐར། བོད་དོན་འདི་བདེན་པའི་མཐའ་དང་བྲལ། རྫུན་པའི་མཐའ་དང་བཅས། དེ་འདྲ་ཞིག་ཏུ་འགྱུར་དགོས་པ་ནི་ཡིན་རྒྱུ་མ་རེད། ད་ག་རེ་ཆགས་སོང། ལེགས་པར་སོམས་དང། ད་དུང་། ཁྱེད་ལྟར་ན། བདེན་མཐའ་གསལ་ཞེས་པ་འདི་ལ་རྒྱུན་དུ་བདེན་མཐའ་ལས་བསལ་ཞེས་བརྗོད་དགོས་པར་མི་འགྱུར་རམ། མདོ་དོན། བདེན་མཐའ་གསལ་ཞེས་པ་ནི་བདེན་པའི་མཐའ་མངོན་དུ་གྱུར་པའི་དོན་རེད་མ་གཏོགས། བདེན་པའི་མཐའ་ལས་ལོགས་སུ་བསལ་བའི་དོན་གཏན་ནས་མ་རེད། ད་བདེན་མཐའ་གསལ་ཞེས་པའི་ཚིག་དོན་གོ་ཡོད་པའི་རེ་བ་ཡོད། གཞན་ཡང། ༸གོང་ས་མཆོག་གིས་རྒྱུན་དུ་བོད་དོན་གྱི་བདེན་མཐའ་གསལ་ཞེས་དང། བོད་རང་དབང་གི་བདེན་མཐའ་གསལ་ཞེས་འབྲེལ་སྒྲ་སྦྱར་ནས་གསུང་གི་ཡོད་པ་འདིས་ཀྱང་ཁྱེད་ཀྱི་འགྲེལ་ལུགས་དེ་ནོར་བ་གསལ་པོར་བསྟན་མི་འདུག་གམ། ཞིབ་ཏུ་སོམས་དང་དྲ་གྲོགས་ལགས།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་གི་ཚིག་ཀྱང་མ་གོ བོད་ཀྱི་གྲོས་ཚོགས་ཚོགས་གཞོན་མཆོག་གི་གཏམ་བཤད་ཀྱི་ནང་དོན་ཡང་མ་གོ མདོ་ལྷ་ངས་ཚིགས་བཅད་ཐེབ་ཆག་ ཅིག་བྲིས་པའི་གོ་བ་ཡང་མ་ལོན། ཚིགས་བཅད་དེ་ཚིག་ལྷུག་ཏུ་བཏང་ནས་འགྲེལ་བཤད་བྱས་ཀྱང་མ་ཕན།
སོང་ཙང་ངས་བྱིས་སྒྲུང་ཞིག་ཡིད་ལ་དྲན་བྱུང་།
བྱིས་སྒྲུང་དེ་ཡི་མིང་ལ་་་་
ཨོ་དུས་ཚོད་ཟིན་ཚར་འདུག་་འགྲོ་རན་ཤག འཕྲོར་རྗེས་ནས་ཤོད་ཆོག་་་་་་་་་་་་་་་་་་་་་་
མདོ་ལྷ་ཁམས་པས་རང་སྐྱོན་གཞན་འགེབ་བྱེད་ཀྱི་འདུག་གཱ བརྗོད་དོན་དངོས་ཀྱི་སྒང་ལ་ཕེབས་རོགས།
འཇིགས་མེད་བཀྲ་ཤིས།
ཁྱེད་ཀྱིས་རང་གི་རྩོམ་ཡིག་འདི་མ་སྤེལ་གོང་ལ་་་
བདེན་་་མཐའ་་་བསལ་་་་ཞེས་པའི་ཡིག་འབྲུ་གསུམ་པོར་རེ་རེ་བཞིན་གོ་བ་རྣལ་མ་ཅིག་ལོན་ཐུབ་བྱུང་ངམ། ཁྱེད་ཀྱིས་ཨུ་ཚུགས་ཀྱིས་ཁས་ལེན་པའི་ཚིག་ནི་ག་ས་ལ་བཞག་གསལ་འདི་རེད། ཚིག་འདི་དང་བདེན་མཐའ་གཉིས་ལ་རིན་ཐང་ལྡན་པའི་འབྲེལ་བ་དོན་སྙིང་ཅན་ཞིག་འདུག་གམ།
