རི་སྤྱང་ཁེར་འགྲོ།
༼དམར་བོའི་ཕ་ས་དཀར་བོའི་རྫུན༽་ནི་ད་ལམ་གོང་དུ་བརྗོད་པའི་ཨིན་ཊི་ཡན་གྱི་ལོ་རྒྱུས་ཀྱི་ཞལ་རས་ལ་ཚོན་རིས་གྱ་མ་གྱུ་འབྲི་མཁན་ཚོར་རིགས་པའི་ལམ་ནས་གདོང་ལེན་བྱས་པ་ཞིག་ཡིན་འདུག་ལ། དེབ་འདིའི་ལེའུ་རེ་རེ་ནས་གླེང་ན་མང་བར་འགྱུར་བས། ད་ལམ་ཕྲན་གྱི་རྩོམ་འདིའི་ཁ་བྱང་དང་འབྲེལ་བའི་ལེའུ་ཞིག་ལ་འཁྱུག་ཙམ་བལྟ་བར་བྱ་སྟེ། དེ་ནི་བརྩམས་ཆོས་འདིའི་ལེའུ་བཞི་བ་སྟེ་མིང་ལ་༼ཟམ་པ་དམའ་བོར་ཐམས་ཅད་བརྒལ༽་ཞེས་ཟུར་ཟ་ཅན་གྱི་མཚན་ཞིག་གསོལ་ནས། ཚན་རིག་པས་སྦར་རིན་སྐམ་ལམ་གྱི་རིག་པ་བཏོན་པ་དེར་ཁུངས་འཕེར་བའི་སྒྲུབ་བྱེད་མེད་ཚུལ་དང་། ཚན་རིག་ཟེར་བ་ནི་ལྷ་ཆོས་དང་མ་འདྲེས་པ་ཞིག་ཡིན་ཡང་། ཧ་ཅང་འགུག་ཤུགས་ཆེ་བའི་སྐྱ་བོའི་ཆོས་ལུགས་ཤིག་ལ་གྱུར་ཡོད་པས། མི་ཐོག་ནས་མི་ཐོག་ལ་བརྒྱུད་ཡོང་བའི་སྦར་རིན་སྐམ་གྱི་རིག་པ་སྨྲ་མཁན་དེ་ཚོས་ཚན་རིག་ལ་དད་པའི་དབང་དུ་ཕྱིན་ནས། སྦར་རིན་སྐམ་ལམ་གྱི་གྲུབ་མཐའ་འདི་དང་དུ་བླངས་པར་བྱེད་ཀྱིན་པ་དང་། བཞེད་ཚུལ་འདི་སྤེལ་མཁན་མཁས་པ་དང་ཚན་རིག་རྩོམ་འབྲི་བྱེད་མཁན་ཚོས། རྔོན་པ་ཚོ་ཁག་ཅིག་གྲང་ངར་ཆེ་བའི་ཡུལ་ནས་བྱོལ་དེ་ཐོལ་བྱུང་ལ་བྱང་སྣེའི་སྤང་ལྗོངས་ཤིག་ལ་སླེབས་པའི་སྒྲུང་སྟབས་བདེ་ཡིན་མདོག་ཁ་བོ་ཞིག་ལ་ཁ་དཀྱུས་ནས་བཤད་ཏེ། སྦར་རིན་སྐམ་ལམ་ཟེར་བའི་བཤད་ཚུལ་དེའི་ངོར་གནས་བའི་དཀའ་གནད་མང་པོ་ཞིག་གླེང་སློང་བྱེད་རྒྱུར་གཡོལ་ཐབས་བྱེད་བཞིན་པ་དང་། འཛམ་གླིང་ས་དབྱིབས་ལ་བལྟ་དུས་ཨ་ལ་སི་ཀ་དང་སེ་སྦུར་རི་ཡ་བར་རྒྱང་ཁད་ཧ་ཅང་ཉེ་བོ་ཡིན་པས་བཤད་ཚུལ་དེ་མིན་སྣང་མི་འཆར་བ་ལྟ་བུ་ཞིག་ཡིན་མོད། མཁས་པ་དེ་ཚོས་རང་ཉིད་ཀྱི་བཞེད་ཚུལ་ཁྱད་མཚར་བོ་དེར་ཞིབ་བལྟ་མི་བྱེད་པ་ཡིན་ཞེས་འཁང་ར་བྱས་ཡོད་ལ།
དེ་ནས། སེ་སྦུར་རི་ཡ་ནས་ཨ་ལ་སི་ཀའི་ས་ཐོག་ཏུ་སླེབས་པར་གྲང་ངར་དང་འཁྱག་པ་སོགས་ཀྱི་འགོག་རྐྱེན་ཡོད་པ་མ་ཟད། སེ་སྦུར་རི་ཡ་རང་ནས་རི་རྒྱུད་མཐོན་པོ་ཁག་ཅིག་བརྒལ་དགོས་ཤིང་། ཨ་ལ་སི་ཀ་བརྒྱུད་ནས་ཨ་རི་བར་སླེབས་པར་གངས་རིའི་མུ་ཁྱུད་འཕྲོ་རིམ་འཕྲོར་མདུན་ལམ་བཀག་ཡོད་པར་མ་ཟད། སྐབས་དེར་དེ་གའི་ཡུལ་མང་ཆེ་བ་ཆབ་རོམ་གྱིས་ཟིན་ཡོད་པ་དེ་དང་། དེ་ནས། སྦར་རིན་སྐམ་ལམ་གྱི་གྲུབ་མཐའ་མི་འཛིན་མཁན་མཁས་པ་ཁག་ཅིག་གི་གསུང་འབུམ་ནང་། དུས་སྐབས་དེར་སེ་སྦུར་རི་ཡའི་ཡུལ་དེར་སྡོད་མི་མང་པོ་མེད་པ་གང་ཞིག་ལ། གང་ཡོད་པ་དེའང་རྩ་ཆུ་དང་རི་དྭགས་འབེལ་བའི་ཀོ་ལེ་མ་གཙང་བོའི་ལུང་གཤོང་ན་ལྷོད་ལྷོད་ཀྱི་མི་ཚེ་སྐྱེལ་ཀྱིན་ཡོད་ཚུལ་ལུང་འདྲེན་བྱས་ནས། སྔོན་རྒྱག་འཚོ་བ་ལ་བརྟེན་པའི་གདོད་མའི་འབྲོག་མི་དེ་ཚོ་འཚོ་བའི་མཐུན་རྐྱེན་འགྲིག་བསྡད་པའི་སྒང་ལ་རང་ཡུལ་ནས་ཐོན་ཏེ། ལ་ལུང་དེ་འདྲ་དཀའ་ཚེགས་ཆེ་བ་བརྒལ་ཏེ་སྒོ་ཟོག་ལ་བཟའ་རྩ་འབེལ་པོ་མེད་ཅིང་། རྔོན་རྒྱག་སའི་རི་དྭགས་ཀྱང་དཀོན་པོ་ཡིན་པའི་ཨ་ལ་སི་ཀ་ལ་རྡོག་ཐོན་དང་། དེ་ནས་རྫུ་འཕྲུལ་ལྟ་བུའི་ངང་འཁྱག་སུལ་ནས་དོད་པའི་བཤུལ་ལམ་ཞིག་བརྒྱུད་ནས་ཨ་རིའི་འབྲོག་ཐང་ལ་སྐྱབས་བཅོལ་དུ་འགྲོ་དགོས་རྒྱུ་མཚན་མ་མཐོང་བ་རྒྱབ་རྟེན་གྱི་ལུང་དང་། སྒྲུབ་བྱེད་ཀྱི་རིགས་པ་དང་བཅས་གསུངས་འདུག
