རྔ་བ་རྒྱལ་ཁམས་པ།
གླེང་བརྗོད།
ཚན་རིག་ལག་རྩལ་ཀྱི་ཤེས་བྱ་ཡར་རྒྱས་ཕྱིན་པ་ལས། མིས་བཟོས་འཁོར་སྐར་དང་། གློག་ཀླད། གཟུགས་མཐོང་གློག་འཕྲུལ། སྐུད་བཅས་སྐུད་མེད་ཀྱི་ཁ་པར་སྣ་ཚོགས། གནམ་གཤིས་བརྟག་དཔྱད་ཀྱི་གློག་རླབས་རྒྱང་ཤེལ། མྱུར་ཤུགས་ཀྱི་མགྱོགས་ཚད་མཐོན་པོར་སླེབས་པའི་གནམ་གྲུ་དང་། མཚོ་གྲུ་སོགས་གཙོ་ཆེར་རྫས་འཕྲུལ་དང་། གློག་རླབས་ཀྱི་ནུས་པ་ལས་སྟབས་བདེའི་བྱ་དངོས་སྣ་ཚོགས་གསར་སྐྲུན་དར་ཁྱབ་ཆེན་པོར་ཕྱིན་པས། གོ་ལའི་ཁྱིམ་རྒྱུད་ཆུང་ངུ་འདི་ཉིད་ཀྱི་ཐོག་འཚོ་ཞིང་གནས་པའི་རྒྱལ་ཁབ་དང་། ཚོགས་སྡེ། ཁྱིམ་ཚང་ཚུན་ཆད་ཀྱི་བར་སྟབས་བདེའི་འབྲེལ་ལམ་འཛུགས་ཐུབ་པ་བྱུང་སྟེ། དེ་སྔ་རྒྱང་ཐག་དང་སེམས་ཐག་ཆེས་ཧ་ཅང་གི་རིང་བོ་ལྟར་སྣང་ཞིང་། གསང་བ་ཀློག་གྱུར་གྱི་ཡུལ་དུ་ཆགས་པ། ཉིན་མཚན་གྱི་གོ་རིམ་ལྡོག་ཅིང་སྐད་ཡིག་རིག་གཞུང་མི་གཅིག་པ། ཤ་རུས་སྤུ་མདོག་མི་མཚུངས་པའི་ཡུལ་ལུང་མང་བོའི་བར་དགོས་དབང་གི་འབྲེལ་ལམ་བྱུང་སྟེ། ཐེ་ཚོམ་དང་། མཁྲེགས་འཛིན། རང་མཐོངས། ཕྱོགས་འཐེན་སོགས། འཚོ་བའི་ཁྲོད་ཀྱི་གུ་དོག་གི་ཚོར་སྣང་མང་བོ་ཞིག་ཤུགས་ཆུང་དུ་ཕྱིན་ནས། སེམས་ཅན་ཚང་མ་བདེ་འདོད་སྡུག་བྲལ་གྱི་ཁྱམས་འོག་གཅིག་ཏུ་ཡོད་པའི་སྣང་གནས་ལ་ངེས་ཤེས་དང་། ཡིད་ཆེས་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད། འདས་པའི་མི་ལོ་བརྒྱ་ལྷག་གི་དེ་རིང་གི་ཉིན་མོར། ང་ཚོར་གློག་འཕྲིན་ཡོ་ཆས་དང་། ཁ་པར་བརྒྱུད་ནས་ཕན་ཚུན་རྒྱང་ཐག་རིང་བོར་འབྲེལ་ལམ་བྱེད་པའི་འགྲིམ་འགྲུལ་གྱི་བརྒྱུད་རིམ་ཞིག་ཡོད་ཀྱང་། དེ་དག་ནི་སྐུད་བཅས་ཀྱི་རྒྱུད་ལམ་ཁོ་ནས་བརྟེན་ནས་བེད་སྤྱོད་གཏོང་བཞིན་ཡོད་སྟབས། དེང་དུས་ཚན་འཕྲུལ་