ཤིས་ཚང་ལྗང་མྱུག
———-
སྤོ་རྨོས་མིག་ཆུ་ཞིག་གི་མྱ་ངན་རུམ།།
ཕུ་བོས་ན་ཟུག་ཅིག་གི་འཕེལ་རིམ་བགྲོས།།
གཏམ་རྒྱུད་ཁྲག་ལ་བསྒྲེས་པའི་བྱུང་རིམ་ན།།
ཉི་མའི་སྤྱན་ཆབ་བསིལ་བའི་ལེའུ་ཞིག།
ལོ་ཟླའི་འཇིག་ཉེན་ཁ་བའི་གླིང་ལ་ཕྱོགས།།
སྲོག་གི་སྐུད་པ་རླུང་རྟའི་འགྲོས་ལ་ཐོགས།།
མུན་པ་འཚོ་བར་བསྐྱལ་བའི་རི་གྲོང་ན།།
ཟླ་བའི་ལང་ཚོ་རྒུད་པའི་ལེའུ་ཞིག།
གསེར་གྱི་གླེགས་བམ་ཐལ་བའི་རྡུལ་ལ་བསྙལ།།
མ་ཎིའི་དར་ཆ་རྨོངས་པའི་དབྱིངས་སུ་ཕྱར།།
ཆོས་ཀྱི་སྲོག་ལ་རྒོལ་བའི་སྡེ་གྲལ་ན།།
བཙུན་པའི་གཟུགས་ལ་སྡང་བའི་ལེའུ་ཞིག།
མེས་པོའི་གཤིས་ཀ་རྗེས་ལུས་ལྟ་བར་རློམ།།
ནུབ་ཀྱི་བསམ་བློ་དག་པའི་ཚད་མར་བཟུང་།།
ཁ་བའི་ངོ་གདོང་འགྱུར་བའི་ས་མཐའ་ན།།
རྒྱ་མཚོའི་རྨི་ལམ་སྙེག་པའི་ལེའུ་ཞིག།
ཨ་ནུའི་ཞབས་རྗེས་སྟེགས་བུའི་ཕྱིར་དུ་འཐམ།།
གཞན་བསྟེན་གོམས་པ་རུས་ཀྱི་རྐང་ལ་ཟུག།
སྐད་བརྡའི་མཛེས་པ་བོར་བའི་ཚོགས་རྭ་ན།།
སྲིད་ཀྱི་གདོང་རས་གཡོ་བའི་ལེའུ་ཞིག།
སྦྲ་ནག་རོག་པོ་ཚེ་ཡི་མཐའ་རུ་བསྡུས།།
རི་སུལ་འཚོ་བ་གྲོང་གི་མཐའ་ལ་ལྟེབས།།
ཨར་འདམ་རྣོ་ལྕགས་སྦྲེལ་བའི་རྡོ་ཁང་ན།།
ཚེ་སྲོག་སྲིད་མཐར་ཟད་པའི་ལེའུ་ཞིག།
ལ་ཁའི་ཉི་མའི་བགྲོད་པ་མཐའ་ལ་ཐུག།
མུན་པའི་ཟླ་བའི་འཚོ་གཞེས་གསང་བར་ཡིབ།།
ནམ་མཁའི་ལས་དབང་སྦྲུམ་པའི་དཀྱིལ་འཁོར་ན།།
བྱ་ཁྱུ་ཕྱོགས་སུ་འཐོར་བའི་ལེའུ་ཞིག།
མགོ་བོའི་སྐྲ་ལོ་ཕྱི་རོལ་གླིང་ནས་འཐོར།།
དབང་རྩའི་ནུས་པ་མུན་པའི་གསེང་ནས་ལྷོད།།
མི་རབས་གསར་རྙིང་བརྗེ་བའི་འདུས་མདོ་ན།།
ཕུག་གི་ཉི་འོད་བསྐལ་བའི་ལེའུ་ཞིག།
བོད་པའི་ལེའུ་གྱེར་བའི་སྐད་ཅིག་མར།།
སྡུག་དང་སྐྱོ་བའི་བསམ་གཞིགས་སྣོན་མར་འཕྱུར།།
གོ་རིམ་འཁྱལ་འཁྱོལ་སྡེབ་པའི་ཉེར་ལེན་ལས།།
ཤུགས་རིང་ཞིག་གི་སྐྱོ་བ་འདི་ལྟར་བཞུར།།
ལྷ་ཀླུ་གཉན་གྱི་མཐུ་ནུས་བག་ལ་ཞ།།
གདོན་བགེགས་འབྱུང་བོའི་འཚེ་བ་གཉིད་ལ་འབྱར།།
ཁ་བའི་སྣུམ་སྨྱུག་ཟད་པའི་དུས་མཐའ་ན།།
ང་ཡི་བོད་འདི་འདི་ལྟར་འཆི་དགོས་སམ།།
༢༠༠༨ལོའི་ཟླ་༡༢ཚེས་༢༤དགོང་མོར་བྲིས།
དུས་རབས་ཀྱི་དོན་སྐྱོན༌།
གཅིག ཞབས་བྲོ་ཁང་གི་དོན་སྐྱོན།
འཇམ་རླུང་བསིལ་པོ་ཞིག་གིས་སྨུག་སྤྲིན་གྱི་ཡོལ་བ་གནམ་མཐོངས་ལ་བརྫཻས་ཏེ་གཡུ་གོས་གོན་པའི་ལྗོན་ཤིང་གི་ཕྲེང་བ་རྣམས་དལ་བུར་བགྲང་བའི་གསེང་ནས། ཁུ་བྱུག་སྔོན་མོས་མགྲིན་པའི་གླིང་བུ་ལྷང་ལྷང་དུ་སྒྲོག་པའི་ཟོལ་གྱིས་ཨ་མྱེས་དང་ཡང་མྱེས་རྒན་པོའི་ཁ་ཆེམས་ཀྱི་གླེགས་བམ་ཀློག་སྟེ། གོ་ལའི་འགྱུར་འགྲོས་ཀྱི་བར་སྲུབ་ནས་རྗེས་ལུས་ཀྱི་སྐུལ་འདེད་དང༌། ཐལ་ཆེས་ཀུན་སྤྱོད་ལ་སློབ་གསོའི་དུང་བརྡ་སྙན་པོ་ཞིག་གཏོང་གིན་ཡོད་པ་དང་འདྲ་མོད། དཀར་གཙང་གི་སྨ་ར་རིང་པོ་འཆི་བདག་གི་རླུང་བསིལ་གྱིས་བསྐྱོད་པའི་ཉམས་མྱོང་རྒན་པོ་ཚོས་མ་གཏོགས་སུས་དཔོག་ནུས།
སྒྲ་འཛིན་གྱི་འཁོར་ལོ་ལས་དེང་རབས་ཀྱི་རོལ་ཆ་འཁྲོལ་བའི་ལྡིར་སྒྲ་དེས་ཨ་མྱེས་དང་ཡང་མྱེས་རྒན་པོའི་ཁ་ཆེམས་ཀྱི་གླེགས་བམ་ཀློག་པའི་ཁུ་བྱུག་གི་མགྲིན་པའི་རོལ་དབྱངས་ཀྱི་སྒྲ་རླབས་ཡོངས་རྫོགས་ནག་བསུབས་བྱས། ཁོས་སྒེའུ་ཁུང་གི་རས་ཡོལ་ཕྱེས་ཏེ་གསལ་རིག་གི་མེ་ལོང་སྒོར་སྒོར་གཉིས་ཀའི་འོད་ཞགས་རིང་པོ་གཅིག་ཏུ་བསྲེས་ཏེ་ཐེར་ཟུག་ཏུ་ཕྱི་རོལ་ལ་འཕངས།
