༡
སོང་སོང་མཐར་ཉམ་ང་བའི་བྱེ་ཐང་ཆེན་པོ་ཞིག་ཏུ་སླེབས་སོང
སྐོམ་ཆུ་དང་ཁ་ཟས་ཅི་ཡང་མེད་སའི་བྱེ་ཐང་ཞིག་ཏུ་སླེབས་སོང
མ་གཞི
ངས་དཀའ་སྤྱད་ཀྱིས་གོམ་པའི་འདེགས་འཇོག་ཡོད་ཚད་བདེ་སྐྱིད་ཅིག་གི་ཆེད་དུ་བསྒྱུར་བ་ཡིན་མོད
ཉམ་ང་བའི་བྱེ་ཐང་ཆེན་པོ་འདི་ངའི་དོན་གྱིས་སྙེགས་བྱ་དེར་གྱུར་སོང
༢
བྱེ་ཐང་བགྲོད་པར་རྔ་མོང་ཧ་ཅང་བཟང་ཟེར
འོན་ཀྱང་ངས་སེམས་ཅན་ཞིག་གི་སྒལ་བར་ཞོན་པ་ལོ་གསུམ་གྱི་གོང་ནས་སྤངས་ཟིན་པས
ད་ནི་ང་རང་གི་རྐང་པ་གཉིས་ཀ་རྔ་མོང་བྱེད་དགོས་པ་མ་ཡིན་ནམ
རྔ་མོང་ཨ ངའི་རྐང་པ་གཉིས
ཐང་ཆེན་པོ་འདིའི་དཀྱིལ་ནས་ལུས་མི་ཉན་ཨང
༣
ངས་འདི་ལྟར་བསམ་བཞིན་རྔ་མོང་ལ་ཞོན
ཨོ་མ་རེད རྔ་མོང་གིས་ང་ཤུགས་ཀྱིས་འཁུར་ཏེ་བྱེ་ཐང་བརྒལ
བསམ་གཞིག་དང་ཐབས་ཤེས་ཁྲི་ཕྲག་བརྗེ་བོ་བརྒྱབས་ཀྱང
ཀོ་ལྷམ་དང་རས་ལྷམ་སྟོང་ཕྲག་བརྗེས་སྤོར་བྱས་ཀྱང
ཉམ་ང་བའི་བྱེ་ཐང་ཆེན་པོ་འདི
ངས་ད་དུང་བརྒལ་མ་ནུས་ཐལ
༤
ལྷམ་མེད་པར་བྱེ་ཐང་བགྲོད་པའི་ང
བྱེ་ཐང་རེ་བརྒལ་ན་བྱེ་རི་རེར་ཐུག་བྱུང
བྱ་རི་རེ་བརྒལ་ན་སླར་ཡང་བྱེ་ཐང་རེར་ཐུག་ཡོང་བས་ན
ང་དོན་དམ་པའི་བྱེ་ཐང་འདི་ནས་ཐར་ཐུབ་བམ
༥
སོང་སོང་མཐར་ངལ་ཞིག་དུབ་པའི་ངས
ལྟོགས་སྐོམ་ཀྱིས་ཡོངས་སུ་གཟིར་བའི་ངས
ལག་ཟུང་ཐོད་ལ་བཀབ་སྟེ་རྒྱང་དུ་བལྟས
མདུན་ཕྱོགས་ཀྱི་རྒྱང་རིང་དུ་ཆུ་བོ་ཆེན་པོ་རེ་མཐོང་ཐུབ
མདུན་ཕྱོགས་ཀྱི་རྒྱང་རིང་དུ་རྩྭ་ཐང་ཡངས་པོ་རེ་མངོན་ཡོང
མདུན་ཕྱོགས་ཀྱི་རྒྱང་རིང་དུ་སླར་ཡང་བྱང་ཐང་ཆེན་རེ་ཁད་ཀྱིས་མངོན་ཡོང
༦
མིག་ཟུངས་ཟད་ཅིང་ཤེས་པ་ཉམས་པའི་ང
ཁ་སྣ་རྣ་བ་མིག་དང་བཅས་པ་སྐམ་ལ་ཉེ་བའི་ང
འདི་ལྟར་བྱེ་ཐང་ཆེན་པོ་འདིའི་འབྱུང་བཞིར་སྟིམ་དགོས་པ་ཡིན་ནམ
མིན་ཏེ ང་ཅིས་ཀྱང་བྱེ་ཐང་འདི་བགྲོད་ངེས་ཡིན་ལ་བགྲོད་ཀྱང་དགོས
ཉམ་ང་ཞིང་སྲོག་ལ་གཟོས་པའི་ཐང་ཆེན་པོ་འདི་ལས་ཅིས་ཀྱང་ཐར་དགོས