ལ་སྟོད་ལ་སྔར་ང་རང་གི་སྔར་མཆན་ནང་གི་ཆད་པ་མཐུད་རྒྱག་གི་ཡིན། དབང་ཤེས་ཀྱིས་ལོག་རྟོག་སེལ་ན་ལོག་རྟོག་༼སེལ་བ་ལ༽ཡིད་ཤེས་ཚད་མ་ལ་ལས་ཀ་ཡོད་པ་མ་རེད། གོང་གི་སེལ་བ་ལ་ཡི་གེ་ཆད་པ་འདྲ་འདུག
དེ་ནས་ཡང་ལ་སྟོད་པ་ན་རེ། ༼དབང་ཤེས་ཚད་མས་ལོག་རྟོག་སེལ་བ་མེད་ན། དབང་ཤེས་ཚད་མས་སྒྲོ་འདོག་སེལ་དང་མི་སེལ།༽ སྒྲོ་འདོགས་ཡིན་ན་ལོག་རྟོག་ཡིན་དགོས་པར་ཐལ། ལོག་རྟོག་སེལ་བའི་སྒྲུབ་བྱེད་དུ་སྒྲོ་འདོགས་སེལ་བ་བཀོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན་གངས་སེར་འཛིན་གྱི་ལོག་རྟོག་ཆོས་ཅན། ལོག་རྟོག་ཡིན་པར་ཐལ། སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། གངས་དཀར་འཛིན་གྱི་དབང་ཤེས་ཚད་པའི་སེལ་བྱའི་སྒྲོ་འདོགས་ཡིན་པའི་ཕྱིར། འདོད་ན། རྟོག་པ་ཡིན་པར་ཐལ། ལོག་རྟོག་ཡིན་པའི་ཕྱིར། འདོད་ན་ཡིད་ཤེས་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར་རོ།
ཡང་ལ་སྟོད་རགས་མོ་ན་རེ། ༼དབང་ཤེས་ཀྱིས་ཡིད་ཤེས་ལ་གནོད་པ་ཟེར་བ་ཞིག་ངས་བཤད་མྱོང་མེད།༽ཟེར་ན་འོ་ན་༼བསལ་བྱ་ནི་ཀ་བ་ལ་ཀ་བ་མ་ཡིན་པར་འཛིན་པའི་ལོག་རྟོག་དང་། སེལ་བྱེད་ནི་ཀ་འཛིན་མིག་ཤེས་ཚད་མ་ལྟ་བུ་རེད།༽ཅེས་མ་བཤད་པ་ནང་འགལ་གྱི་ཕུང་བོ་ཡིན་པར་ཐལ། སེལ་བྱེད་ཀ་འཛིན་མིག་ཤེས་ནི་དབང་ཤེས་ཡིན་ལ། བསལ་བྱ་ཀ་མ་ཡིན་འཛིན་པའི་ལོག་རྟོག་ནི་ཡིད་ཤེས་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ།
ཡང་ལ་སྟོད་རགས་མོ་ལ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྐད་ཆ་དྲིས་ན། དབུ་སེམས་གཉིས་ཀྱི་རྩོད་གཞིར་གྱུར་བའི་རང་རིག་གིས་ལན་འདེབས་ན། འོ་ན་དེ་གཉིས་གཅིག་ཡིན་པར་ཐལ། སོ་སོར་རང་རིག་པའི་ཡེ་ཤེས་དྲིས་པ་ལ་དབུ་སེམས་གཉིས་ཀྱི་རྩོད་གཞིར་གྱུར་བའི་རང་རིག་གིས་ལན་འདེབས་ཚུལ་ཡོད་པའི་ཕྱིར། འོ་ན་་སོ་སོར་རང་རིག་པའི་ཡེ་ཤེས་དབུ་མ་བས་ཁས་མི་ལེན་པར་ཐལ། དབུ་སེམས་གཉིས་ཀྱི་རྩོད་གཞིར་གྱུར་བའི་རང་རིག་དབུ་མ་བས་ཁས་མི་ལེན་པའི་ཕྱིར། འདོད་ན་དབུ་མ་བས་སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཅེས་ཁས་མི་ལེན་པར་ཡང་ཐལ་ལོ།
ད་རགས་མོ་ནས་ནམ་རྒྱུན་གཞན་ལ་བསླབ་བྱ་རྒྱག་པ་འདི་མི་འོས་པ་ཡིན་པར་ཐལ། བསླབ་བྱ་རྒྱག་པ་ལ་རང་ཉིད་བསླབ་བྱ་རྒྱག་རྒྱུ་དེ་ཁོང་དུ་ཆུད་ཅིང་། རང་ཉིད་དེ་ལ་གནས་བ་ཞིག་ལས་གཞན། རང་གཞན་གང་གི་གྲུབ་མཐའ་ལ་རྨོང་ཞིང་རབ་ཏུ་རྨོང་བ་ཞིག་གི་ཁ་ལ་མི་འོས་པའི་ཕྱིར་རོ།།
ནོར་བཅོས། འདོན་ན་ཀ་སེར་འཛིན་གྱི་ལོག་ཤེས་༼ལོག་རྟོག་ཟེར་བ་འདི་བཅོས་དགོས༽ཆོས་ཅན་ཟེར་དགོས།
བཟོད་རྒྱམ་དྲིན་ཆེན་པོ། ད་བཀའ་བཀྱོན་གནང་གི་མ་འདུག་དང་། ངས་གོང་གི་མ་རྩོམ་འབྲི་མཁན་ནས་བོད་དོན་བདེན་མཐའ་ཟེར་བ་དེ་ཕྱོགས་གཅིག་ཁོ་ནའི་གོ་བ་ལེན་བཞིན་པར། བསམ་ཚུལ་བཏོན་ནས། ཕྱོགས་གཉིས་ཀྱི་གོ་བ་བླངས་ན་ད་བཟོད་འཐུས་ཚང་ཡིན་པའི་ཕྱོགས་སུ་ཁྲིད་ཀྱི་ཡོད་པ་རེད། དེ་བས་ཕར་ལྟོས་ཚོད་ཀྱིས་སུམ་རྟགས་ཀྱི་བདག་གཞན་ལྟ་བུ་ཞིག་རྩོད་ཀྱི་ཡོད་ན་ཡང་། གྲུབ་དོན་ལ། བོད་དོན་བདེན་པའི་མཐའ་གསལ་ཟེར་བ་དང་། ཡང་བོད་དོན་བདེན་མཐའ་སེལ་ཟེར་བ་གཉིས་ཀར་གོ་བ་ལེན་རྒྱུ་ཡོད་པའི་ཁུངས་ཞིག་བཤད་ཀྱི་ཡོད་པའི་ཁུངས་རེད། འདི་བོད་གཞུང་གི་གནད་ཡོད་དག་གི་ཞལ་ན་གཉིས་ཀ་ཡང་ཐོན་བཞིན་པ་དེར་རྒྱབ་སྐྱོར་དང་། ཡང་གཅིག་ཡིན་ན་གཅིག་མིན་དགོས་པའི་གཅིག་གཅོད་རིང་ལུགས་དེ་སྲིད་དོན་གྱི་ཚིག་ལ་འོས་བབས་མེད་ཚུལ་ཞིག་བྱེད་ཀྱི་ཡོད་པས། བསལ་དང་གསལ་གྱི་གོ་དོན་སྟེང་ན་ཡོང་གི་ཡོད།