དུས་སྐབས་དེར་སྦར་རིན་སྐམ་ལམ་ཟེར་བའི་སྐམ་ས་ཞིག་མཚོ་ཁར་བུད་ཡོད་མེད་ཀྱང་དོགས་པ་ཡོད་པའི་སྐོར་ལ་དཔྱད་གླེང་བྱས་ནས་། ལེའུ་དེའི་སྨད་དུ། ༼རྡུལ་ཕོར༽་ཟེར་བའི་ལོ་རྒྱུས་གླེགས་བམ་ལས་བཤད་པའི་ཨ་རིའི་ཆེ་ཟོག་རྟ་དང་རྔ་མོང་ཡང་ལོ་ངོ་ས་ཡ་བཅུ་ཕྲག་ཁ་ཤས་སྔ་རོལ་དུ་སྦར་རིན་སྐམ་ལམ་བརྒྱུད་ནས་ཤར་དཀྱིལ་འབྲོག་ཐང་དུ་མཆེད་པའི་བཤད་ཚུལ་ལས་འཕྲོས་ཏེ། སེ་སྦུར་རི་ཡའི་འབྲོག་ས་ན་ལྷོད་ལྷོད་ངང་འཚོ་བའི་སྐུ་ཞབས་རི་གླང་གིས་རྟ་དང་རྔ་མོང་སྦར་རིན་སྐམ་ལམ་བརྒྱུད་ནས་སླེབས་པ་ཚོར་ནས། ལྕམ་མོ་ལ་བརྡ་སྐྱེལ། དེ་ནས་སེ་སྦི་རི་ཡའི་འབྲོག་ཐང་གི་གླང་ཆེན་སྤྱི་ཚོགས་ཧྲིལ་བོར་གཏམ་དེས་ཁྱབ། དུས་སྐབས་དེར་ཨིན་ཊི་ཡན་ཡང་ཨ་རིའི་རྩ་ཆུ་འབེལ་བའི་འབྲོག་ས་ལ་ཐོན་གྱིན་པ་ཚོར་ནས། རི་གླང་སྤྱི་ཚོགས་ཧྲིལ་བོ་གཡོ་འགུལ་ཆེན་པོ་ཐེབས་ནས་རང་རང་ས་ནས་རྡོག་ཐོན་བྱས་ཏེ་རྟ་དང་རྔ་མོང་ཡོང་སའི་སྦར་རིན་སྐམ་ལམ་དེད་ནས་ཨ་རི་འབྲོག་ཐང་ཁན་ས་སི་དང་། ནེལ་སྦི་ར་སི་ཀ་སོགས་ལ་རྡོག་ཐོན་བྱས་པ་རེད་ཅེས་ཟུར་ཟ་དང་། ད་དུང་། བརྩམས་ཆོས་གཞན་དག་ན། རྩི་ཤིང་དང་། ལྗོན་ཤིང་། རི་དྭགས་གཞན་དེ་འདྲ་ཡང་སྦར་རིན་སྐམ་ལམ་བརྒྱུད་ནས་གླིང་གཉིས་བར་ལ་ཕར་མཆེད་ཚུར་མཆེད་དང་། ཕར་འགྲུལ་ཚུར་འགྲུལ་བྱས་ཚུལ་བཤད་ཡོད་པ་དེ་དག་ལུང་འདྲེན་དང་། ད་དུང་མཁས་པ་གཞན་ཞིག་གི་བརྩམས་ཆོས་ནང་ཊ་ནོར་ཟོར་(Dinosaur)འབྲུག་ཆེན་ཡང་ཤར་གླིང་ནས་ཨ་རི་ལ་མཆེད་ལུགས་བཤད་ཡོད་པ་དེའང་ལུང་དྲངས་ཏེ། བཞེད་ཚུལ་དེ་རྣམས་རྩོམ་པ་པོ་དེ་ཚོའི་འཁྲུལ་སྣང་ལྟ་བུའི་རྟོག་འཆར་ཡིན་ཚུལ་དང་། མཁས་པ་དེ་ཚོས་རང་རང་གི་དགོས་མཁོ་དང་བསྟུན་སྦར་རིན་སྐམ་ལམ་སྟེང་རྩི་ཤིང་དང་སྲོག་ཆགས་མང་པོ་ཞིག་གླིང་གཉིས་བར་ཕར་གཏོང་ཚུར་གཏོང་བྱས་ཡོད་ཚུལ། མཐའ་མཇུག་དེར་”སྦར་རིན་སྐམ་ལམ་ནི་མིའི་སེམས་ངོགས་ན་བློས་བསླངས་བྱས་པའི་རྟོག་བཏགས་འབའ་ཞིག་གོ”་ཞེས་སྡོམ་ཚིག་བརྒྱབ་ནས་ལེའུ་བཞི་བ་རྫོགས་པར་བྱས་འདུག
སྐབས་འདིར་ཨིན་ཊི་ཡན་མི་རིགས་དངོས་གནས་ཤར་གླིང་ནས་མཆེད་པ་རེད་དམ་ཟེར་བའི་དྲི་བ་ཞིག་ཡིད་ལ་ལྷང་ལྷང་འཁོར་ཞིང་། གལ་སྲིད་མི་རྒྱུད་དཀར་བོ་དང་ཨིན་ཊི་ཡན་མི་རིགས་བར་མི་ཤི་རྟ་འགྱེལ་དང་ཤ་འཁོན་ཏིས་རྩོད། ས་རྩོད་ཆུ་རྩོད་ཀྱི་ལོ་རྒྱུས་ཁྲག་དྲི་བྲོ་བ་ཞིག་བྱུང་མེད་པ་ཡིན་ན། གཅིག་བྱས་ན། རྒྱབ་རྟེན་བྲག་རི་ཨ་རི་གཞུང་ལ་བྱས་པའི་མཁས་པ་དེ་ཚོས་མི་རབས་ནས་མི་རབས་མཐུད་དེ་ཨིན་ཊི་ཡན་མི་རིགས་ཤར་གླིང་ནས་ཡོང་ཚུལ་ཁུངས་འདེད་དང་རྩད་གཅོད་དེ་འདྲ་བྱེད་མེད་སྲིད་ལ། དེ་བཞིན། ཨིན་ཊི་ཡན་མི་རིགས་ཀྱིས་ཀྱང་ཁོང་ཚོའི་ཕ་མེས་ཚོ་ཤར་གླིང་ནས་མཆེད་ཚུལ་སྨྲ་བར་མཐའ་གཅིག་ཏུ་ངོ་རྒོལ་དང་ཁས་ལེན་མེད་པ་འདི་འདྲ་མིན་ཀྱང་སྲིད། ཨིན་ཊི་ཡན་གྱི་འབྱུང་ཁུངས་ཤར་གླིང་དུ་གཏུགས་པའི་རིགས་པའང་གཅིག་ཏུ་མི་ངེས་པར་བཞེད་ཚུལ་སྔ་མའི་རིགས་སྡོང་རྒན་འགྱེལ་པ་བཞིན་ནུས་མེད་དུ་འགྲོ་གྱིན་འགྲོ་གྱིན། བཤད་ཚུལ་གསར་བའི་རིགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་ཐོན་དང་ཐོན་བཞིན་པ་ལྟར། དེ་བཞིན་ཨིན་ཊི་ཡན་དང་ཁོང་ཚོའི་ཤོག་ཁག་མཁས་པ་ཚོ་ལའང་ཨིན་ཊི་ཡན་མི་རིགས་ཤར་གླིང་ནས་མ་ཡིན་པར་ཨ་རིའི་སྐམ་གླིང་འདི་རང་ནས་བྱུང་བར་སྒྲུབ་བྱེད་ཁུངས་བཙུན་ཡིད་རྟེན་འཕེར་བ་མེད་ཐོག རང་ཡུལ་དུ་གདོད་མའི་ཕ་མེས་ཚོའི་ཀེང་རུས་དང་ཀ་ལི་སོགས་ཤུལ་ལུས་གནའ་རྫས་མ་རྙེད་པ་དང་། ཉེ་རབས་སུ་ཁ་ཤས་ཤིག་རྙེད་པ་དེ་ཚོའང་། ཨ་རི་གཞུང་གི་རྒྱབ་རྟེན་ཡོད་པའི་གནའ་རྫས་ཞིབ་འཇུག་མཁས་པའི་ཁྲོད་གདེང་འཇོག་དང་ངོས་ལེན་མ་ཐོབ་པའི་དཀའ་ངལ་ཡང་ཡོད་འདུག
བདག་གིས་ནི་དེ་སྔོན་ཨིན་ཊི་ཡན་མི་རིགས་ཀྱི་སྐོར་ལ་དཔེ་ཀློག་དང་རྒྱུས་ལོན་བྱེད་འགོ་རྩོམ་དུས། ཁོང་ཅག་ནི་སོག་པོ་རྩྭ་ཐང་དང་བོད་བྱང་ཤར་འབྲོག་ཐང་གི་མི་རིགས་ཞུང་ནུའུ་འམ། ཡང་ན་སྤྱང་ངམ་ཆང་གི་མི་རྒྱུད་ཡིན་ནམ་སྙམ་ཞིང་། ཞུང་ནུའུ་ནི་ཆེས་སྔ་བར་གྲགས་པའི་རྒྱ་ནག་གི་དཔེ་དེབ་༼སྨྱུག་མའི་གླེགས་བམ༽་ནང་སོག་པོ་དང་། ཀན་སུའུ་ཡི་ཡུལ་ལུང་ན་འཚོ་སྡོད་བྱེད་ཅིང་།དྲག་པོའི་གཡུལ་འགྱེད་ལ་མཁས་ཤིང་། བཞོན་རྟ་རྐྱེན་པོ་ལ་བཅིབས་ནས་ཕྱོགས་བསྐྱོད་བྱེད་མཁན་མི་རིགས་བཙན་པོ་ཞིག་ལ་ངོས་འཛིན་བྱས་ཡོད་འདུག་ལ། དེ་བཞིན་ཆང་ངམ། སྤྱང་རིགས་ཀྱང་སྤྱི་ལོ་སྔོན་གྱི་རྒྱའི་རུས་བརྐོས་ཡི་གེ་ནང་རྒྱའི་ནུབ་བྱང་སྟེ་བོད་ཀྱི་བྱང་ཤར་རུ་འབྲོག་མིའི་འཚོ་བར་རོལ་བའི་གདོད་མའི་མི་རིགས་ཞིག་ལ་ངོས་འཛིན་དང་། དེ་ཡང་ཡུལ་ཕྱོགས་རྒྱ་ཆེན་པོར་ཁ་བཀྲམས་ནས་འཚོ་སྡོད་བྱེད་པའི་འབྲོག་པའི་ཚོ་ཁག་སྤྱི་ཡི་མིང་ཞིག་མིན་ནམ་བསམས་ཤིང་། མཚོ་སྔོན་ནས་ཡར་ཕྱིན་ན་ཀན་སུའུ་དང་། དེ་ནས་ཡར་ཕྱིན་ན་སོག་ཡུལ། དེ་ནས་ཡར་ཕྱིན་ན་སེི་སྦུར་རི་ཡའི་བྱང་ཐང་ལ་སླེབས་པ་ཡིན་པས། རྟ་བཟང་བུ་བཟང་གི་གདོད་མའི་འབྲོག་པ་ཚོ་ཁག་ཅིག་ཤར་ཨེ་ཤི་ཡའི་བྱང་ཤར་གྱི་མཐའ་སྣེ་སེ་སྦུར་རི་ཡ་ལའང་སླེབས་ནས་སྦྲ་གུར་ཕུབ་ཞིང་། རྡོ་ཐབ་བཙུགས་ནས་མཚེར་ས་བཟུང་། དེ་ནས་རིམ་གྱིས་ཨ་ལ་སི་ཀའི་ཕྱོགས་སུ་བསྐྱོད་ནས་ཨ་རིའི་འབྲོག་ཐང་སོགས་ལ་སླེབས་པ་མིན་ནམ་སྙམ་ཞིང་། གཅིག་བྱས་ན། མདོ་སྨད་ཀྱི་འབྲོག་ཐང་ནས་ཨ་རིའི་བྱང་འབྲོག་ཊེ་ཁོ་ཊ་བར་རིགས་རྫས་DNA་ཡི་སྐྱ་ཐིག་གསལ་ལ་མ་གསལ་བ་ཞིག་འཐེན་ཡོད་ཀྱང་སྲིད་སྙམ་མོ།