ངས་སླར་ཡང་སེམས་པའི་རྡོག་ཁྲེས་སྒྲིག་ཏེ་གོམ་པ་མདུན་དུ་སྤོས
བྱེ་ཐང་དང་བྱེ་རི་ཤུགས་ཀྱིས་བརྒལ
༧
ད་ནི་རྐང་མཐིལ་གྱི་ཤ་ཡང་ཟད་ནས་རུས་ལ་ཐུག་ཅིང
རུས་པ་ལས་རུས་རྐང་ཡང་ཟད་པར་གྱུར་ན་ཡང
སེམས་པ་འདིས་ཡོད་ཚད་འཁུར་ཅིང་འདྲུད་བཞིན་མདུན་དུ་བསྐྱོད
སྤྲིན་པ་ལེབ་ལེབ་ཞིག་ཐོད་ལ་བཟུང་ནས་ཤུགས་ཀྱིས་བསྐྱོད
་་་་་་་་
སྤྱི་ལོ་༢༠༡༠ ལོའི་ཟླ་༡༠ བའི་ཚེས་༡ ཉིན།
བྱེ་ཐང་ནས་རྔ་མོང་གི་གཅིན་པ་འཐུང་ཞོར་ལ།
ཐོད་པ་ལག་པས་བཀབ་ནས།
རྒྱང་རིང་གི་ཉི་ཟེར་ལ་མི་བལྟ་བར།
མདུན་གྱི་རྐང་པ་སྤོ་ས་རེ་རེ་བཞིན།
རང་གི་རྐང་འོག་ཏུ་སྤོས་ནས།
མདུན་དུ་ག་ལེར་བསྐྱོད་དང་།
མེ་ཏོག་ཁྲ་ཆིལ་ལེར་བཞེད་པའི་སྤངས་ལྗོངས་དེར།
གང་མགྱོགས་སླེབས་པར་ཐག་མི་རིང་།
ཐེ་ཀོར་གྱིས་བཤད་ན།
ཐག་རིང་ཤོས་དེ་ནི།
མདུན་དུ་ཡོད་ན་ཡང་།
དེ་ལ་མི་དགའ་ཞིང་མི་དུང་བ་ནི།
འཛམ་གླིང་གི་ཐག་རིང་ཤོས་རེད་ཟེར།
མདུན་དུ་ཡོད་ན་ཡང་།
གཅིག་གཅིག་གི་བསམ་ཚུལ་མ་རྟོགས་པ་ནི།
འཛམ་གླིང་གི་ཐག་རིང་ཤོས་རེད་ཟེར།
གལ་ཏེ་བརྩེ་བའི་དགའ་མ་ཞིག་དང་ལྷན་དུ།
བསམ་ཚུལ་ལྷུག་པོར་བརྗོད་དང་།
བརྩེ་བ་ཁྱོར་བ་གང་པོ་དེ།
ཕོར་བའི་ནང་དུ་བླུགས་ནས།
ཧུབ་ཀྱིས་འཐུང་དང་།
མདུན་གྱི་བྱེ་ཐང་དེའི་ཕ་རོལ་དུ་སླེབས་བསྡད་ཡོད་པ་རེད།
ཟླ་མེད་འདིས་ངའི་སྙན་ངག་ཨ་ཧྭ་མོ་ཟེར་ནོ་མནན་བཞག་འདུག དཔྱད་བརྗོད་ཡག་པོ་གནང་འདུག ཐུགས་རྗེ་ཆེ། རྩོམ་ཆོས་ཀྱི་རོལ་མྱོང་ཟེར་ན་རྩོམ་ཆོས་དེའི་མཛེས་རྟོག་གི་རོལ་མྱོང་རང་ལས་མི་གདའ་ན། ཁྱོད་ཀྱིས་ཁ་སྣོན་གྱི་མཆན་བུ་དེས་ངའི་སྙན་ངག་གི་མཛེས་རྟོག་ལ་སྣོན་མ་ཞིག་བཏབ་མི་འདུག་ཡ། ཧ་ཧ་ཧ
གཅད་བཟོད་རྒྱམ་ལགས།
ཁྱེད་ཀྱི་རྩོམ་ཡིག་འདི་ཉིད་ངས་ངའི་སྐད་ཡིག་གི་སྟེང་དུ་བསྒྱུར་ནས་སྤེལ་ན་འགྲིགས་ཀྱི་རེད་པས།
གལ་ཏེ་ཁྱེད་ཀྱིས་ང་ལ་ཆོག་མཆན་གནང་སོན་བྱུང་ན་ངས་ངའི་ལུང་པའི་ཚགས་པར་སྒང་ལ་འབྲི་རྩིས་ཡིན།