ཁྲག་རྒྱུན།
ཀེ་ལ་ཤ་ཡིས་ཡོངས་སུ་བསྐོར་བའི་ཞིང་ཁམས། །
རིགས་དྲུག་སེམས་ཅན་བདེ་བར་སྡོད་པའི་ཞིང་ཁམས། །
བཅུ་ཕྲག་རིག་པ་དར་འཕེལ་བྱུང་བའི་ཞིང་ཁམས། །
རླབས་ཆེའི་འཛུགས་སྐྲུན་སྐར་ལྟར་ཤར་བའི་ཞིང་ཁམས། །
ཡ་རབས་ཚུལ་བཟང་གདོང་དམར་གནས་སའི་ཞིང་ཁམས། །
ནོར་ཕྱུག་རྩྭ་ཁ་ཡོངས་སུ་འཛོམས་པའི་ཞིང་ཁམས། །
ནང་པའི་ཆོས་ལ་དད་པའི་གདོང་དམར་ཞིང་ཁམས། །
རི་སྐྱེས་སྲོག་ཆགས་བདེ་བར་འཁོད་པའི་ཞིང་ཁམས། །
ཞེས་བསྟོད་པའི་མེ་ཏོག་གི་སྦྲང་ཆར་བབས་དང་འབབ་མུས་ཡིན། གང་ལགས་ཤེ་ན། ཤེས་རབ་རྣམ་དཔྱོད་ལྡན་པའི་ཕ་མེས་ཀྱིས་རྗེས་རབས་རྣམས་ལ་བཞག་པའི་རིན་བྲལ་ནོར་བུ་འདི་དག་ལས་གསལ། འོན་ཏེ།རྟ་བབ་བོང་གཞོན་༽གྱི་འུ་ཚོས་ཕ་མེས་ཀྱི་བླ་བཙོང་ནས་སྐབས་འཕྲལ་བདེ་བ་ཁོ་ནར་བསམ་ནས་འཚོ་བ་ནི་གྲངས་ལས་འདས། འུ་ཚོ་ནི་རྣམ་ཤེས་བརླག་པའི་ཕུང་པོ་ཉག་ཅིག་ལས་གང་ཡང་མི་མཐོང་། ད་དུང་ཡང་མགོ་ བོ་གཟེངས་སུ་ཐོན་ཏེ་ཕ་མེས་ཀྱི་མཛད་པ་འདི་དག་ངོམས་ནས་བསྡད་ན་ཨེ་ཡོང་།བསམ་ཞིང་བསམ་ཞིང་ཡིད་སྐྱོ་བྱུང་། དྲན་ཞིང་དྲན་ཞིང་བུ་ངའི་སྙིང་ཁ་བཤགས་སོང་།སྡུག་རྩུབ་ཆེ་བའི་ཀླ་ཀློ་དེ་དག་གིས་འུ་ཚོའི་རྣམ་ཤེས་མེད་པར་བཟོ་བའི་འདུན་པ་དུས་རབས་ཕྱེད་ཀའི་སྔ་རོལ་ནས་སེམས་ངན་བཅངས་ཚར་འདུག འུ་ཚོས་ད་དུང་དེ་ལ་ གཞོགས་འདེགས་བྱེད་འདོད་དམ། ད་དུང་རང་ཉིད་ཀྱི་རྣམ་ཤེས་འདི་དག་བསྐྱུར་འདོད་ དམ། ཁྱེད་ཚོས་མནོ་བསམ་ཞིག་ཐོངས་དང་། ཁ་རྒྱུན་ལྟར་ན། རང་གི་སྐད་ཡིག་ལ་ མཁས་པ་དང་གཞན་གྱི་སྐད་ཡིག་ཀྱང་ཤེས་པས་ན། དེ་ལ་ཡང་དག་མཁས་པ་ཟེར། རང་ གི་སྐད་ཡིག་མ་ཤེས་པར་གཞན་གྱི་སྐད་ཡིག་ལ་མཁས་པ་ནི་ཕ་མེས་བླ་བཙོང་མཁས་པ་ཟེར་བའི་གཏམའདི་ཐོས་མྱོང་ཡོད་སྲིད། འོན་ཀྱང་ད་དུང་ཡང་རང་རིགས་ཀྱི་བླ་སྲོག་དང་ རྣམ་ཤེས་འདི་བསྐྱུར་དགོས་དོན་ཅི་ཡིན། ཁྱེད་ཚོས་ཐོས་སམ།ཀ་ཁའི་སྨྲེང་ངག་འདི་ཐོས་ སམ། ཁྱེད་ཚོས་མཐོང་སམ། ཀ་ཁའི་མིག་ཆུ་འདི་མཐོང་ངམ། ཁྱེད་ཚོས་ཚོར་རམ། ཀ་ཁའི་རེ་སྨོན་འདི་ཚོར་རམ། ཉིན་ནས་ཟླ་དང་ཟླ་ནས་ལོ་བྱས་ཏེ་མི་རབས་གསུམ་ཙམ་ འདས་ཟིན་འདུག འདས་ཟིན་པའི་ལོ་ཟླ་ལ་ཕྱིར་བལྟ་ཞིག་བྱེད་དུས་ན་ཟུག་གིས་འུ་ཚོའི་སྙིང་ཁ་བཤགས་སོང་། འདས་ཟིན་པ་ནི་འདས་ཟིན་པ་རང་རེད། འདིར་འགྱོད་པ་དང་སེམས་ཕམ་བྱས་ནས་དུས་འདའ་ན་སུ་ཡིས་འུ་ཚོར་སྙིང་རྗེའི་ཟུར་མིག་ཙམ་ཡང་བལྟ་མི་ སྲིད། སྤུན་ཟླ་ཚོ། འུ་ཚོའི་ཕུང་པོ་ན་རྣམ་ཤེས་བཙལ་དང་འུ་ཚོའི་ཕུང་པོ་ན་དུས་རབས་ཀྱི་ རྣམ་ཤེས་སྣོན་དང་། ཕ་མེས་ཀྱིས་འུ་ཚོར་གནང་བའི་མགོ་བོ་མཐོན་པོ་འདི་གཞན་གྱི་ རྐང་འོག་ཏུ་འཇོག་དགོས་དོན་འདུག་གམ། བརྩོན་དང་སྤུན་ཟླ་ཚོ་རང་མི་རིགས་ཀྱི་སྐད་ ཡིག་འདི་ལེགས་པར་སྦྱོངས་དང་། མི་རིགས་ཀྱི་བླ་སྲོག་འདི་ལེགས་པར་སྐྱོང་དང་། མཁས་དབང་རྣམས་ཀྱིས་གསུངས་པ་ལྟར་མི་རིགས་ཤིག་གིས་མི་རིགས་རང་གི་ད་ལྟའི་གཞོན་ནུ་རྣམས་ལ་མི་རིགས་རང་གི་སྐད་དང་ཡི་གེ་མ་བསླབ་པར་མི་རིགས་གཞན་གྱི་ སྐད་དང་ཡི་གེ་རྐྱང་རྐྱང་བསླབ་པ་ཡིན་ན་མི་རིགས་དེས་རང་གི་སྐད་ཡིག་མེད་པར་ གཏོང་བའི་ཐན་ལྟས་ཤིག་རེད་ལ་མི་རིགས་དེ་མེད་པར་བཟོ་བའི་སྔ་ལྟས་ཤིག་ཀྱང་རེད།མི་རིགས་རླབས་ཆེན་སུ་འདྲ་ཞིག་ཡིན་ཡང་། རང་རིགས་ཀྱི་སྐད་ཡིག་མེད་པར་བཏང་ ཚར་ན། མི་རིགས་དེ་རང་གི་ཁྲག་རུས་གསུམ་མ་བརྗེས་པའི་སྔོན་ནས་མི་རིགས་སུ་དང་ སུ་ཞེས་ཐ་སྙད་དེ་མེད་པར་བཏང་ཚར་བ་རེད་ཅེས་དུས་དང་རྣམ་པ་ཀུན་ཏུ་འུ་ཚོར་སློབ་གསོ་བརྒྱབ་དང་རྒྱབ་མུས་ཡིན། འོན་ཀྱང་འུ་ཚོས་དེ་ཚོ་ཤེས་བཞིན་དུ་ད་དུང་རང་རིགས་ ཀྱི་བླ་སྲོག་བསྐྱུར་བ་འདི་གང་གི་བྱེད་སྟངས་ཡིན་ནམ། འུ་ཚོའི་ཕུང་པོ་འདི་ན་རྣམ་ཤེས་ འཇུག་རན་འདུག ཕ་མེས་ཀྱིས་བཞག་པའི་རྣམ་ཤེས་དང་དུས་རབས་ཀྱི་རྣམ་ཤེས་མཉམ་ དུ་འཇུག་རན་འདུག འུ་ཚོའི་ཕ་ཚ་བུ་རྒྱུད་ཆེད་དུ་དབྱངས་གསལ་སོ་བཞིའི་དབྱངས་རྟར་ བཅིབས་དང་། མི་རིགས་འདིའི་དར་རྒུད་ཀྱི་ཆེད་དུ་ཚན་རིག་གི་བང་མ་ལོངས་དང་། མི་རིགས་འདིའི་མདུན་ལམ་ཆེད་དུ་རང་ནུས་ཡོད་རྒུ་འདོན་དང་། སྤུན་ཟླ་ཚོ། ཁྱེད་ཚོ་གཏམ་འདི་དག་ལ་སུན་སྣང་སྐྱེད་སྲིད་ངེས་རེད།འོན་ཏེ་སྙིང་ཁོང་གི་ན་ཟུག་འདི་དག་སྤུན་ཟླ་ཚོར་མ་ཞུ་ཀ་མེད་རེད་འདུག གང་ལགས་ཤེ་ན། འུ་ཚོའི་མི་ རིགས་འདི་ལྷགས་རླུང་ཁྲོད་ཀྱི་མར་མེ་དང་འདྲ་བར་གནས་འདུག འུ་ཚོའི་རྣམ་ཤེས་འཚོལ་རན་འདུག