ཡིག་ཐོག་ལོ་རྒྱུས་མ་བྱུང་སྔོན་གྱི་མིའི་མཆེད་ཁུངས་རྩད་གཅོད་བྱེད་རྒྱུ་དེ་དེ་འདྲ་ལས་སླ་བོ་དང་མགོ་རྙོག་མེད་པ་ཞིག་མ་ཡིན་པ་འདྲ་སྟེ། མིའི་འབྱུང་ཁུངས་སྤྱི་དང་བྱེ་བྲག་ཏུ་ས་སྒང་རིལ་བོ་འདིའི་ཡུལ་གྲུ་སོ་སོར་དེང་སྐབས་གནས་འཆའ་བའི་མི་རིགས་མ་འདྲ་བའི་མཆེད་ཁུངས་དེའང་གཅིག་ཏུ་མི་ངེས་པར། ཨ་ཧྥུ་རི་ཀ་ནས་མཆེད་ཐོན་{Out of Africa Model}་དང་ཡུལ་ལུང་སོ་སོ་ནས་བྱུང་འཕེལ་གྱི་བཞེད་ཚུལ་{Multiregional Continuity Model}་ གྲུབ་མཐའ་ཁག་མི་འདྲ་བ་གཉིས་སུ་གྱེས་འདུག་ལ། བཞེད་ལུགས་སྔ་མ་ལྟར་ན་ལོ་ངོ་ཆིག་འབུམ་མ་ཟིན་ཡར་སྔོན་དུ་༼ལོ་ངོ་ཁྲི་ལྔ་ནས་དྲུག་སྔ་རོལ་དུ༽་མིའི་རྣམ་པ་ཡོངས་སུ་དོད་པའི་འགྲོ་བ་མིའི་རིགས་ཤིག་ཨ་ཧྥུ་རི་ཀ་ནས་ཁ་གྱེས་ཏེ་ཡོ་རོབ་དང་ཤར་གླིང་སོགས་འཛམ་གླིང་ཡུལ་གྲུ་སོ་སོར་མཆེད་དེ་དེར་ཡོད་ས་གནས་གདོད་མའི་ཡ་ཐོག་འགྲོ་མི་རྩ་མེད་དུ་བཟོས་ཤུལ་ནས་གནས་ཡུལ་ཟིན་པར་འདོད་ལ། བཞེད་ཚུལ་འདིར་དེང་སྐབས་གནའ་རྫས་རིག་པ་སྨྲ་བ་ཚོས་ཨ་ཧྥུ་རི་ཀ་ནས་རྙེད་ནས་པའི་ལོ་ངོ་ས་ཡ་ཟིན་པའི་ཡ་ཐོག་ཀེང་རུས་དང་ཤར་གླིང་དང་ཡོ་རོབ་ནས་རྙེད་པའི་ཡ་ཐོག་མིའི་ཀེང་རུས་དང་ཀ་ལི་སོགས་ལ་བརྟག་དཔྱད་དང་ཞིབ་བསྡུར། སྐྱེས་ཁམས་རིག་པས་རིགས་རྫས་སྐུད་ཐག་ཕྲ་མོ་ཊེ་འན་ཨེད་(DNA)་ཐོ་གཏུགས་དང་ཁུངས་འདེད་བྱས་ནས་ར་སྤྲོད་ཡིད་རྟེན་འཕེར་བ་རྙེིད་ཡོད་འདུག་ལ། གྲུབ་མཐའ་འདིའི་རྗེས་འཇུག་ཀྱང་མང་ཤོས་ཡིན་འདུག།
བཞེད་ཚུལ་ཕྱི་མ་ལྟར་ན་ལོ་ངོ་ས་ཡ་གཉིས་ཙམ་གྱི་སྔོན་དུ་ཨ་ཧྥུ་རི་ཀའི་གླིང་དུ་ཡ་ཐོག་སྤྲ་མི་མི་རུ་ཡོངས་སུ་མ་འགྱུར་གོང་རང་ཡུལ་ནས་ཁ་གྱེས་ཏེ་ཤར་གླིང་དང་ཡོ་རོབ་རོགས་ལ་མཆེད་ནས་ཡུལ་ལུང་སོ་སོ་ནས་རིམ་གྱིས་སྤྲ་མི་མིའི་རྣམ་པར་བྱུང་བར་སྨྲ་ལ། བཞེད་ཚུལ་ཕྱི་མ་འདི་ཨིན་ཊི་ཡན་མི་རིགས་མཆེད་ཁུངས་ཀྱི་མཐུན་ཕྱོགས་སུ་འགྲོ་ཞིང་། ལོ་ཚིགས་མ་གཏོགས་བོད་མིའི་འབྱུང་ཁུངས་བཞེད་སྟངས་དང་མཐུན་པའི་ཆ་འདུག་ལ། འབྱུང་ཁམས་ཚན་རིག་བསྟན་བཅོས་ཀྱི་ཕྱི་མོར་འབོད་པའི་བརྡར་ཝུན(Charles Darwin)་་གྱི་གསུང་རྩོམ་༼སྐྱེ་དངོས་སྲོག་ཆགས་ཀྱི་འབྱུང་ཁུངས <> ༽་ནང་ “In the future…………..much light will be thrown on the origin of man and his history”ཞེས་མིའི་འབྱུང་ཁུངས་དང་མིའི་ལོ་རྒྱུས་སྐོར་ལ་འབྱུང་འགྱུར་ཇེ་གསལ་དུ་འགྲོ་རྒྱུ་ཡིན་པ་གསུངས་འདུག་ལ། སྐད་ཆ་དེ་ནི་༡༨༥༩་ལོར་ཐོན་པ་ཞིག་དང་། གལ་སྲིད་<>་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་མཛད་པ་ཡིན་ན། བོད་མིས་རང་རིགས་སྤྲ་མི་ལས་བྱུང་ཚུལ་གྱི་སྐྱ་ཐིག་རགས་པ་ཞིག་ཡིག་ཐོག་ཏུ་ཕབ་ནས་མི་ལོ་ཆིག་སྟོང་ལྷག་ཕྱིན་པའི་རྗེས་སུ་རང་བྱུང་ཚན་རིག་པ་ཆེན་པོ་ཁོང་གིས་མི་ནི་སྤྲ་མི་ལས་བྱུང་བའི་སྐོར་ལ་གཞི་ནས་ཤེས་རྟོགས་བྱེད་རྒྱུ་ཡིན་འདུག་ལ། བརྡར་ཝུན་གྱི ་༼སྐྱེ་དངོས་སྲོག་ཆགས་ཀྱི་འབྱུང་ཁུངས༽་པར་ཏུ་བཏབ་ནས་ལོ་ངོ་བཞིའི་རྗེས་སྟེ་༡༨༦༣་ལོར་ཁོང་གི་ལྟ་གྲུབ་སྲུང་མཁན་སྒོ་ཁྱི་བཙན་པོ་Bulldog་རུ་འབོད་ཅིང་། མིའི་ལུས་ཁམས་གྲུབ་སྟངས་རིག་པ་སྨྲ་བ་སྐུ་ཞབས་ ཐོ་མ་སི ཧན་རེ ཧ་སུ་ལེ་( Thomas Henry Huxley)་་ཡིས་སྤྲ་མི་དང་མི་མཆེད་ཁུངས་གཅིག་ཡིན་ཚུལ་གྱི་གཞུང་ལུགས་ ༼སྣོད་ཀྱི་འཇིག་རྟེན་ནང་མིའི་གནས་བབས་སྐོར་ལ་དཔང་རྟགས ༼Evidence as to Man’s Place in Nature༽༽ ཞེས་པ་པར་སྐྲུན་བྱས་ནས་སྤྲ་ལས་མི་བྱུང་བའི་རིག་པ་སྨྲ་བའི་མཁས་པའི་དེད་དཔོན་གྱི་ཆོ་ལོ་དེ་ལོ་རྒྱུས་ཐོག་ཁོང་གིས་བཞེས་འདུག
བོད་པའི་ལོ་རྒྱུས་དང་རྩོམ་རིག་གི་གླེགས་བམ་ཁྲོད་སྔ་མོ་ནས་ཡི་གེར་འཁོད་ཡོད་པའི་བོད་མི་གདུང་དྲུག་སྤྲ་མི་ལས་བྱུང་བའི་བཤད་སྟངས་དེ་འདྲ་ཞིག་གྷི་རིག་དང་ལ་ཏིན་གྱི་དཔེ་ཆ་རྙིང་བ་དེ་འདྲའི་ནང་ཡོད་པ་ཡིན་ན། ནུབ་ཕྱོགས་ཀྱི་མཁས་པ་དེ་ཚོས་ཧབ་ཐོབ་རྒྱག་བཞིན་མིའི་བྱུང་རབས་ཀྱི་ཚན་རིག་གི་ཆུ་འགོ་ལྟ་བུར་བགྲང་ནས་དེ་ལ་འགྲེལ་ཆེན་འགྲེལ་ཆུང་པོ་ཏི་བཅུ་ཕྲག་ལོངས་བ་བརྩམས་ཡོད་པ་མ་ཟད། ཧ་སུ་ལེའི་༼སྣོད་ཀྱི་འཇིག་རྟེན་ནང་མིའི་གནས་བབས་སྐོར་ལ་དཔང་རྟགས༽ དང་བརྡར་ཝུན་གྱི་བརྩམས་ཆོས་སྐད་གྲགས་ཅན་གཞན་ཞིག་སྟེ་༼མིའི་བྱུང་བ ༼<The Descent of Man༽ ༽ཞེས་པ་སོགས་ཀྱི་གླེགས་བམ་ནང་སྐད་གསེང་མཐོན་པོས་ལུང་འདྲེན་བྱས་ནས་ངོ་མཚར་བའི་ཆེ་བསྟོད་ཕུལ་ཡོད་པ་ཁ་ཚོན་བཅད་ནས་བཤད་ཆོག།
འོན་ཏེ། དེ་ལྟར་མ་ཡིན་པར།་བོད་མིའི་འབྱུང་ཁུངས་བཤད་སྟངས་དེ་ད་དུང་ཡང་ལྷ་སྒྲུང་དུ་གདགས་ནས་ཟུར་འདེད་དང་། ཁེར་རྐྱང་། སྣང་མེད་དུ་བཞག་ཡོད་པ་ནི། ནུབ་ཕྱོགས་ཀྱི་རྟོག་གེ་བ་དང་ཁོང་ཚོའི་རྗེས་འབྲངས་བ་ཚོས་རང་གི་རིག་གནས་ལ་ཚན་རིག་ཟེར་བའི་མིང་རྫིག་པོ་ཞིག་བཏགས་ཞིང་། དེ་ནི་བདེན་རྫུན་གྱིན་ཁྲུན་ཐག་གཅོད་བྱེད་ཀྱི་མ་འཁྱོག་ཚངས་ཐིག་ལྟ་བུ་ཞིག་ཏུ་བརྩིས་ནས་གཞན་གྱི་རིག་གནས་ཀྱི་རིང་ཐུང་དང་མཐོ་དམན་ཀྱང་ཐིག་ཤིང་དེའི་ངོར་ཚད་འཇལ་བྱེད་ལ། ང་ཚོས་ཀྱང་དེ་དེ་བཞིན་ནོ་ཞེས་རང་གི་རིགས་པ་ས་ལ་བརྡབ་བས་ཀྱང་ཡིན་ལ། དེ་བས་ཀྱང་། རིགས་པ་འདོན་པ་པོ་གང་ཟག་གམ་མི་རིགས་དེའི་ཤ་མདོག་ཅི་ཞིག་ཡིན་པ་ལའང་འབྲེལ་བ་མེད་པ་ཞིག་མིན་པས། བོད་ཀྱི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འཛམ་གླིང་མིའི་རིགས་བྱུང་འཕེལ་ལོ་རྒྱུས་ཀྱི་བཞུགས་གྲལ་དུ་སྙེག་པའི་དུས་ཤིག་འཆར་སྲིད་དམ། གཅིག་བྱས་ན་དེ་འདྲའི་དུས་སྐབས་ཤིག་སྲིད་ནའང་ཐང་།
དེ་ནས། ངེད་ཅག་མེས་པོ་གོང་མ་ཚོའི་ངག་རྒྱུན་ན་ཡོད་པའི་མི་དྲེད་དང་གངས་སེང་། ཁྱུང་ཆེན་དང་འབྲུག་སོགས་ཀྱི་སྐོར་ལའང་རང་བཞིན་གྱིས་བསམ་བློ་ཞིག་འཁོར་ཞིང་། གདོད་མའི་སེམས་ཅན་དེ་ཚོ་ངེད་ཅག་གི་ཡབ་མེས་སྔོན་མ་དེ་རྣམས་དང་དུས་ཐོག་གཅིག་ལ་གངས་རི་རྭ་བས་བསྐོར་བའི་གནའ་བོའི་བོད་ཡུལ་དེར་ཁོར་ཡུག་གཅིག་ནང་འཚར་ལོངས་བྱུང་བའི་རི་དྭགས་དང་འདབ་ཆགས་ལོས་ཡིན་སྙམ་ཞིང་། དུས་འགྱུར་ཀྱི་ཁུག་པ་ཆེན་པོ་རེ་རེ་ནས་གནམ་གཤིས་དང་ཁོར་ཡུག་གི་འགྱུར་ལྡོག་ཆེན་པོའི་བརྡབ་གསིག་ཁྲོད་འཚོ་བྱེད་ཁོར་ཡུག་གི་མཐུན་རྐྱེན་འཁྲུག་པ་དང་ལྷན་རིགས་རྒྱུད་རྩ་སྟོངས་སུ་ཕྱིན་པ་ཡིན་ནམ་བསམ་ཞིང་། ནམ་ཞིག་གི་ཚེ་ན། བོད་གངས་ཅན་གྱི་ཁ་བའི་འཁྱག་རོམ་གྱི་འོག་གམ། གངས་རིའི་རྟིང་ངམ། མཚོ་ཡི་ཞབས་སམ། ཡང་ན། དུས་བཞིར་གྲང་རླུང་འུར་འུར་ལྡང་བའི་བྱང་ཐང་གི་ས་འོག་ནས་བོད་པ་གནའ་རྫས་ཞིབ་འཇུག་པ་དེ་འདྲས་གངས་སེང་གི་རུས་ལྷག་དང་། འབྲུག་དང་ཁྱུང་ཆེན་མི་དྲེད་ཀྱི་ཀེང་རུས་རྙེད་དེ་ལོ་རྒྱུས་ཟིན་ཐོར་འགོད་པའི་དུས་ཤིག་ཀྱང་ཡོད་རེ་སྙམ་ཞིང་། དེ་དུས། སྙན་ངག་པ་དེ་འདྲས། གངས་ཀྱི་སེང་གེ་ཁ་བའི་གཏིང་ལ་ཉལ།། སྒྲོ་བཏགས་མ་ལགས་ཨ་ཕོས་མངོན་སུམ་མཇལ།། ཞེས་སེང་རུས་དང་ཁྱུང་རུས་འབྲུག་རུས་མི་དྲེད་ཀྱི་རུས་པ་ལོ་ངོ་ཁྲི་ཁྲག་མང་པོ་ཟིན་པ་དེ་འདྲ་ལག་ཏུ་བླངས་ནས་གདུང་དམར་བོད་ཀྱི་ཡབ་མེས་ཚོའི་ཕྱོགས་ལ་དད་པའི་མིག་ཆུ་ཁྲུམ་ཁྲུམ་གཏོང་ཞིང་སྐྱོ་བའི་གདུང་འབོད་ཤུབ་ཤུབ་བཟློ་བའི་དུས་ཤིག་ཀྱང་འཆར་ན་ཐང་ཞེས་རི་སྤྱང་ཁེར་འགྲོ་རུ་འབོད་པ་ནས་འདུ་འཛི་རྦ་ཀློང་རབ་ཏུ་འཁྲིགས་པའི་ཡུལ་ཤིག་ཏུ་རང་ཤག་གཡར་མའི་ཕུག་པ་ནས་༢༠༡༠།༩།༢༨ཉིན་རྗོགས་པར་སྦྱར་བ་དགེའོ།།
སྔོན་བྱོན་ལོ་པཎ་མཁའ་ལྡིང་གཤོག་རླབས་དུས་མཐའི་བདག་འདྲ་སྦྲང་འཕུར་ཙམ་ཡང་འེ་རེད་ལགས།།
མེས་པོའི་ལྗགས་རྩོམ་གངས་ཀྱི་ཀླུང་ཆེན་བདག་གི་འདི་འདྲ་འདམ་བུའི་ཆུ་རྙོག་རེད་དམ་ཅི།།
ཕ་སྐད་དྭངས་མར་ཆུང་ནས་འདྲིས་པའི་བརྩེ་དུང་ཟབ་མོ་གཞན་སྐད་གཡོན་མས་མ་འཕྲོག་པར།།
ཐོན་མིས་གནང་བའི་ངག་གི་གཏན་གྲོགས་ཀ་མད་སུམ་ཅུར་དགའ་བ་མཚོན་ཕྱིར་ངས་འདི་བྲིས།།
ངས་འདི་གར་ལོ་རེ་བཞིན་ཐུགས་རྗེ་ལེགས་འབུལ་Thanksgiving དུས་ཆེན་བསླེབས་ཐེངས་རེ་རེར་གི་སློབ་མ་ཨ་རི་བ་ཚོར་ཁྲིར་ཁེས་ཟེར་བའི་བྱ་ཤ་མ་ཟ་རོགས། རྒྱུ་མཚན་ནི་དུས་སྟོན་འདི་ནི་ཨིན་སྒྲི་ཡན་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཉི་མ་ནག་པོ་དེ་རེད་ཟེར་བཞིན་ཡོད་ལ། མི་དཀར་རེ་འགའ་དགའ་གིན་འདུག་ལ་རེ་འགས་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་འདུག
ཡིད་སྐྱོ་བ་ཞིག་ལ་དེང་སྐབས་གསེར་ལས་ས་རྡོ་བྲན་པའི་དུས་ཡིན་པས་རྩོམ་འདི་འདྲ་ལ་ཡིན་འཇོགས་དང་མཆན་འབྲི་མཁན་ཉུང་ཉུང་ལས་བྱུང་གི་མ་རེད། དེ་ལས་ཆགས་སྲིད་དང་དམར་ཕྱོགས་ཀྱི་ལྟ་བ་རེ་བཤད་ན་སྐྱག་འབུ་ཤ་ལ་འཁོར་བ་བཞིན་འཚང་ཡོང་གི་རེད།
ཉོན་དང་ཉོན་དང་། ད་ལྟ་ངའི་འཁྲིས་ཀྱི་རླུང་འཕྲིན་འདིའི་ནང་དུ་ཨ་རིའི་མི་དཀར་དག་གིས་རྒྱུ་ཤུགས་ཚད་ནས་མི་ནག་ཚོ་གྲོང་ཁྱེར་ཆེན་མོ་དག་ནས་ཕྱིར་འབུད་བྱེད་བཞིན་པའི་སྐོར་བགྲོ་གླེང་བྱེད་བཞིན་འདུག