ད་ཡང་ག་གསལ་བ་བསལ་བརྩད་ནས་གཉིད་ཐེབས་གཅོག་རྩིས་རེད། དེ་ལས་ཇ་ཞིམ་པོ་ཁོག་ལྡིར་གང་དང་ཆང་ཞིམ་པོ་རྫ་མ་གང་རེ་མདུན་ལ་བླངས་ནས་འདྲེ་བཤད་བྱོས་དང་།
གཞོན་ནུ་ཟླ་མེད་ལགས།
[ལ་སྟོད་ལ་སྔར་ང་རང་གི་སྔར་མཆན་ནང་གི་ཆད་པ་མཐུད་རྒྱག་གི་ཡིན། དབང་ཤེས་ཀྱིས་ལོག་རྟོག་སེལ་ན་ལོག་རྟོག་༼སེལ་བ་ལ༽ཡིད་ཤེས་ཚད་མ་ལ་ལས་ཀ་ཡོད་པ་མ་རེད། གོང་གི་སེལ་བ་ལ་ཡི་གེ་ཆད་པ་འདྲ་འདུག]
[འདོད་ན་གངས་སེར་འཛིན་གྱི་ལོག་རྟོག་ཆོས་ཅན། ལོག་རྟོག་ཡིན་པར་ཐལ། སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། གངས་དཀར་འཛིན་གྱི་དབང་ཤེས་ཚད་པའི་སེལ་བྱའི་སྒྲོ་འདོགས་ཡིན་པའི་ཕྱིར། འདོད་ན། རྟོག་པ་ཡིན་པར་ཐལ། ལོག་རྟོག་ཡིན་པའི་ཕྱིར། འདོད་ན་ཡིད་ཤེས་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར་རོ།]
དེ་ཡིན་ན་ཡིད་ཤེས་ཚད་མ་ལ་ལས་ཀ་མེད་པར་ཐལ།དབང་ཤེས་ཚད་མས་སྒྲོ་འདོགས་བསལ་བ་ཡོད་པའི་ཕྱིར་ཁྱབ་པ་ཁས།མེད་ན་ཚད་མའི་ལས་ཀ་ཞོག
གངས་སེར་འཛིན་གྱི་ལོག་རྟོག་ཡོད་ན་ལོག་རྟོག་ལོས་ཡིན་དགོས་འདོད་དགོས་སོ།
[ཡང་ལ་སྟོད་རགས་མོ་ན་རེ། ༼དབང་ཤེས་ཀྱིས་ཡིད་ཤེས་ལ་གནོད་པ་ཟེར་བ་ཞིག་ངས་བཤད་མྱོང་མེད།༽ཟེར་ན་འོ་ན་༼བསལ་བྱ་ནི་ཀ་བ་ལ་ཀ་བ་མ་ཡིན་པར་འཛིན་པའི་ལོག་རྟོག་དང་། སེལ་བྱེད་ནི་ཀ་འཛིན་མིག་ཤེས་ཚད་མ་ལྟ་བུ་རེད།༽ཅེས་མ་བཤད་པ་ནང་འགལ་གྱི་ཕུང་བོ་ཡིན་པར་ཐལ། སེལ་བྱེད་ཀ་འཛིན་མིག་ཤེས་ནི་དབང་ཤེས་ཡིན་ལ། བསལ་བྱ་ཀ་མ་ཡིན་འཛིན་པའི་ལོག་རྟོག་ནི་ཡིད་ཤེས་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ།]
ད་འོ་ན་དེ་ལྟར་ན་དབང་ཤེས་ཀྱིས་བདེན་མེད་ལ་གནོད་པར་ཐལ།སྒྲོ་འདོགས་དེ་བདེན་མེད་ཡིན་པ་གང་ཞིག་ཁྱོད་ཀྱིས་རང་གི་སྒྲོ་འདོགས་དེ་ལ་གནོད་པའི་ཕྱིར་ཁྱབ་པ་འགྲིགདེ་ལྟར་ན་ཁྱོད་ཀྱིས་ཤེས་བྱ་ཟས་པར་ཐལ་ཁྱོད་ཀྱིས་ཀོ་རེ་ཟོས་པའི་ཕྱིར་ཁྱབ་པ་འགྲིག་བག་ལེབ་དེ་ཤེས་བྱ་ཡིན་པའི་ཕྱིར་རིགས་པ་ཕྲ་མོ་ཧཧ།