གྱི་འབྲེལ་ལམ་ལྟ་བུ་ནི་སྐབས་དེར་ལྟོས་ན། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཡིན། སྤྱི་ལོ༡༨༩༥ནང་ཨི་ཏྲ་ལིའི་ཚན་རིག་པ་ཆེན་པོ། དགའ་རྒུ་ལེ་མོ་མར་ཁོ་ནེ་ཞེས་འབོད་པས། དཀྱུས་མའི་གློག་འཕྲིན་གྱི་ཐོག་བརྟག་ཞིབ་ནན་མོ་གནང་སྟེ། མཁའ་རླུང་བརྒྱུད་གཟུགས་མེད་གློག་གི་རླབས་ཕྲེང་ལ་བརྟེན་ནས་འགྲིམ་འགྲུལ་བྱེད་པའི་རླབས་ཆེན་གྱི་ཚན་རྩལ་ཞིག་ཕྱག་བསྟར་མཛད་པ། དེང་སང་ཡོངས་གྲགས༼སྐུད་མེད་འགྲིམ་འགྲུལ༽ཞེས་བརྗོད་པཞིན་པ་འདི་ཡིན། ཁོང་གིས་འདས་པའི་མི་ལོ་མང་བོ་ཞིག་གི་རིང་། གློག་འཕྲིན་རྦ་རླབས་ཐོག་ཐབས་ཤེས་སྣ་མང་སྤྱད་ནས་བརྟག་པ་ཡང་ཡང་མཛད་ཅིང་། གློག་འཕྲིན་ཕོ་ཉའང་རྒྱང་རིང་ནས་རྒྱང་རིང་དུ་གཏོང་ཐུབ་པ་བྱུང་སྟེ། སྤྱི་ལོ༡༩༢༠ལོར་གློག་འཕྲིན་དེས་སའི་གོ་ལ་ཧྲིལ་བོའི་ཁྱོན་ལ་འགྲིམ་འགྲུལ་གྱི་སྐོར་བ་རྒྱག་ཐུབ་པ་བྱུང་ནས། ཐོག་མའི་གློག་འཕྲིན་གྱི་གནས་གཞི་རླུང་འཕྲིན་གྱི་ལས་འཆར་མི་མང་ཚོར་ཡོངས་ཁྱབ་བྱས་པ་དང་། དེ་རྗེས་གཟུགས་མཐོང་གློག་འཕྲིན་བྱུང་བ་སོགས། ཁོང་གི་ཕྱག་བཞེས་ལས་ཚན་འཕྲུལ་གྱི་འགྲིམ་འགྲུལ་མང་ངོ་ཞིག་སའི་གོ་ལའི་ཁྱོན་འདིར་དར་ཁྱབ་བྱུབ་བ་རེད།
ལེའུ་དང་བོ།
སམ་བློའི་རྩིག་རྨང་།
རང་བྱུང་ཁམས་ལ་རྩོད་སྒྲུབ་བྱས་པའི་མི་རབས་གོང་མའི་བློ་གྲོས་ཀྱི་སྒྱུ་རྩལ་མེད་ན། ང་ཚོ་འཇིག་རྟེན་ཁམས་འདིར་འཚོ་ཐབས་ཀྱི་ཉེར་མཁོའི་ཤེས་རིག་ཕལ་ཆེར་ཞིག་སྐྱེ་འཕེལ་གྱི་གནས་མེད་ཅེས་བརྗོད་ཆོག ཚན་རིག་པ་དགའ་རྒུ་ལེ་མོ་མར་ཁོ་ནེ་མཆོག་གིས་ཀྱང་། ཨི་ཏྲ་ལིའི་ཚན་རིག་པ་སྤྱི་དང་། ལྷག་དོན་དུས་རབས་༡༢བའི་ནང་བྱུང་བའི་ཚན་རིག་མཁས་པ། སྐུ་ཞབསAlessandro Volta