ཨ་ཁུ་ཀླུ་སྨྱོན་གྱི་བརྙན་འཕྲིན་དེ་དེ་འདྲའི་སྐབས་འཁེལ་རྒྱུ་ལ། དངོས་གནས་ཡག་པོ་འདུག ངས་ནམ་རྒྱུན་ལྟ་ཤེས་ན་རྩོམ་ཡིག་དང་དཔེ་ཆ་ཀློག་པ་དང་བརྙན་འཕྲིན་ལས་དོན་དག་གང་ཞིག་ལ་ལྟ་བ་གཉིས་གཅིག་པར་ངོས་འཛིན་གི་ཡོད།
བོད་པ་ཟེར་བས་བཤད་པ་དངོས་གནས་བདེན་པ་རེད། རི་སྤྱང་དང་རྔ་བ་རྒྱལ་ཁམས་པ། རྡོ་རྦིས་བློ་ཡོན་དང་ཀླུ་སྨྱོན་དང་དགེ་རབ་ལྟ་བུ་སོགས་རེ་ཟུང་གིས་འདི་ལྟ་བུའི་ཀློག་རིན་ཡོད་པའི་རྩོམ་ཡིག་བྲིས་ཡོང་གི་འདུག དངོས་གནས་དྲ་འདིའི་རྒྱན་རེད་ཡ། ཨོ་ད་དུང་སོགས་སྒྲའི་ནང་དུ་རྩོམ་པ་པོ་རྒན་རིམ་པ་འགའ་ཡོད།
ཡ་ད་རྩོམ་ཡིག་འདི་གཉིས་ཀ་འཕྲུལ་པར་དུ་ལེན་གི་ཡིན། སང་ཉིན་ཙོང་ཁ་ཟ་ཁང་གི་ཀླད་ལ་སོང་ནས་ལྷོད་ལྷོད་བྱས་ནས་ཁོ་ཧྥེ་འཐུང་ཞོར་ལ་ཀློག་གི་ཡིན།
རི་སྤྱང་ཁེར་འགྲོ་ཁྱོད་ལ་དམིགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། མུ་མཐུད་ནས་ང་དང་ང་འདྲ་བའི་ཀློག་མཁན་དག་ལ་འདི་དང་འདི་ལྟ་བུའི་རྩོམ་ཡིག་མུ་རུ་འགོད་རོགས་ཞུ།
མིའི་མཆེད་ཁུངས་དང་མཆེད་རིམ་དེ་ཚོར་ཅིག་བལྟས་ཡོང་ན། ་་ཚན་རིག་དང་མཐུན་པའི་གཏམ་་ མང་བོ་ཞིག་ཀྱང་ད་ཆ་ལྷ་སྒྲུང་ལྟ་བུ་ཞིག་ཏུ་ཡོངས་སུ་གྱུར་ཚར་མི་འདུག་གམ།
མིའི་ལོ་རྒྱུས་ཐག་མ་བཅད་སྔོན། ང་ཚོ་འཚོ་སྡོད་བྱ་ཡུལ་གྱི་ས་གཞི་རིལ་མོ་འདིའི་ལོ་རྒྱུས་དེ་ཡིད་གཏན་ཁེལ་བ་ཞིག་མ་བྱུང་བར་མིའི་མཆེད་རིམ་མཆེད་ཁུངས་དེ་ཚོ་ཐག་ཆོད་པ་དང་གཅིག་གྱུར་ཞིག་ཡོང་གི་མ་རེད་འདོད། ཨོ་ད་འགྲོ་དགོས་བྱུང་སོང་། ལས་ཀ་ཤོག་ཟེར་ནས་ཁ་པར་སླེབས་སོང་།
རི་སྤྱང་ཁེར་འགྲོས་ཀྱི་རྩོམ་དེ་ཡག་པོ་འདུག་བསམ་སོང་། ཕྱོགས་གཅིག་ནས་ངས་མིའི་རིགས་མཆེད་ཁུངས་ཀྱི་ལོ་རྒྱུས་དེ་འདྲ་དམིགས་གསལ་གྱི་ཀློག་མྱོང་མེད་པས། རྩོམ་པ་པོ་དང་དུས་ཚིགས་སོགས་ངོ་རྟགས་ཡག་པོ་ཆོད་མ་སོང་། ཡིན་ན་ཡང་མིའི་རིགས་མཆེད་ཁུངས་ལ་ཞིབ་མཇུག་བྱས་པའི་གློག་བརྙན་ཁ་ཤས་དང་རྩོམ་ཡིག་ཁ་ཤས་ཤིག་བཀློགས་མྱོང་བ་དང་། ལྷག་པར་དུ་གོང་གི་རྩོམ་ཡིག་བརྗོད་སྙིང་ཨ་རིའི་ཨན་སྒྲིན་ཡན་༼ཨ་རིའི་ཡུལ་མི་༽གྱི་ས་གནས་ཁ་ཤས་ཤིག་ལ་སོང་མྱོང་ཡོད་པས་རང་གི་མཐོང་མྱོང་བའི་གནས་ཚུལ་ཁ་ཤས་ཤིག་བཤད་འདོད་བྱུང་། ང་རང་ཟླ་ཁ་ཤས་ཀྱི་སྔོན་ལ་ནཱ་བ་ཧོ་༼ཨ་རིའི་ཡུལ་མིའི་ཚོ་ཕྱོགས་གཅིག་གི་མིང་༽ཧོ་པས་༼འདི་དེ་མཚུངས་ཡིན༽ཀྱི་ས་ལ་སོང་བ་དང་ས་གནས་ཡུལ་མིའི་འགྲེམ་སྟོན་ཁང་ཁ་ཤས་ཤིག་ལ་ཡང་སོང་བ་ཡིན། ཨ་རིའི་ཡུལ་མིའི་འགྲེམ་སྟོན་ཁང་སོགས་ན་ཁོ་རང་ཚོ་ཤར་ཕྱོགས་ནས་ཡོང་བ་ཡིན་པའི་གནས་ཚུལ་སོགས་ཅི་ཡང་བཀོད་མི་འདུག ཡིན་ན་ཡང་མི་དེ་ཚོའི་ངོ་གདོང་མཐོང་དུས་ང་ལ་རང་ཤུགས་ཀྱིས་ཚོར་བ་ཞིག་སྤྲད་བྱུང་། ངའི་སེམས་ལ་མི་འདི་ཚོ་སོག་པོའི་མི་ཚ་བའི་ནང་ནས་མཚར་ལོངས་བྱུང་བ་འདྲ་བོ་འདུག་ཨང་བསམ་སོང་། གདོང་དབྱིབས་ཤར་ཕྱོགས་ཀྱི་མིའི་གདོང་དབྱིབས་ཤུགས་ཆེ་བ་དང་སྐྱེས་པ་མང་ཆེ་ཤོས་ཀྱི་སྐྲ་རིང་པོ་བཞག་འདུག