རང་ངོ་ལ་མེ་ལོང་ཆེན་པོ་ཞིག་འཕྱར་ནས་ཁྱོད་ཀྱིས་བཀོད་པའི་རྟགས་སྦྱོར་དེ་ལ་ལྟོས་དང་རང་རིག་གིས་རང་རིག་ལ་བལྟ་སྟངས་ནང་བཞིན་བྱས་ནས་གཟིགས་དང།རྟག་པ་ཡིན་ན་ཡིད་ཤེས་ཡིན་པས་ཁྱབ་པ་དེ་འདྲ་ཚད་མའི་གཞུང་གང་ནས་གསལ་འདུག་རིགས་པ་ཕྲ་ཆུང་དེ་ལས་མེད་པ་རེད།
རིགས་པ་དེ་འདྲ་བ་ལ་ཁ་བརྡ་བྱས་དང་མ་བྱས་མི་འདུག་པས་གོང་དུ་གཅན་བཟོད་རྒྱམ་གྱིས་གསུངས་པ་དེ་བདེན་པར་ཁུམ། ནད་རྙིང་དེ་ཡི་རྐྱེན་གྱིས་ཀླན་ཀ་འཚོལ་གྱི་ཡོད་ན་གནས་ཚུལ་སོ་སོ་རེད།
ད་གཞོན་ནུ་རིགས་པ་ཕྲ་ཆུང་ནས་ནམ་རྒྱུན་དེ་འདྲ་རང་བྱེད་ནས་རྟགས་བསལ་གཏོང་རྒྱུ་ཡིན་ན་ལན་མི་སྨྲ་བའི་བཏུལ་ཤུགས་སུ་གནས་པར་བྱའོ།
རྒྱབ་པའི་ཁ་ལ་མ་ཕོག
མ་རྒྱབ་སྣ་ལ་ཕོག་པར་ངས་སྔོན་ནས་བཤད་ཡོད་དོ།
ཡང་གཅིག་ཆད་འདུག་ནོར་འདུག་ཟེར་ནས་བཤད་མ་ཡོང་རོགས།
ངས་ཚིག་འཇམ་པོའི་སྒོ་ནས་བཤད་དུས་ཁྱོད་ཀྱིས་ཚིག་རྩུབ་བེད་སྤྱད་པར་འདིར་ཚིག་རྩུབ་འགའ་བཤད་ཡོད།
ཡ་ཡ། ད་འགྲིག་གི ལ་སྟོད་ཡིག་ནོར་རྐྱང་རྐྱང་གི་རྗེས་སུ་རྒྱུགས་སྟངས་ལ་བལྟས་ན་དོན་སྟེང་ན་ལན་འདེབས་ཀྱི་མེད་ཟེར་ནས་ཞུ་བ་བྱེད་པ་དང་མཚུངས། ད་གཡུག་ཞོག ཡིག་ནོར་གཅིག་མཐོང་ཚེ་དེ་ལ་ཨ་འགྲེལ་ཡང་འགྲེལ་རྒྱབ་ནས་མཆན་དེ་རིང་བོ་རིང་བོ་ཞིག་བཟོ་འཇོག་གི དོན་སྟེང་གི་དྲི་བ་གཅིག་ལ་ཡང་ལན་འདེབས་མི་ཐུབ་ཀི ད་མ་གཡུག་རང་གཡུག་རེད།
ལ་སྟོད་ཁྱོད་ངའི་དྲིན་རྟེན་ནས་མྱི་འདྲ་བོ་ཞིག་ཆགས་པ་རེད། དེ་མིན་ཁྱོད་ཀྱིས་ཚིག་འཇམ་ཞིག་རྩ་ནས་བཤད་མི་ཤེས། མི་བདེན་ན་ཁྱོད་ཀྱིས་སྔར་བྲིས་བའི་མཆན་རྣམས་ལ་ལྟོས། ང་དང་ཕྲད་པ་ནས་བཟུང་ཁྱོད་ཀྱི་ཚིག་ངན་ཁྱི་སྐྱག་གི་དྲི་མ་ཁ་བ་དེ་ཚོ་ཉུང་རུ་ཉུང་རུ་སོང་བ་རེད། ཁྱོད་ལ་བོན་ཕྱོགས་ནས་དགེ་བའི་བཤེས་གཉེན་གྲངས་མེད་བསྟེན་ཞིང་ཞབས་ལ་གཏུགས་རུང་། བོན་ཆོས་གསར་གྱི་བདུད་རྩི་མཇལ་ནས་ལྟོས་རུང་། ཁྱོད་ཀྱི་ཁ་ན་ཚིག་ངན་རྐྱང་རྐྱང་ཡིན་ན། འོན་ཀྱང་ང་ཕྲད་པ་ནས་བཟུང་ཁྱོད་ཀྱི་གཤིས་ཀ་འཇམ་རུ་དང་། ཚིག་འཇམ་རུ་སོང་བ་རེད། གོ་སོང་ང་།