༢༠༡༠ལོའི་ཟླ་བ་༩པའི་ཚེས་༢༠ཉིན།
༼རྒྱ་ནག་ཏུ་ཡོད་པའི་བོད་རིགས་སློབ་ཆེན་པ་ཞིག་ནས་བཏང་འབྱོར་མ་ཟིན་ཇི་བཞིན་བཀོད་ཡོད༽
དོན་གྲུབ་རྒྱལ་གྱི་༼འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་༽ཟེར་བ་དེ་མདུན་ལ་བཞག་ནས་བྲིས་དང་ཟིག་པ། ཧེ་ཧེ་ཧེ་ཧེ།
སྐུ་རྩེད་ཞུས་པ་ཡིན། སེམས་ཤུགས་ཡོད་ས་རེད། ཁྱེད་ཀྱིས་ཀྱང་དེ་ལྟར་དུ་ཤུགས་བསྐྱོན་རོགས་གནོངས་ཞེས་ཀྱང་སྐུལ་ལོ།།
རྒྱབ་སྐྱོར་ཡོད། རང་སྐད་དང་རང་ཡིག་མི་ཤེས་བའི་མཁས་བ་ནི་དོན་གྱིས་མི་རིགས་འདི་བརླགས་བྱེད་གྱི་རྒྱུ་ཆ་རེད། རང་ཡིག་མི་ཤེས་བ་ཞིང་གཞན་ཡིག་ཤེས་བའི་མཁས་བ་ནི་ཤེས་ལྡན་ཞིག་གིས་མཁས་བ་བགྲང་མི་སྲིད། དེ་ནི་ཕྱོགས་རིས་ཀྱི་ལྟ་སྟངས་མིན་པ་ཚད་གཞི་ལྡན་པའི་འཇིག་རྟེན་སྤྱི་ཡོངས་ཀྱི་ལྟ་སྟངས་རེད། རྒྱུ་མཚན་ནི་མི་དེ་ཚོས་མི་རིགས་དེ་ལ་ཕན་ལས་གནོད་སྐྱེལ་བས་རེད།
གསལ་དུ་བཤད་ན། དེ་ཚོས་མི་རིགས་དེའི་རིག་གཞུང་གི་རྩ་བ་སྐད་དང་ཡི་གེ་བརླག་རྒྱུའི་མིག་དཔེ་ངན་པ་བསྟན་པས་རེད།
ཀེ་ལ་ཤ་ཡིས་ཡོངས་སུ་བསྐོར་བའི་གྲང་དམྱལ། །
རིགས་དྲུག་སེམས་ཅན་སྡུག་བསྔལ་མྱོང་སའི་དམྱལ་ཁམས། །
བཅུ་ཕྲག་རིག་པ་འཕེལ་ཁ་ནུབ་པའི་མུན་གླིང་། །
རླབས་ཆེའི་འཛུགས་སྐྲུནཅི་ཡང་མེད་པའི་རྗེས་གླིང་། །
ཡ་རབས་ཚུལ་བཟང་གདོང་དམར་བསད་སའི་གཤིས་རྭ། །
ནོར་ཕྱུག་རྩྭ་ས་ས་ནག་བསྒྱུར་ཟིན་སྐྱ་ཐང་། །
ནང་པའི་ཆོས་ལ་དད་དམ་ཉམས་པའི་ཕ་ས། །
རི་སྐྱེས་སྲོག་ཆགས་མདའ་རྩེ་དྲངས་སའི་གཡུལ་ས། །
རྒྱ་འདྲེ་དམར་པོ་ཉིན་མོར་རྒྱུགས་ས་འདྲེ་ས། །
སྐུ་གསུང་ཐུགས་རྟེན་ཚོང་བསྒྱུར་བྱེད་སའི་ཚོང་རྭ། །
དམན་ཆུང་བུ་མོའི་ལུས་སྨད་འཚོང་སའི་གཞང་ཁང་། །
ཕོ་གཞོན་ཐམས་ཅད་རྐུ་མ་ཆགས་སའི་ཁྲམ་རྭ། །