སྔོ་སེར་དཀར་དམར་གྱི་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་ཞབས་བྲོ་ཁང་གི་སྒོ་འགྲམ་དུ་སྦག་སྦག་གི་ལྡིར་སྒྲ་དང་རྒྱང་གྲགས་ཀྱི་བརྡ་རླབས་འདྲེས་ཏེ་འུར་བའི་གསེབ་ནས་དེང་རབས་ཀྱི་གྱོན་ཆས་འདྲ་མིན་སྣ་ཚོགས་གོན་པའི་གཞོན་ནུ་ཕོ་མོ་མང་པོ་འཚང་ག་ཤིག་ཤིག་གིས་འདུ་འཛོམས་བྱས་བྱུང༌། ཁོས་ཕུ་ཐུང་མེད་པའི་གོན་ཆས་ནར་མོ་དེ་ཚོ་ལྟེབས་བརྩིགས་བྱས་ཏེ་གོས་སྒམ་ནང་དུ་བླུགས། སྤུས་མོའི་སྟེང་དུ་ཟངས་སྐུད་ཀྱི་འཚེམ་པ་ཧྲལ་པོ་ཡོད་པའི་རྐང་སྣམ་དང་ཕུ་དུང་ཡ་གཅིག་ལས་མེད་པའི་སྟོད་ཐུང་དེ་གཉིས་བྲེལ་སྟབས་ཀྱིས་གོན། ཕྲག་སྟེང་དུ་སླེབས་པའི་སྐྲ་ལོའི་སིལ་ལི་རྣམས་བྱིལ་བྱིལ་གྱིས་ནུབ་ཕྱོགས་པའི་ཧེ་པི་ཚོ་དང་མཉམ་དུ་གོམ་པ་མཉམ་སྤོ་དང༌། དཔུང་པ་མཉམ་གཤིབ་བྱེད་ནའང་ངོ་ཚ་མི་དགོས་པ་ཞིག་བྱས་ཏེ། སྦག་སྦག་ཡ་མ་ཧའི་ཐོག་ཏུ་རླུང་འཚུབ་དང་འགྲོགས་པའི་ལྡིར་སྒྲ་ཞིག་དང་མཉམ་དུ་གཞོན་ནུའི་བརྩེ་བྲོ་ཁང་དེར་འཕུར།
ཇི་མི་སྙམ་པའི་ཐོབ་ཤོར་རྩེད་པའི་གསེབ་ནས་ཞབས་བྲོ་ཁང་གི་ལག་ཁྱེར་ལ་འཚང་ཀ་རྒྱབ་སྟེ་ཉོས་ནས་ནང་ལ་འཛུལ། སྒྲ་འཛིན་འཁོར་ལོའི་ལྡིར་སྒྲ་གསར་པ་ཞིག་གིས་སྔུན་བསུས་ཏེ་ཐེངས་དང་པོའི་ཌང་སེ་འཁྲབ་འགོ་ཚུགས་བྱུང་བ་དེ་ནི་”ཉ་འཁྱུག་ཌང་སེ་”རེད།
དེང་རབས་ཀྱི་ཞབས་བྲོའི་གར་སྟེགས་སྟེང་དུ་ཆེས་ཐོག་མར་མིག་ལམ་དུ་གསལ་བ་ནི། ལོ་ན་བཅོ་བརྒྱད་ཙམ་ལོན་པའི་གཞོན་ནུ་མ། གནག་སྣུམ་གྱི་ལན་བུས་རྒྱབ་གཟུགས་འཁེབས་ཤིང༌། དཀར་གསལ་གྱི་ཟླ་བ་ལྟར་སྒོར་བའི་བཞིན་རས་ངོས་དམར་ཆུང་གི་མཆུ་སྒྲོས་འཛུམ་པའི་གསེབ་ནས་སོ་ཕྲེང་གི་འོད་དཀར་གློག་སྒྲོན་དང་འདྲེས། མཁྲེགས་ཟླུམ་བརླ་ཡི་ཕྱེད་ཙམ་དུ་སླེབས་པའི་འགྱིག་གི་དོར་ཐུང་དང་ནུ་འབུར་གྱི་དབྱེ་མཚམས་ལ་སླེབས་པའི་འོག་འཇུག་ཤ་འབྱར་མ་ཞིག་གོན་པ་དེ་རེད། གཞོན་ནུ་མ་དེས་ཟུར་མིག་གི་རྩེད་མདའ་དང་མཆུ་སྒྲོས་ཀྱི་བརྡ་ཐབས་སྦྱོར་གིན་དར་ཡུག་རླུང་གིས་སྐྱོད་པ་དང་འདྲ་བའི་སྐེད་རྐ་ལྡེམ་འཁྱུག་གི་གར་སྟབས་ལ་བྲེལ། འཁྲབ་ཚན་དེ་ནི་ངོ་མ་གནམ་མཐོངས་ལ་འཇའ་ཚོན་འཁྱུག་པ་དང༌། ཆུ་རྫིང་ལ་ཉ་མོ་རྩེན་པ་ནང་བཞིན་རེད། མཚོན་མདངས་སྣ་ཚོགས་གསལ་བའི་གློག་འོད་ཀྱི་འོག་ལྟད་མོ་བ་རྣམས་གཡོ་འགུལ་ཙམ་ཡང་མི་བྱེད་པར་ཀྲོང་ངེར་གཡེང་སྟེ་ཡོད་པ་ནི། འཇའ་ཚོན་སྤུངས་པའི་གསེབ་ན་བསམ་གཏན་ལ་རྩེན་པའི་རི་ཁྲོད་པ་ཚོ་གཅིག་སྡོད་ཡོད་པ་དང་ཨ་ན་མ་ན་རེད། སྒྲ་འཛིན་འཁོར་ལོའི་ལྡིར་སྒྲ་ཡང་མོ་ཞིག་དང་འགྲོགས་ནས་འཁྲབ་ཚན་དང་པོ་མཇུག་བསྒྲིལ་སོང༌།
་ཆུ་གྲང་མོ། ཨ་རག སྦིས་རག ཤིང་ཏོག་ཁུ་བ་སོགས་ལ་འཚུབ་ཉིལ་ལེར་འཚང་ཀ་བྱས། ཁམས་རྩ་ཡང་པོ་དང་ཨ་རག་འཐུང་འཚབ་ཆེ་བ་རྣམས་ཐོག་མར་བཟི་འགོ་ཚུགས་ཏེ་ཀུ་ཅོ་དང་དགོད་སྒྲས་སྤྱིལ་བུ་དེ་རིམ་གྱིས་ཁེངས།
སྒྲ་འཛིན་འཁོར་ལོའི་ལྡིར་སྒྲ་སླར་ཡང་སྒྲོག་ཞིང་འཁྲབ་ཚན་གཉིས་པའི་འགོ་ཚུགས་བྱུང་བ་དེ་ནི། “ཁ་སྦྱོར་ཞབས་བྲོ”རེད། ཨ་རག་གི་ནུས་པས་བསྐྱལ་བའི་སྒྱུ་མའི་འཁྲུལ་སྣང་གི་རོལ་རྩེད་ཁྲོད། མཚོན་མདངས་བཀྲ་བའི་གློག་འོད་ཀྱི་འོག་གཞོན་ནུ་ཕོ་མོ་མང་པོ་གཅིག་མཆོངས་གཉིས་མཆོངས་ཀྱིས་གར་སྟེགས་ལྡིང་ཆའི་སྟེང་དུ་འཛེགས་ཏེ་ཕོ་མོ་གཉིས་གཉིས་ཕན་ཚུན་འཐམ་རེས་ཀྱིས། དབྱིན་སྐད་ཐོག་ནས་འདོད་གླུའི་རོལ་དབྱངས་ཁྲོལ་བའི་སྒྲ་འཛིན་འཁོར་ལོའི་རྒྱང་གྲགས་དང་འདྲེས་ཏེ་འུར། ད་གིན་གཞོན་ནུ་མ་དེས་ཟུར་མིག་གི་མདའ་མོ་རྣོན་པོ་ཞིག་ཐེར་ཟུག་ཏུ་འཕེན་ཞོར་གོམ་སྟབས་འཁྱར་འཁྱོར་ངང༌། ཕྲ་ལ་མཉེན་པའི་ལག་པ་གློག་ཞགས་ཀྱི་དབྱིབས་ལྟར་འགྱུ་བའི་བརྡ་ཐབས་དང་འབྲེལ།
“ཕེབས་ཤོག”
ཞེས་པའི་ཚིགས་འབྲུ་གཉིས་པོ་དེ་ཁོའི་རྣ་བའི་ནང་ནར་རེར་འཛུལ་སོང༌། རང་དབང་མེད་པར་གོམ་པའི་འདེགས་འཇོག་ལྡིང་ཆའི་སྟེང་དུ་ཕྱོགས་ཏེ་གཞོན་ནུ་མ་དེ་དང་ལག་གཉིས་ཕན་ཚུན་འཐོམས་པའི་ཁ་སྦྱོར་ཞབས་བྲོ་འཁྲབ་པ་ལ་རྩེན། སྒྲ་འཛིན་འཁོར་ལོའི་འུར་སྒྲ་དང་འགྲོགས་པའི་ཨ་རག་གི་བཟི་ནུས་ཇེ་ངར་དུ་སོང་སྟེ། ཡོད་ཚད་ཡར་ཡོར་དུ་གཡོ་བའི་སྣང་ངོར་གཞོན་ནུ་མ་དེའི་སྐྲ་ལོ་དང་བཞིན་རས། མཆུ་སྒྲོས་དང་ནུ་འབུར། སྐེད་སྟབས་སོགས། མདོར་ན་ཡོད་ཚད་ནས་ཡོད་ཚད་ཁྲ་ལྷམ་མེར་ཤར། ཁོ་མོས་དགོད་སྒྲ་ཡང་མོ་ཞིག་དང་འགྲོགས་པའི་ཟུར་མིག་ཅིག་དང་མཉམ་དུ་འོ་ཞིག་བསྐྱལ་བྱུང༌། ཁོས་ལག་པའི་གླང་སྣ་རིང་པོ་དེས་ཁོ་མོའི་མགུལ་ནས་འཁྱུད་དེ་འོ་བཞིན་སྐྲ་ལོ་རྣམས་འཕུར་འཕུར་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་མོའི་སྐྲ་ལོ་ཡོངས་རྫོགས་ཁོའི་ལག་པའི་ནང་སླེབས་བྱུང༌།
“ཧ་ཁ་ཁ། ཁོ་མོ་ནི་སྐྲ་འདྲ་གོན་པའི་མགོ་རིལ་ཞིག་དང་དོར་ཐུང་གོན་པའི་བཙུན་མ་ཞིག་ཡིན་པ་ཁོས་ག་ལ་ཤེས།”
ར་བཟིའི་འཁྲུལ་སྣང་དུའང་རང་གི་ལ་རྒྱ་ཤོར་བའི་ཚོར་སྣང་རྗེན་པ་ཞིག་ཤར་ཏེ་ལག་པ་གཉིས་ཀས་ཁོ་རང་གི་མགོ་བོ་ཕུར་ཕུར་བྱས། ཨ་ཁ་ཁ། སིལ་ལི་བྱས་པའི་སྐྲ་ལོ་ཡོངས་རྫོགས་སྙིམ་པའི་ནང་ལྷུང་བྱུང༌།