འགྲེན་སྟོན་ཁང་དེའི་ཕྱི་ལོག་ན་ཁོ་རང་ཚོའི་སྲོལ་རྒྱུན་གྱི་ཁང་བ་ཞིག་འདུག ང་རང་ཁང་བ་དེའི་ནང་ལ་བལྟ་རུ་སོང་བ་ཡིན། ཕྱི་ནང་གཉིས་ཀྱི་དབྱིབས་ནི་སོག་པོའི་གུར་གྱི་བཟོ་བལྟ་འདྲ་བོ་འདུག ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་བྲག་ངོས་ཀྱི་རི་མོ་ནི་རི་དྭགས་རྔོན་པའི་ཚུལ་ལས་མ་འདས། འགྲེམ་སྟོན་ཁང་གི་དཔར་མང་པོ་ཁོ་རང་ཚོས་འབྲོག་པའི་འཚོ་བ་བསྐྱལ་བའི་དཔར་རེད། རི་ཆུ་སོགས་ལ་དད་པ་བྱེད་པའི་ཤུགས་ཆེ་འདུག ངས་དེ་ནས་བུད་མེད་ཞིག་ལ་ཁ་བརྡ་ཏོག་ཙམ་བྱས་པ་ཡིན། མོ་རང་གིས་བོད་པ་ཟེར་ན་ཧ་གོ་ཡོད་པ་དང་མོ་རང་གིས་སློབ་ཆེན་འདོན་སྐབས་སློབ་གྲྭ་དེའི་ནང་ལ་བོད་པ་ཁ་ཤས་ཡོད་རབས་ཟེར། ངས་ཨ་རིའི་ཡུལ་མི་དང་སོག་པོའམ་བོད་ཀྱི་སྐོར་ལ་འབྲེལ་བ་ཅུང་ཙམ་ཡོད་རབས་བཤད་ཁུལ་བྱས་པ་ཡིན་མོད། མོ་རང་དེ་ལ་དོ་སྣང་ཞེ་དྲག་སླེབས་མ་སོང་། ཁོ་རང་ཚོ་ཨ་རིའི་ཡུལ་མི་ཡིན་པའི་ལོ་རྒྱུས་དང་མི་དཀར་དང་དམག་འཁྲུག་བརྒྱབ་པའི་ལོ་རྒྱུས། མི་དཀར་གྱིས་ཁོ་རང་ཚོ་སྡུག་ལ་གཏད་པའི་ལོ་རྒྱུས་མང་བ་འདུག ཡིན་ན་ཡང་ཁོ་རང་ཚོ་གང་ནས་ཡོང་བའི་སྐོར་གྱི་ལོ་རྒྱུས་ཅང་བཤད་རྒྱུ་མི་འདུག གཅིག་ཐེངས་ན་དེ་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་མེད་པ་འདྲ། སྲོལ་རྒྱུན་གྱི་ཞབས་བྲོ་འཁྲབ་ན་ཡང་མི་མང་གིས་སྐོར་བ་བརྒྱབ་ནས་འཁྲབ་པ་དང་སྲོལ་རྒྱུན་གྱི་ལྭ་བ་དང་ཞྭ་མོའི་སྒང་ལ་བྱ་སྒྲོ་མེད་མཁན་ཉུང་ཉུང་རེད། ང་ཚོ་བོད་ཀྱི་དུས་སྟོན་སོགས་ཀྱི་རྣམ་པ་འདྲ་བོ་འདུག
དེ་ནས་སྤྱི་ལེ་ཁ་ཤས་ཀྱི་ས་ན་རི་སྤྱང་ལགས་ཀྱིས་བཤད་པ་བཞིན་འབྲུག་ཆེན་འཛོམས་པའི་ས་ཆ་ཞིག་འདུག ལོ་ངོ་ས་ཡ་མང་པོའི་ལོ་རྒྱུས་རེད་ཟེར། གང་ལྟར་དེ་ལ་བལྟ་རུ་སོང་བ་དང་ང་རང་དངོས་གནས་ཡ་མཚར་སོང་། འབྲུག་ཆེན་གཅིག་པོ་མ་ཡིན་པར་སེམས་ཅན་གཞན་པ་དེ་འདྲའི་རྐང་རྗེས་ཧ་ཅང་མང་བ་འདུག ངས་དང་པོ་འབྲུག་ཆེན་གྱི་རྐང་རྗེས་གཅིག་གཉིས་ཤིག་ཡིན་རྒྱུ་རེད་བསམ་སོང་། ས་གནས་གཞན་པ་ན་དེ་འདྲ་འདུག ཡིན་ན་ཡང་ས་གནས་འདིའི་འབྲུག་ཆེན་གྱི་རྐང་རྗེས་བགྲང་གིས་མི་ལངས་པ་ཞིག་འདུག ལྷག་པར་དུ་འབྲུག་ཆེན་གྱི་སྐྱག་པ་དང་སྒོང་བ་རེད་ཟེར་ནས་སྟོན་རྒྱུ་འདུག དེའི་ལོ་རྒྱུས་དང་རྒྱབ་ལྗོངས་སོགས་ལ་འགྲེལ་བཤད་རེ་བྱས་དུས་ཅི་མ་བདེན་བསམ་ཡ་ཞིག་རེད།
འདི་ནི་ལོ་རྒྱུས་དང་རིག་ལམ་སོགས་ཀྱིས་རྒྱབ་སྐྱོར་ཅི་ཡང་མེད་པར་རང་གིས་མཐོང་མྱོང་ཙམ་ཡིན།
རྒྱུ་མཚན་མེད་པར་ངའམ་ངའི་རང་ཤེད་ཀྱིས་རྨོངས་ཚོད་ལ། བོད་རིགས་འདི་བཞིན་མི་རིགས་མི་ཉུང་བ་ཞིག་གི་མཆེད་ཁུངས་མིན་འགྲོ་སྙམ་པ་ཡོད། བསམ་བློ་དེ་དང་ཐག་ཉེ་རུ་བཏང་སོང་བས། རྩོམ་པ་པོ་ཚོར་ཐུགས་རྗེ་ཆེ་ཞེས་ཞུའོ།