ཨ་ལེ་སན་སྒྲི་རོ་བོ་ཏྲ1741-1827)མཆོག་གིས་བཟོ་སྐྲུན་མཛད་པའི་གློག་རྫས་ཀྱི་སྐོར་དང་། ཧན་སི་ཨོ་སི་ཁྲིའི་སྒྲི Hans Oersted(1777-1851)ཨན་སྒྲི་རེ་ཨ་མེརAndre Amere(1775-1836)མེ་ཁོལ་ཧྥ་ར་སྒྲེMichael Faraday(1791-1867)ལྗོ་སི་ཧྥིའི་ཧན་རེJoseph Henry(1779-1878)སོགས་ཀྱིས་ཡུན་རིང་བརྟག་དཔྱད་མཛད་པའི་གྲུབ་དོན། མེ་ཁམས་ཀྱི་ནུས་པ་ལྕགས་ཀྱི་སྐུད་པ་སོགས་སུ་གཏོང་ཐབས་ཀྱི་ལག་ལེན་དེ་དག་གིས། ཁོང་གི་ཚན་རིག་གི་ལྟ་ཚུལ་ཐོག་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་ཡོད། ཚན་རིག་པ་དེ་དག་གིས་གློག་དེ་སྐུད་པ་ཞིག་བརྒྱུད་ནས་འགྲོ་སྐབས། དེའི་ཉེ་འཁོར་ན་བསྐྱེད་ཤུགས་ཅིག་ངང་གིས་འབྱུང་བ་དང་། གཟུགས་ཀྱི་ཆ་ནས་འབྲེལ་ལམ་མེད་རུང་། གལ་སྲིད་གློག་སྐུད་དེའི་ཉེ་འཁོར་ན་ལྕགས་སྐུད་སོགས་སྐུད་པ་གཞན་ཞིག་ཡོད་ན། སྐུད་ལམ་དེ་དག་གི་ནང་དུའང་གློག་ཤུགས་སྐྱེད་བཞིན་པའི་གསང་བ་ཞིག་ཡོད་ཚུལ་ཤེས་རྟོགས་བྱུང་ཡོད། སྔ་མོའི་ཞིབ་འཇུག་གི་རྨང་གཞི་དེ་དག་ལ་བརྟེན་ནས། ད་ཆར་རང་ཅག་གིས་རླངས་འཁོར་དང་། གློག་སྐྱེད་འཕྲུལ་འཁོར། སྒྲ་སྐྱེད་དུང་སྒྲ། ཁ་པར་སོགས་ཀྱི་ཐབས་འཕྲུལ་སྣ་ཚོགས་གང་ཡིན་སར་བེད་སྤྱོད་གཏོང་ཐུབ་པ་འདི་བྱུང་བ་ཡིན།
མི་སྣང་བའི་རླབས་ཤིག
འོ་ན་དོན་དངོས་ཐོག་གནས་སྟངས་ཇི་འདྲ་ཞིག་གི་འོག གློག་དང་དེའི་བསྐྱེད་ཤུགས་མཉམ་སྤྲེལ་བྱུང་བ་ཞིག་ཡིན་ནམ། རྒྱུ་མཚན་འདིའི་ཐད་སི་ཁོ་ ཁྲི་ཤའི་ཚན་རིག་པ་སྐུ་ཞབས་ལྗེམ་སི་ཁུ་ལེ་ཨར་ཁིJames Clerk Maxwell(1831-1879)མཆོག་ནས། དངོས་ཁམས་དང་རྩིས་རིག་ལྟོ་སྦྱར་ཏེ། བརྟག་དཔྱད་བྱས་པའི་གྲུབ་དོན་རྣམས། ཁོང་གི་ཚན་རིག་རྣམ་བཤད་ཀྱི་ནང་འགྲེལ་བརྗོད་གནང་འདུག