“ཨ་ཧོ་ཧོ༌། ཁོ་རང་ཡང་སྐྲ་འདྲ་གོན་པའི་བཙུན་པ་ཞིག་དང་རྐང་སྣམ་གོན་པའི་གྲྭ་གཟུགས་ཤིག་ཡིན་པ་དེ་ཨ་རག་གིས་གཟུགས་ཁམས་ཁྲག་དཀྲུག་སྣག་དཀྲུགས་བྱས་པའི་ཡོལ་ནག་ཐུག་པོའི་གྲུ་ཟུར་ཞིག་ནས་དྲན་པའི་མེ་ལོང་ངོས་སུ་ཁྲ་ལྷམ་མེར་ཤར་སོང༌།”
ཁོ་བ་གོམ་པའི་འདེགས་འཇོག་འཁྱར་འཁྱོར་གྱིས་གཞོན་ནུའི་རྩེད་བྲོ་ཁང་གི་ཕྱི་རོལ་ལ་བསེྙགས་ཀྱང༌། གནག་སེམས་རྩུབ་པའི་ཨ་རག་གི་བཟི་ངར་དེས་ཁོའི་ཁོག་པའི་ནང་ནས་ཕུད་ཕྱགས་རྒྱག་ཐེངས་གཅིག་གིས་ཁོ་ཞབས་བྲོ་ཁང་གི་སྒོ་འཁྲིས་སུ་རེངས་སོང༌། ཧབ་ཆའི་རོལ་དབྱངས་ཁྲོད་ཁོ་བ་རྨི་ལམ་གྱི་ཞིང་ཁམས་སུ་སླེབས།
༡༩༩༥།༣།༢༦།ལ་རྡ་རམས་ལ་ནས།
གཉིས། གློག་བརྙན་ཁང་གི་དོན་སྐྱོན།
གློག་འོད་ཀྱི་སྒྱུ་འཕྲུལ་གསལ་བའི་མེ་ལོང་གྲུ་བཞི་མ་འདིའི་ནང༌། བསམ་ཡུལ་དུ་མི་ཤོངས་བ་ཞིག་ལ་སྐྲ་སེར་ཕོ་མོ་ཟུང་གིས་ཕན་ཚུན་སྐྲ་གཟེངས། ནུ་མ་མཉེད། ཁ་སྐྱེལ། རྐུབ་སྦྲེལ། ད་དུང་་་ ་་༌། “ཨ་ཧ་༌། སྲིད་པའི་གོ་ལ་ཧྲིལ་པོ་འདིའི་སྒང་ལ་རོལ་རྩེད་ཀྱི་སྒྱུ་རྩལ་འདི་ལས་ཆེས་ཕུལ་དུ་བྱུང་བ་ཞིག་གང་ན་ཡོད།”
སྒྱུ་མའི་ལྟད་མོ་ལ་རོལ་བའི་མིག་ཟུང་འགེབས་པའི་ནག་ཤེལ་དེ་སྣ་རྩེར་ཕབ་སྟེ་ལྟད་མོ་བ་རྣམས་ལ་ཟུར་བལྟས་བྱས། ཁོ་རང་དང་འདྲ་བའིསྤུ་མེད་མགོ་རིལ་མང་པོ་གཡོ་འགུལ་མེད་པར་ལྟད་མོ་ལ་ཐེམ་མེར་གཡེངས་འདུག
གློག་བརྙན་གྲོལ་ཏེ་སྲང་ལམ་དུ་སླེབས་པ་ན། གཟབ་ཅིང་ནན་པའི་ཕྱི་མིག་གཅིག་འཕངས་ཏཻ། “སང་ཉིན་ཡང་གློག་བརྙན་ཁང་འདི་ག་རང་ན་་་ ་་་”
ཆེ་ཞིང་སྒོར་བའི་ནག་ཤེལ་དེ་ཐེངས་གཅིག་ཕྱིས་ཏེ་ག་ལེར་གོན། ཉི་སྒྲིབ་ཞྭ་མོའི་ཐོད་གཡབ་རིང་པོ་དེ་གདོང་ངོས་སུ་བཀབ་སྟེ་གོམ་སྟབས་ལྕི་མོ་ཞིག་གི་ཁ་ལོ་རང་ཁྱིམ་དུ་བསྒྱུར།