མདོ་ལྷ་ཁམས་པ་ལགས།
ངས་རྩོམ་ཡིག་འདི་ བདེན་་་མཐའ་་་གསལ་་་ཞེས་པའི་ཚིག་འབྲུ་གསུམ་པོའི་གོ་དོན་ཤེས་པའི་ཐོག་ནས་བྲིས་པ་ལོས་ཡིན། འོན་ཀྱང་ཁྱེད་ཀྱི་ཚིགས་བཅད་དང་འགྲེལ་བཤད་དེ་ཚོའི་གོ་དོན་ཤེས་ཀྱི་མི་འདུག མི་ཤེས་པ་འདི་སུའི་སྐྱོན་ཡིན་མིན་དྲ་གྲོགས་མཁྱེན་དཔྱོད་ཡངས་པ་ཚོས་གཟིགས་བཞིན་པ་རེད། དེ་ལ་རྩོད་པ་རྒྱག་དགོས་དོན་མེད། ཁྱེད་ཀྱིས་བདེན་མཐའ་བསལ་ཞེས་བ་བསལ་དུ་ཨུ་ཚུགས་ཀྱིས་འབྲི་ཞིང་སེམས་བཞིན་པ་ནི། ཕལ་ཆེར། རྟག་མཐའ་ཆད་མཐའ་བསལ་ཞེས་པ་དང་གཅིག་མཚུངས་རེད་སྙམ་དུ་འཁྲུལ་གྱི་ཡོད་པ་འདྲ། དེ་གཉིས་གཏན་ནས་མི་འདྲ། རྟག་མཐའ་ཆད་མཐའ་བསལ་བ་ནི་མཐའ་དེ་གཉིས་མེད་པར་བཟོས་པའི་དོན་རེད། བདེན་མཐའ་གསལ་བ་ནི་བདེན་པའི་མཐའ་མངོན་དུ་གྱུར་པ་སྟེ་བདེན་པའི་གནས་ཚུལ་གསལ་པོ་ཆགས་པའི་དོན་རེད། དེ་གཉིས་ག་ལ་འདྲ། ལར་ནས། བདེན་པའི་མཐའ་གསལ་ཞེས་པའི་ཚིག་འདི་བོད་སྐད་རྣལ་མའི་ཁྲོད་རྒྱུན་ལྡན་དུ་ཡོད་པ་ཞིག་ཡིན་པ་ལས་གཞུང་ལུགས་ཀྱི་ཐ་སྙད་གོ་ཁག་པོ་དེ་འདྲ་མ་རེད། འོན་ཀྱང་ཁྱེད་དང་ཁྱེད་འདྲ་བ་དག་ལ་ཅི་ཉེས་སམ། ཡུལ་ལུང་ཁ་ཤས་སུ་མཐའ་གསལ་བ་ལ་མཐའ་དཀར་བ་ཡང་ཟེར་སྲོལ་ཡོད། དཔེར་ན། མི་ཉེས་མེད་ཅིག་ལ་མ་ཉེས་ཁག་གཡོག་བྱས་ཚེ། ༼གནས་སྐབས་ཅུང་དཀའ་ནའང་སྐྱོན་མེད། མཐའ་དཀར་ཡོང་གི་རེད༽ ཅེས་བཤད་སྲོལ་ཡོད། དཀར་བ་དང་གསལ་བ་ནི་སྣང་བ་ལྡན་པའི་ཆ་ནས་གོ་དོན་ཤིན་ཏུ་ཉེ་པོ་ཡོད་པ་རེད། དཀར་ཞིང་གསལ་བའི་ཟླ་བ་ཞེས་པ་ལྟ་བུ་རེད། འོན་ཀྱང་བདེན་མཐའ་གསལ་ལ་བདེན་མཐའ་དཀར་ཞེས་བརྗོད་སྲོལ་མེད་ནའང་གོང་སྨོས་ལྟར་བཤད་སྟངས་དང་དོན་གྱི་འགྲོ་ཕྱོགས་མཐུན་གྱི་ཡོད་པ་རེད། ཡ་ད་འགྲིག་སོང། ངས་གོང་དུ་བྲིས་པའི་མཆན་ཨང་ ༢༦ པ་ལ་ཁྱེད་ཀྱིས་ཡིན་མིན་གྱི་ལན་གང་ཡང་བྲིས་མི་འདུག གནད་འགག་དེ་ན་ཡོད། གལ་སྲིད་ཁྱེད་ཀྱིས་ཅང་མི་སྨྲ་་བའི་ཚུལ་དུ་དེ་དག་ཁས་ལེན་བྱས་པ་ཡིན་ན་དེ་གས་འགྲིགས་སོང། ངས་བསྐྱར་བཤད་དགོས་དོན་མི་འདུག
གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱི་དྲིན་གྱིས་བསྐྱང་པ་ཧེ་ཧེ་ཧེ།
གཞོན་ནུ་ཟླ་མེད་འདི་དངོས་གནས་གཅན་བཟོད་རྒྱམ་གྱིས་གསུངས་པ་ལྟར་རེད་འདུག
སྔར་མཁར་རྨེའུ་བསམ་གཏན་གྱིས་བརྩམས་པ་ལས་འཕྲོས་ཏེ་ནད་རྙིང་དེ་ཡི་དྲི་མ་འཐུལ་ལེར་རྐྱང་བཤད་སྡོད་ཀྱི་འདུག
ཁོས་ང་ཡི་མཆན་ལ་འཇུ་དགོས་མེད་པར་འཇུས་ནས་ཇུས་གཏོགས་བྱས་སྟངས་དེ་ལ་ལྟོས་དང།
ཁྱོད་ལ་ཟླ་བོ་མེད་པའི་སྐྱོན་དེ་འདྲ་རྐྱང་རྐྱང་བཤད་ནས་བྱུང་བ་རེད།
ད་ཁྱོད་དང་མཉམ་དུ་ནམ་ཡང་རྩོད་འདོད་མེད་པས་ཡིད་འཇགས་བགྱིས།
ཤ་སྐྱེས་གཙུག་གི་དུང་རྭ་དེ།
མཁའ་ལ་མཛུབ་རིས་བྱེད་པ་འདྲ།
རང་བཞིན་འདྲ་སྟངས་བཤད་ན་ཡང།
མཚང་ཆེན་མི་ལ་སྨྲས་པ་འདྲ།
འཇིགས་བཀྲ་ལགས།
ཁྱེད་ཀྱིས། ཡིན་གཅིག་མིན་གཅིག་བོད་དོན་བདེན་མཐའ་་བསལ་གི་བསལ་ལ་ག་གསལ་འབྲི་དགོས་པའི་རྒྱུ་མཚན་ག་རེ་ཡིན་ལགས། དེ་ལྟར་བྲིས་ན་ནང་དོན་ཇེ་ལེགས་དང་ཚིག་དོན་ཇེ་ཟབ་ཏུ་འགྲོ་བ་འདུག་གམ། དེ་འདྲ་ཡིན་ན་ངས་ཁྱོད་ལ་ཅིག་འདྲི།
གཅིག བོད་དོན་བདེན་མཐའ་བསལ།
གཉིས། བོད་རང་བཙན་གཙང་མ་ཡིན།
གསུམ། བོད་སྒེར་ཚུགས་ཅན་དུ་བསྒྱུར། གནད་འགག་ཅན་གྱི་ཚིག་འདི་དག་དབར་དམིགས་ཡུལ་ངེས་ཅན་ལྡན་པའི་ནང་དོན་ཕན་ཚུན་འབྲེལ་བ་ཡོད་དམ་མེད།
གོང་གི་ཚིག་འདི་དག་དང་འབྲེལ་བ་ཡོད་པ་ནི་གཤམ་གྱི་ཚིག་འདི་གཉིས་ལས་གང་ཞིག་འོས་སམ།