སྤྱི་ལོ༡༨༦༤ལོར་ཚན་རིག་པ་དེས། མཚོ་རྫིང་གི་རླབས་ཀྱི་འགུལ་སྐྱོད་ལས་རླབས་ཕྲེང་མང་བོ་རྫིང་བུའི་ཕྱོགས་མཐར་འགྲེམས་བཞིན་ཡོད་པ་ལྟར། གློག་སྐུད་ཀྱི་ནང་གི་གློག་ཤུགས་འཕོ་འགྱུར་ལས། གློག་རླབས་མང་བོ་མཁའ་རླུང་བརྒྱུད་གློག་སྐུད་ཀྱི་ཕྱི་ལ་འགྲེམས་བཞིན་ཡོད། གློག་རླབས་དེ་དག་གི་ནང་སྐྱེད་ཤུགས་དང་། གློག་གཉིས་ཆ་ཡོད་པར་བཤད་པ། དེང་སང་༼གློག་རླབས༽electromagnetic wavesཞེས་བརྗོད་བཞིན་ཡོད།
གློག་རླབས་ཞེས་པ་ནི། དང་བོ། གློག་རླབས་ཞེས་པ་གློག་དང་སྐྱེད་ཤུགས་གཉིས་ལྡན་གྱི་དངོས་པོ་ཞིག་སྟེ། དེ་ཉིད་མཁའ་རླུང་དང་། ཆུ། ཅིའང་མེད་པའི་ནམ་མཁའ་སྟོང་བའི་དབྱིངས་སོགས་བརྒྱུད་ནས་རྒྱུ་འགྲུལ་བྱེད་ཐུབ། གཉིས་པ། ང་ཚོས་དེའི་སྒྲའམ་དྲི་མ། ཡང་ན། བྲོ་བ་སོགས་ཉམས་སུ་མྱོང་མི་ཐུབ་ཀྱང་། འོད་ཟེར་གྱི་ཐིག་ལེ་དང་ཐིག་ཕྲན་ལྟ་བུ་མཐོང་རྒྱུ་ཡོད་པ་ནི། དེའི་རླབས་ཀྱི་ཆ་ཤས་སམ། ཁུགས་པ་རེ་ཡིན་ཞེས་བརྗོད་ཆོག གསུམ་པ། ང་ཚོས་མྱོང་བཞིན་པའི་དྲོད་ཀྱི་སྣང་བའམ། དཀྱུས་མའི་ཚ་དྲོད་ཚང་མ་དེའི་ཆ་ཤས་ཤིག་རེད། བཞི་བ། གློག་རླབས་ཚང་མར་འོད་ཀྱི་མྱུར་ཤུགས་དང་ལྡན་ཞིང་། དེའང་འོད་ཀྱི་མགྱོགས་ཚད་ནི་སྐར་ཆ་གཅིག་གི་ནང། མ་ལེ་༡༨༦༢༡༩དང་མེ་གྲར༢༩༩༧༩༣བར་བསྐྱོད་ཐུབ་ལ། སའི་གོ་ལ་ལྟ་བུར་སྐར་ཆ་གཅིག་ནང་སྐོར་བ་ཐེངས་བདུན་དང་ཕྱེད་ཀ་རྒྱག་ཐུབ། ལྔ་བ། གློག་རླབས་ཀྱི་གཞལ་ཚད་ནི། རླབས་ཀྱི་ཁུགས་པའི་ཆེ་ཆུང་ལ་ལྟོས་ནས་འཇལ་དགོས། དེའང་རླབས་རྩེ་ནས་རླབས་རྗེས་མའི་བར་ཁུགས་པ་རེ་བྱས་ནས་གཞལ་དགོས་སོ།།
ཕྲུ་གུའི་ཚོར་པ་མངར་མོ།