དུས་དེ་ནས་བཟུང་ཁོའི་རྐང་རྗེས་ཀྱི་རི་མོ་ཡོངས་རྫོགས་སྲང་ལམ་དེ་ན་བྲིས།
ཁོའི་གོམ་ཁའི་སྤོ་ཕྱོགས་ཡོངས་རྫོགས་ཁང་པ་དེ་ན་ཕྱོགས།
ཁཽའི་སྙིང་ཁམས་ཀྱི་དམར་མདངས་ཡོངས་རྫོགས་མེ་ལོང་གྲུ་བཞི་མ་དེའི་ངོས་ལ་ཐིམ།
དུས་དེ་ནས་བཟུང་གོས་སྒམ་དུ་བླུགས་པའི་གྲྭ་ཆས་ཀྱི་ལྟེགས་བརྩེགས་ཞིག་མ་མྱོང༌།
ཁོའི་མི་ཚེ་མདུན་ལམ་དེ་ཅི།
ཁོའི་ཕ་མའི་རེ་བ་དེ་གང༌།
ཁོའི་སྡོམ་པའི་བླང་དོར་དེ་ཅི།
ཁོའི་རེ་ལྟོས་ཀྱི་མགོན་སྐྱབས་དེ་སུ།
ཐར་པ་་་དམྱལ་ཁམས་་༌། དགེ་སྡིག་་་ སྤང་བླང་་༌།
ཨའའའ་༌། འཇིག་རྟེན་ཧྲིལ་པོ་འདིར་འཚོ་ཐབས་མེད་པའི་ཇུས་ཉེས་ཀྱི་མགོ་ཚུགས་པའི་ཉིན་མོ་དེ།
༡༩༩༥།༣།༢༦། རྡ་རམ་ས་ལ་ནས།
བོད་ཀྱི་ལེའུ་སྐོར་ལ་མཆན་ཞིག་འདུག་བསམ་ནས་ཞིབ་ཀློག་ཞིག་བྱས་དུས། དེ་ནི་བོད་ཀྱི་ལེའུ་ལས་ཀྱང་ལེའུ་གསར་བ་ཞིག་བྲིས་འདུག་ལ། དེ་ནི་བེ་རི་འཇིག་མེད་ལགས་ཀྱི་ཁྲོམ་སྲང་ཉུལ་བ་དང་ཁྲོམ་སྲང་ལ་གཡེང་བས་དེང་རབས་ཀྱི་གྲ་ཟུར་འམ་གྲ་ལོག་དེ་དག་གི་བསྐོར་ལ་བྲིས་ཡོད་པ་འདྲ་བོ། མཚམས་རེར་གྲ་བ་དང་བཙུན་མ་རེ་ཟུང་གི་དགོང་མོ་སྐྲ་རྫུན་གོན་ནས་མཚན་ཚོགས་ལ་རོལ་བ་དང་ཉིན་དཀར་གཟན་ཤམ་གྱོན་ནས་འགྲོ་བཞིན་ཡོད་པ་ལྟ་བུ་བཤད་བཞིན་འདུག་ན་ཡང་། སྒྲུང་ཐུང་འདིས་མཇུག་འཕུད་སྟངས་ལ་བལྟས་ན་ཡང་དེ་འདྲ་ཞིག་ཡིན་མིན་ཡང་མི་ཤེས་པ་ཞིག་བྲིས་འདུག བེ་རི་སྨྱོན་པ་ལགས། ཁྱེད་རང་གིས་སྙན་ངག་འབྲི་སྟངས་ཡག་པོ་ཡོད་པ་རེད་ཟེར་ནས་གོ་མྱོང་ཡོད་པ་གཅིག་བུ་མིན་པར་ངས་ཁྱེད་རང་གི་དེབ་ཟུངས་ཁྲག་ཟེར་བ་དེ་ཡང་ཀློག་མྱོང་ཡོད་ལ། དེ་ལས་ཁྱེད་རང་གི་དེབ་ཁ་ཤས་ཤིག་ཀྱང་ཀློག་མྱོང་ཡོད་ཀྱང་། དེ་རིང་གི་སྒྲུབ་འདི་འབྲི་སྟངས་ལ་དངོས་ནས་མ་འདང་བས་ཆ་མང་བོ་ཞིག་མཐོང་སོང་། རྗེས་ཕྱོགས་སྒྲུང་ཐུང་འབྲི་ན་ཁ་གསལ་བོ་ཞིག་བྲིས་ཤིག འདི་ནི་རེ་སྐུལ་ཡིན།
