སྤོབས་པ་མཐའ་ཡས།
ཁྱོད་ཚོ་འདྲེ་ཡོད་པར་ཡིད་ཆེས་ཡོད་དམ། ངས་རྒྱུན་དུ་འདྲེ་ཡོད་པར་ཡིད་ཆེས་མེད་ཅེས་ཐག་ཆོད་མདོག་གིས་ཤོད་ཀྱིན་ཡོད། དོན་ངོ་མར་ང་འདྲེ་ལ་ཧ་ཅང་སྐྲག་མོད་འདྲེ་སྒྲུང་ལ་ཉན་པར་དགའ། ཁྱིམ་དུ་འདྲེ་སྒྲུང་ལ་ཉན་གྱིན་ཉན་གྱིན་འདྲེ་སྒྲུང་བཤད་ཚར་རྗེས་སུ་ཕྱི་ལོགས་སུ་གཅིག་གཏོང་དུ་འགྲོ་བར་ཡང་འཚེར་སྣང་སྐྱེ། འདྲེ་ཡོད་པར་རྒྱུ་མཚན་གྱིས་གཏན་ནས་སྒྲུབ་མི་ནུས་མོད་ངག་རྒྱུན་དང་སྟེས་དབང་ངམ་ཡང་ན་བག་ཆགས་ཤིག་གིས་རང་གཞན་མང་པོ་འདྲེ་ལ་ཡིད་ཆེས་པ་ཙམ་ཞིག་གཞན་གང་ལ་ཡང་ཡིད་མི་ཆེས་ཟེར་ཆོག་པ་འདུག
ངེད་ཚོའི་ཕ་ཡུལ་ན་སེང་ཁོ་ཟེར་བའི་མི་ཞིག་ཡོད། དེ་འདྲེ་རུ་གྱུར་པར་ཡིད་ཆེས་མཁན་མང་བས་དེང་སང་སེང་ཁོའི་མིང་ནས་ཡང་འཛིན་ཕོད་མཁན་དཀོན། ངས་ཀྱང་ཁོའི་མིང་འདོན་དགོས་དུས་རང་བཞིན་གྱིས་མི་བདེ་བ་ཞིག་ཡོང་གིན་འདུག ཁྱད་པར་དུ་མཚན་མོའི་དུས་སུ་མཚམས་རེར་བ་སྤུ་ཡང་གཟེངས་འགྲོ་བཞིན་འདུག ངས་འདིར་འདྲེ་ཡོད་པར་སྒྲུབ་འདོད་པ་མིན་ལ་འདྲེ་མེད་པར་སྒྲུབ་འདོད་པ་ཡང་མིན་མོད་སེང་ཁོ་འདྲེ་རུ་གྱུར་པའི་བརྒྱུད་རིམ་དེ་བཤད་འདོད་བྱུང་།
སྐབས་དེ་ནི་རིག་གནས་གསར་བརྗེའི་མཇུག་དྲིལ་ཏེ་ལོ་མང་པོ་མ་འགོར་བའི་དུས་ཤིག་རེད། སྐབས་དེར་ངེད་ཚོའི་སྡེ་བར་སྤྱི་ཁང་ཞིག་ཡོད། སྤྱི་ཁང་དེ་བེད་སྤྱོད་ཧ་ཅང་ཆེ། ངེད་ཚོའི་སྡེ་བས་འབྲོག་ལས་གཙོ་བོར་བྱེད་ཀྱང་ས་ཞིང་ཡང་མི་ཉུང་བ་ཞིག་རྨོ་འདེབས་བྱེད་ཀྱིན་ཡོད་སྟབས་སྤྱི་ཁང་གི་ཁང་མིག་ལ་ལ་ནི་སྡེ་བའི་སྟོན་མཇུག་གི་འབྲུ་རིགས་གསོག་སའི་མཛོད་ཁང་དང་། ལ་ལ་ནི་གཞུང་གི་མངགས་གཏོང་བྱས་པའི་ལས་བྱེད་པའི་སྡོད་ཁང་། ལ་ལ་ནི་སྤྱི་ཁང་གཉེར་བ་ཚོའི་སྡོད་ཁང་། ད་དུང་ཚོགས་ཁང་དང་ཐབ་ཁང་སོགས་ཡོད་པའི་ཁང་བ་ཆེན་པོ་ཞིག་རེད། སེང་ཁོ་ཟེར་བ་འདིིའི་མི་ཁུངས་ནི་ངེད་ཚོའི་སྡེ་བ་རང་ནས་ཆད་པ་ཞིག་ཡིན་པར་ཐེ་ཚོམ་མི་འདུག་མོད་ཁོར་གཉེན་ཉེ་ནང་མ་ལྟ་བུ་མེད་ཐོག་ཁོ་རང་ལ་ཡང་ཁྱིམ་ཚང་གང་ཡང་མེད་པའི་མི་རྐྱང་ཞིག་རེད། ཁོ་རང་གཞུང་གི་ལས་བྱེད་པ་ཚོ་དང་མཉམ་དུ་འགྲོ་བར་དགའ་ཞིང་རྒྱུན་དུ་སྡོད་ས་ཡང་སྤྱི་ཁང་ནང་དུ་ཡོད། ཁོ་ལ་ལས་ཀ་ཞིག་ཡོད་པ་དེ་ནི་སྤྱི་ཁང་བསྲུང་རྒྱུ་དེ་རེད། སྤྱི་ཁང་ལ་ར་སྐོར་ཆེན་པོ་ཞིག་ཡོད་སྟབས་ར་སྐོར་ནང་གི་རྩྭ་བཏུས་ནས་ཁོ་རང་གི་རྟ་རྒན་གསོ་སྤྱད་དུ་ཉར་བར་དགའ། ཁོ་རང་གི་གོམས་སྲོལ་ཞིག་ཡིན་ནམ་དབྱར་དང་སྟོན་གྱི་དུས་ནམ་ཞིག་ལ་ཁོ་མཐོང་ཡང་རྩྭ་འཐུ་སྤྱད་ཀྱི་ཟོར་བ་རིང་པོ་ཞིག་ཐོགས་ནས་ར་སྐོར་ནང་དུ་འགྲོ་བཞིན་ཡོད་པ་དྲན།
སྐབས་དེར་སེང་ཁོ་ལོ་བཞི་བཅུའི་སྟོད་ཙམ་ཟིན་ཡོད་ཚོད་རེད། སེང་ཁོ་ལ་རྒྱུ་ནོར་དང་ཉེ་འབྲེལ་མེད་པས་མི་མང་པོས་དམན་སྡང་བྱེད་པ་ཡིན་ནམ་གང་ལྟར་ཡང་མི་མང་པོ་ཞིག་གིས་སེང་ཁོ་མིག་ནང་ལ་མི་འགྲོ་དོན་ཞིག་ནི་བུ་མོ་ཆུང་ཆུང་ཚོར་ཆགས་གཏམ་དང་ཐུག་རེག་བྱེད་པར་དགའ་བའི་གོམས་གཤིས་ངན་པ་དེས་མི་ཚང་མས་མངོན་ལྐོག་གང་ཡིན་ཡང་འཕྱ་སྨོད་དང་ཐ་ན་ཁ་ངན་ཚིག་རྩུབ་ལབ་མཁན་མང་པོ་ཡོད། ཁོའི་བྱེད་སྟངས་ཐབས་སྡུག་དེས་ནི་ཐ་མ་རང་སྲོག་ཤོར་བའི་རྐྱེན་བྱས་སོང་ལ་འདྲེ་རུ་གྱུར་བའི་འཇིགས་སྣང་དེ་ཡང་བཞག་སོང་།