སྐུ་ཞབས་མེག་སི་བེལ་གྱིས་གློག་རླབས་ཀྱི་གསང་བ་འགྲེལ་བརྗོད་གནང་ནས་ལོ་བར་བཅུ་སོང་བ། སྤྱི་ལོ་༡༨༧༤ཟླ༤ཚེས༢༥ཉིན། ཨི་ཏྲ་ལིའི་རྒྱལ་ཁམས་ཀྱི་བྷོ་ལོ་ན་སྒུ་ཞེས་པའི་ས་ཁུལ་ནང་། ཡབ་འབྱོར་ལྡན་ས་བདག་སྒ་སི་ཕའི་མར་ཁོ་ནེ་དང་། ཡུམ་སེ་སྒུ་མོ་ར་མར་ཁོ་ནེ་གཉིས་ཀྱི་རྒྱུད་དུ། སྒ་རྒུ་ལེ་མོ་མར་ཁོ་ནེ་མཆོག་སྐུ་བལྟམས་ཤིང་། ཁོང་བར་ཨལ་སྤོ་སོ་ཞེས་ཞུ་བའི་སྤུན་རྒན་པ་ལོ་ན་དགུ་ཅན་ཞིག་དང་། ཕ་གཅིག་མ་མ་འདྲ་བའི་སྤུན་རྒན་པ་ལོས་དགེ་ཞེས་འབོད་པ་གཉིས་ཡོད་ལ། ཁོང་སྐུ་འཁྲུངས་ནས་རིང་བོར་མ་ལོན་པར་ཁྱིམ་ཚང་དེ་བཞིན་གྲོང་གསེབ་ཀྱི་ཁང་བར་གནས་སྤོས། མཛེས་ཤིང་ཡིད་དུ་འོང་ལ་ཁ་ཁུ་སིམ་པོའི་དབྱར་དུས་ཀྱི་སྐྱེད་ཚལ་ཁྲོད། ཕྲུ་གུའི་ལང་ཚོ་འཚར་ལོངས་ཀྱི་དབུ་ཚུགས་ཤིང་། དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་དགུན་ཁ་བྷོ་སོ་རྒུ་ན། སྟོན་དཔྱིད་སྤི་ལོ་རིན་སིའམ། ལེ་རྒུ་ཧོན་སོགས་སུ་ཡང་ཡང་གནས་སྤོས་ཏེ་འཚོ་བ་བསྐྱལ་བཞིན་པ། དེང་སང་ཕྱི་རྒྱལ་གྱི་འབྱོར་ལྡན་མི་ཚང་བྱིངས་ཀྱི་འགྲོ་ལུགས་དང་མཐུན་པར་སྣང་། ཁྱིང་ཚང་གི་གནས་སྟངས་ལས། བྱིས་པ་སྒ་རྒུ་ལེ་མོ་མཆོག་སྒེར་བསྟེན་གྱི་སློབ་དཔོན་བཟང་བོ་ཞིག་ཡོད་ཀྱང་། ཁོང་སློབ་གྲྭའི་ནང་དམིགས་བསལ་གྱི་ཤེས་ཚད་ལྡན་པའི་ཁྱད་ཆོས་ཅིའང་མེད་པ་མ་ཟད། མཁྲེགས་འཛིན་ཆེ་ཞིང་རྙོག་དྲ་སློང་མཁན་ཞིག་ཡིན་པར་གྲགས་ལ། ཁོང་བར་ཐུན་མིན་གྱི་དཔྱིས་སྤྱོད་ཅིག་ཡོད་པ་ནི། བྱ་བ་གང་ཞིག་ཐད་དུས་ཚོད་རྒྱུན་རིང་བོར་དམིགས་གཏད་ནུས་པ་དང་། མི་ཚོར་རང་ཉིད་ཀྱིས་སྒྲུབ་བཞིན་བྱ་བར་ཡིད་ཆེས་ཡོང་བར་ནན་སྐུལ་བྱེད་པ་དེ་ཡིན་ལ། རྫས་སྦྱོར་རིག་པ་དང་། ཕྱི་དོན། ཁྱད་པར་གློག་རིག་གིས་ཁོང་གི་ཐུགས་དབང་མེད་དུ་འཕྲོག་འདུག
ཚན་རིག་པ་ཧིར་ཟི་ལས་བྱུང་བའི་སེམས་ཤུགས།