དྲ་གྲོགས་བོད་ ལྷ་ཀླྱ་གཉན་གསུམ་ལགས། རྩོམ་པ་པོ་བེར་སྨྱོན་ལགས་ཀྱི་ཤེས་ཚད་རྩོམ་ཐུང་འདི་འདྲ་ཞིག་གི་སྟེང་ནས་རྟོགས་དཀའ་བས་གཞི་རྩའི་ཤེས་ཡོན་ལ་རྒྱུས་ལོན་བྱས་ཏེ་བཤད་ན་འོས་པར་སྮམ།
you are right .But we must checked our bisic
མིག་གསུམ་པ་ལགསYou are so fanny man .But we must taking suggestion o his point and I think that cause is must need we all love Tibetan guys .so please don’t write like this suggestion at the next time lo
དྲ་གྲོགས་ཁྱེད་གཉིས་ཀྱིས་དབྱིན་ཡིག་གི་ལན་འདེབས་བྱེད་ཀྱི་འདུག་པ་དེར་ངོས་ལེན་མེད། བོད་ཡིག་བྲིས་ཤིག་དང་དེ་ནས་བལྟས་ཆོག ངས་བེ་རི་འཇིག་མེད་ལ་དམིགས་གསལ་གྱི་ཤེས་ཡོན་ཡོད་མེད་བསྐོར་གླེང་མོལ་བྱས་མེད་ཀྱང་། ང་རང་གི་རེ་སྐུལ་ཞིག་བྱས་པ་དེར་ཁྱེད་གཉིས་ཀྱིས་ངས་མཐོང་ཆུང་བྱེད་ཀྱི་འདུག་ཟེར་གྱི་ཡོད་ན་ནི་དངོས་ནས་དགོད་སྤྲོ་བ་རང་རེད་འདུག
ཁ་བརྡ་རྩོམ་སྒྲིག་པ་ལགས། skyepཟེར་བ་འདི་ལ་བོད་ཀྱི་ཐ་སྙད་ཇི་ལྟར་བེད་སྤྱོད་བྱས་ན་འགྲིག བདག་གིས་གནམ་སའི་འབྲེལ་ཐག་གམ་གནམ་སའི་འབྲེལ་མཐུད་ཟེར་ན་འདོད་ཀྱང་། ཁྱེད་ཅག་གི་ཐ་སྙད་གང་ཞིག་གནང་ཡོད་གསལ་བཤད་ཞིག་གནོང་རོགས་ཞུ། གལ་སྲིད་འདི་ལྟར་བེད་སྤྱོད་བྱས་ན་འགྲིག་ཚེ་ཐ་སྙད་ཀྱི་འཁྲིས་སུ་འགོད་རྒྱུ་དང་མེད་ན་ཁྱེད་ཅག་གི་ཐ་སྙད་ཞིག་གནོང་རོགས་ཞུ།