གསལ་་་་་་་་་་འོད་ཆེ་བའི་དོན། དཔེར་ན། གློག་གི་འོད་མདངས་ཧ་ཅང་གསལ་ལྟ་བུ།
བསལ་་་་་་་་་ལོགས་སུ་དགར་བ་དང་།མེད་པར་བཏང་བའི་དོན། དཔེར་ན། ལུག་དཀྱིལ་ནས་ར་བསལ་ལྟ་བུ་དང་། ཡང་། རྙོག་དྲ་བསལ་ལྟ་བུ་རེད།
ད་ཁྱེད་ཀྱི་ལྐུག་པའི་ཨུ་ཚུགས་དེ་ག་བ་སླེབས་སོང་། ཧཧཧ ཀུ་རེ་ཡིན་དྭ།
མདོ་ལྷ་ཁམས་པ་ལགས།
ལྐུགས་པའི་ཨུ་ཚུགས་ནི་ཁྱེད་རང་གིས་རྒྱག་གི་འདུག་གཱ།
བདེན་མཐའ་བསལ་ཞེས་བྲིས་ན་བདེན་མཐའ་མེད་པར་བཟོས་པའི་དོན་ཡིན་པས། བོད་རང་བཙན་དང་བོད་སྒེར་ཚུགས་ཅན་དུ་བསྒྱུར་མ་ཐུབ་པ་ཆགས་སོང་བ་རེད། ཁྱེད་ཀྱིས་དེ་འདྲའི་ལྟས་ངན་མ་བཤད་རོགས། ཁྱེད་ཀྱིས་ད་དུང་ཡང་༼གསལ་༽ཞེས་པའི་གོ་དོན་ཡག་པོ་ཞིག་ཤེས་མི་འདུག ངས་རྩོམ་དངོས་གཞིའི་ནང་དུ་དེའི་གོ་དོན་གསལ་པོར་བྲིས་ཡོད་ལ། མཆན་ཨང་ ༡༧ པའི་ནང་དེའི་སྐོར་བསྐྱར་བཤད་ཀྱང་བྱས་ཡོད་པས་དེར་བསྐྱར་དུ་གཟིགས་རོགས། ཁེད་ཀྱིས་ངའི་རྩོམ་དངོས་གཞི་དང་མཆན་དེ་ཚོ་ལ་ཞིབ་ལྟ་བྱེད་ཀྱི་མེད་པ་འདྲ། དེ་འདྲ་བྱས་ན་ཁྱེད་ལ་ཚར་སྟོང་བཤད་ཀྱང་ཕན་ཐོགས་གང་ཡང་མེད། དེར་བརྟེན་འདི་ནས་མཚམས་འཇོག་གི་ཡིན། མཇུག་ཏུ་རེ་བ་གཅིག་ཞུ། ཁྱེད་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ཁག་ལ་སློབ་སྦྱོང་ཡག་པོ་ཞིག་གྱིས་དང་མ་མཐའ་ཡང་བདེན་མཐའ་གསལ་བ་ག་གསལ་ཡིན་པ་ཤེས་ཐུབ་ངེས་ཡིན། ད་བདེ་མོ།
གནས་འདིར་ག་གསལ་དང་བསལ་སྐོར་གླེང་སློང་ཡག་པོ་ཞིག་གནང་འདུག་པས། བཀའ་དྲིན་ཆེ་ཞུ་འདོད་བྱུང་།
དུས་བབ་དྲ་ངོས་སུའང་བསེ་རུ་ཟེར་བ་ཞིག་གིས་དག་ནོར་ཐོག་དམིགས་བསལ་ནུས་པ་འདོན་གྱི་འདུག
དྲ་ངོས་འདིར་ཡང་དག་ནོར་སྐོར་སྐྱོན་འདོན་བྱེད་མཁན་ཞིག་བྱུང་ན། ང་ཚོར་ཕན་ཐོགས་ཆེན་པོ་ཡོང་ས་རེད།
ཡང་ན་བསེ་རུ་དྲ་ངོས་འདིར་གདན་འདྲེན་ཞུས་ན་ཡག་པོ་འདུག
འོ་ཡ་ད་བདེ་མོས་བྱོས། ཉལ་བར་འགྲོ།
ཁྱོད་ཚོ་ལ་རེ་བ་ཞུས་ཡོད།