མར་ཁོ་ནེ་མཆོག་དགུང་ལོ་ཉི་ཤུ་ཡས་ཡས་ནས་བཟུང་། ཡབ་ཀྱིས་རོགས་དངུལ་ཆ་ཚང་བཏང་སྟེ། དུས་ཚོད་ཚང་མ་ཚན་རིག་སློབ་སྦྱོང་གི་བཏང་འདུག་མོད། ཕའི་འགྲོ་སོང་ལ་ལྟོས་བུ་སློབ་གཉེར་བ་ཞིག་ཕལ་ཆེར་བྱུང་མི་འདུག སྤྱི་ལོ་༡༨༩༤ལོར་མར་ཁོ་ནེ་སྤུན་མཆེད་ཨི་ཏྲ་ལིའི་རི་ཚོགས་མཐོན་པོ་དག་གི་དབུ་རྩེར་གོང་སེང་དུ་ཕེབས་ཤིང་། དེའི་ཞོར་ལ་ཁོང་གིས་འཇར་མན་གྱི་ཚན་རིག་པ་ཧེན་རིའི་ཆིས་ཧིར་ཟིHeinrich Hertz(1857-94)མཆོག་གི་ཕྱག་ལས་ཀྱི་སྐོར་ཅིག་ཀློག་སྦྱོང་གནང་འདུག དཔེར་ཆ་དེར་ཧིར་ཟི་ནས༼ནམ་མཁའི་རླབས༽ethericཞེས་འབོད་པ་ཞིག་སྐུད་པ་བརྒྱུད་མ་དགོས་པར་རྒྱང་ཐག་ཐུང་ངུར་ཕར་བཏང་རྗེས། སླར་ཡང་དེ་དག་རྩད་གཅོད་བྱེད་ཐབས་ཤིག་གསུངས་ཡོད་པ་དེ་གཟིགས། དེའི་ནུབ་མོར་ཁོང་མགྲོན་ཁང་དུ་གཟིམས་ལ་ཉེ་སྐབས། གློ་བུར་གློག་འཕྲིན་དང་ཁ་པར་སྐོར་ལ་བསམ་བློ་གསར་བ་ཞིག་འཁོར་ཏེ། གལ་ཏེ་བརྡ་འཕྲིན་ལྟ་བུ་གློག་སྐུད་བརྒྱུད་མ་དགོས་པར་གློག་རླབས་ཁོ་ནར་བརྟེན་ནས་གཏོང་ཐུབ་པ་ཞིག་ཡོང་སྲིད་མིན་གྱི་སྐོར་ལ་བསམ་གཞིགས་བྱས་ནས། རང་ཉིད་ཀྱི་དམིགས་ཡུལ་༼སྐུད་མེད་གློག་འཕྲིན༽མངོན་གྱུར་མ་བྱུང་བར་དུ། ཕྱག་ལས་གནང་རྒྱུའི་ཆོད་སེམས་བཟུང་སྟེ། ཁྱིམ་གཞིས་ཀྱི་ཁང་བའི་ཡང་ཐོག་གི་གཟིམས་ཆུང་ནང་། གཟིམས་སྒོ་ཚུན་ཆད་བསྡམས་ཏེ་དུས་ཚོད་མང་བོའི་བར་ཕྱག་ལས་གནང་ཞིང་། ཕ་མ་གཉིས་ཆ་ནས་རྒྱབ་སྐྱོར་རོགས་རམ་གནང་། བརྟག་དཔྱད་ཀྱི་གྲུབ་འབྲས་གསར་བ་གང་ཞིག་རྙེད་སོན་བྱུང་མཚམས། མཚན་ཕྱེད་དུའང་མ་རྒན་མོ་ཡར་བཞེངས་ནས་དཔང་ལྟ་བྱེད་དུ་ཡང་ཡང་ཕེབས་བཞིན་ཡོད་དོ།། མུ་འགོད།
ཡིད་དབང་འཕྲོགས་སོང་། ཡིད་དབང་འཕྲོགས་སོང་། མུ་འགོད་བྱེད་རོགས། ངས་ད་བར་སྐུད་མེད་གློག་རླབས་ཀྱི་སྐོར་ནས་ཅིག་ཤེས་ན་འདོད་ནས་ཟ་འཕྲུག་ལང་བཞིན་བསྡད་ཡོད། ལོ་ངོ་ཉི་ཤུའི་སྔོན་ཤེས་བྱའི་ཟེགས་མ་ཟེར་བའི་དེབ་ཆུང་དེ་ཚོའི་གཅིག་གི་ཁྲོད་དུ་ཏོག་ཙམ་ཞིག་མཐོང་བ་དྲན་ཡང་ད་ལྟ་ན་རྒས་རྫི་ལྡིབ་ཀྱིས་དེའི་ནང་ག་རེ་བཤད་ཡོད་མེད་མི་དྲན་གི
ཡི་དམ་དང་བླ་མའི་བྱིན་རླབས་སྒྲུབ་པ་པོ་དང་སློབ་མའི་སེམས་ལ་འཇུག་སྟངས་ཀྱང་སྐུད་མེད་གློག་རླབས་ཀྱིས་སྒྲ་གཟུགས་གཅིག་ནས་གཅིག་ཏུ་འཕོ་སྟངས་དེ་འདྲ་ཞིག་ལོས་ཡིན་བསམས་ནས་བསྡད་ཡོད།
ད་དུང་བར་དོའི་འགྲོ་བ་དག་གིས་རི་བྲག་དང་སེམས་ཅན་གྱི་ལུས་པོ་ཐལ་བྱུང་དུ་ཕུགས་ནས་འགྲོ་ལུགས་དེ་ཡང་སྐུད་མེད་གློག་རླབས་ཀྱིས་དངོས་པོ་ཕྲ་རགས་ཐམས་ཅད་བརྒྱུད་ནས་འགྲོ་ཐུབ་པ་དེ་འདྲ་ཞིག་ལོས་ཡིན་ཡང་བསམ་གིན་ཡོད།
ཨ་ལགས་དྲིན་པོ་ཆེ། ཁྱོད་ཀྱིས་ཡི་དམ་དང་བླ་མའི་བྱིན་རླབས་སྒྲུབ་པ་པོ་དང་སློབ་མའི་སེམས་ལ་འཇུག་སྟངས་ཀྱང་སྐུད་མེད་གློག་རླབས་ ཀྱིས་སྒྲ་གཟུགས་གཅིག་ནས་གཅིག་ཏུ་འཕོ་སྟངས་དེ་འདྲ་ཞིག་ལོས་ཡིན་བསམས་ནས་བསྡད་ཡོད་ན། རྩ་བ་ནས་ནོར་འདུག དེ་བཞིན་བླ་མའི་བྱིན་བརླབས་རྒྱུད་ལ་སྐྱེས་ཚུལ་དང་། མཛོད་གནས་གསུམ་པའི་སྐབས་སུ། ལུས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་དང་། མར་མེ་བཞིན་དུ་མངལ་དུ་འགྲོ །ཞེས་པའི་སྐབས་ཀྱི་བར་དོ་བས་རི་བྲག་སོགས་པུགས་ནས་འགྲོ་ཚུལ་གཉིས་དང་རྩ་བ་ནས་འདྲ་སྲིད་རྒྱུ་མ་རེད། རྒྱུ་མཚན་རེ་ཡོད་ན་གསུངས་དང་། ངས་ཀྱང་གསལ་འདེབས་རེ་ཞུ་ཁུལ་བྱེད།
མཛོད་ཀྱི་དེ་ནི། ལས་ཀྱི་རྫུ་འཕྲུལ་ཞེས་བྲིས་ཡོད་བསམས་སོང་། ངས་སློབ་དཔོན་དབྱིག་གཉེན་གྱི་སྐྱོན་རེ་ཨེ་རྙེད་ཀྱི་ཆེད་དུ་མཛོད་རྩ་བ་དེ་ཐེངས་འགའ་ཤས་ལ་བཀླགས་མྱོང་།
ཨ་ལགས་དྲིན་པོ་ཆེ། ཞབས་ཀྱུ་བྲིས་པ་དེ་ངས་ལག་སྐྱོན་རེད། སྐྱོན་ཉུག་ན་སྐྱོན་ལས་རག་གི་མ་རེད། སྐྱོན་རག་ནའང་མཁས་པ་རེད། སྐྱོན་འདྲ་མཐོང་སོང་ངམ། དམིགས་བསལ་མཛོད་གནས་བརྒྱད་དེའི་ནང་ཨ་ལགས་ཁྱོད་ལ་དགོས་མཁོ་ཆེ་ཕྱོགས་གང་མཐོང་སོང་།
ཨ་ལགས་དྲིན་པོ་ཆེ། ཞབས་ཀྱུ་བྲིས་པ་དེ་ངའི་ལག་སྐྱོན་རེད། སྐྱོན་ཉུག་ན་སྐྱོན་ལས་རག་གི་མ་རེད། སྐྱོན་རག་ནའང་མཁས་པ་རེད། སྐྱོན་འདྲ་མཐོང་སོང་ངམ། དམིགས་བསལ་མཛོད་གནས་བརྒྱད་དེའི་ནང་ཨ་ལགས་ཁྱོད་ལ་དགོས་མཁོ་ཆེ་ཕྱོགས་གང་མཐོང་ སོང་།
ངོ་མ་ཡ་མཚན་ཞིག་རེད། དབང་བོ་ཀུན་ཚང་ཐོགས་མེད་རྒྱུ།། ཞེས་བར་དོའི་རྣམ་ཤེས་དེ་ས་རྡོ་རི་བྲག་སོགས་ལ་ཐོགས་མེད་དུ་རྒྱུ་ནུས་པ་མ་ཟད། གང་ན་འགྲོ་འདོད་པ་དེར་དྲན་ཙམ་གྱིས་སླེབས་འགྲོ་བར་གསུངས་འདུག དེ་ནི་འོད་ཀྱི་རྒྱུ་ཤུགས་ལས་ཀྱང་ཆེས་མྱུར་བོ་རེད། གློག་དང་། འོད། རྡུལ་ཕྲན་སོགས་ཀྱི་ཚན་རིག་ཀློག་སྐབས། ངས་ནི་བར་སྣང་སྟོང་བའི་དབྱིངས་འདི་འོད་ཟེར་གྱི་ཐིག་ཆེན་ཐིག་ཕྲན་སྣ་ཚོགས་ཀྱིས་གང་ནས་ཡོད་སྣང་ཞིག་ཤར་ཡོང་བ་མ་ཟད། འོད་སྣང་ལ་ལ་ནི་རླབས། ལ་ལ་ནི་རྡུལ། ལ་ལ་ནི་རྣམ་པར་ཤེས་པའི་རང་བཞིན་ཅན། ཟ་འོག་གི་རི་མོ་ཁ་ཕྱེ་བ་ལྟ་བུ་ཞིག་ལོས་ཡིན་འདོད་ཡོད། ང་ཚོས་རྣམ་པར་ཤེས་པ་འདིའི་རགས་པའི་རྟོག་ཆ་འདི་ཅི་ཙམ་ཉུང་དུ་ཕྱིན་པ། དེ་ཙམ་གྱིས་ངོ་མཚར་བའི་ཤེས་བྱ་འདི་ཚོ་ཇེ་གསལ་ནས་ཇེ་གསལ་དུ་ཕྱིན་ཏེ། ནམ་ཞིག་རང་ཉིད་ཀྱི་འོད་གསལ་བའི་སེམས་ཞེས་པ། འོད་ཀྱི་གཞལ་ཡས་ཁང་ཆེན་པོ་མཐའ་དབུས་མེད་པ་ཞིག་ཏུ་བཞུགས་
ཡོད་པར་ཡིད་ཆེས་ཆེན་པོ་སྐྱེས་ཡོང་གི་འདུག
དྲ་གྲོགས་ལགས། སངས་རྒྱས་བྱང་སེམས་ཀྱི་མཐུ་དང་། སེམས་ཅན་གྱི་ལས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་རེད་པ།