སྟོན་དུས་སུ་ངེད་ཚོའི་སྡེ་བའི་རུ་སྐོར་ཞིག་སྤྱི་ཁང་གི་ཉེ་སར་འབབ། སྤྱིར་ན་ངེད་ཚོའི་སྡེ་བར་དུད་ཚང་བརྒྱ་ལ་ཉེ་བ་ཞིག་ཡོད་མོད་ཁྱིམ་ཚང་བཅོ་ལྔ་བཅུ་དྲུག་ཙམ་ལས་གྲུབ་པའི་ཚོ་ཁག་དེ་ལོ་ལྟར་སྤྱི་ཁང་གི་ཉེ་སར་འབབ། ཁྱིམ་ཚང་དེ་ཚོར་བུ་དང་བུ་མོ་ལོ་ལྔ་དྲུག་ཡན་ཆོད་ནས་བཅུ་མན་ཆོད་ཀྱི་བར་ལ་ཡོད་པ་བདུན་བརྒྱད་ཅིག་ཡོད། མང་ཆེ་བ་བུ་མོ་རེད། བྱིས་པ་དེ་ཚོ་རྒྱུན་དུ་སྤྱི་ཁང་གི་ཉེ་སྐོར་དུ་རྩེད་མོ་རྩེ་རུ་འགྲོ་དུས་སེང་ཁོ་དང་ཐུག་གིན་ཡོད་འདུག སེང་ཁོས་བྱིས་པ་ཚོ་བརྡུང་འདུག་ཟེར་བ་དང་བུ་མོ་ཆུང་ཆུང་ཚོ་ལ་ཆགས་གཏམ་དང་ཐུག་རེག་བྱས་སོང་ཟེར་བ་ལྟ་བུའི་གཏམ་དེ་ཚོ་བྱིས་པ་ཁོ་རང་ཚོ་བརྒྱུད་ནས་ཕ་མའི་རྣ་ལམ་དུ་ལྷུང་། སྤྱིར་ན་ཆགས་གཏམ་དང་ལག་པས་ཐུག་རེག་ཙམ་ལ་སྐབས་དེར་དེ་འདྲའི་ཚབ་ཆེན་ཞིག་ཏུ་བརྩི་གི་ཡོད་མེད་གང་ལྟར་ཡང་སེང་ཁོ་མི་རླུང་རྟ་མ་དར་བ་ཡིན་སྟབས་བྱིས་པའི་ཕ་མ་སྐོར་ཞིག་སེང་ཁོ་རུབ་རྡུང་བྱེད་པར་ཕྱིན་འདུག
སེང་ཁོ་དེ་དུས་ར་སྐོར་ནང་ན་རྩྭ་འབྲེག་བཞིན་ཡོད་དུས་ཤིག་ལ་ཁེལ་སྟབས་སྤྱི་ཁང་ནང་དུ་འཛུལ་ཐུབ་མི་འདུག ཡར་འབྲོ་མར་འབྲོ་བྱས་ནས་ཐ་མ་འབྲོ་ས་མ་རྙེད་པར་སྤྱི་ཁང་དང་འདབས་འབྲེལ་དུ་ཡོད་པའི་སྡེ་བའི་ཞིང་ལས་འཕྲུལ་ཆས་དང་གཟན་རྩྭ་སྐམ་པོ་ཉར་སའི་ཁང་གོག་ཅིག་ཡོད་པ་དེའི་ནང་དུ་འཛུལ། བྱིས་པའི་ནང་མི་ཚོས་ཕྱིར་ཐོན་ཤོག་ཟེར་ནས་ག་ཚོད་བོས་ཀྱང་ཁོ་ཕྱིར་འབུད་མ་ཕོད། ལྕགས་སྒོ་འཁྲེགས་པོ་ཞིག་ཡོད་པ་དེ་ནང་ནས་བསྡམས་སྟབས་ཁོང་ཚོ་ནང་དུ་ཡང་འཛུལ་མ་ཐུབ། ཕྱི་ན་ཡོད་མཁན་ཚོས་ཆེད་དུ་ཁང་པའི་སྒོ་ཕྱི་ནས་བསྡམས་འདུག ཐ་མ་དེར་ཁོ་འདེད་མཁན་གྱི་གྲས་སུ་འཕྲིན་རྣམ་ཟེར་བ་ཞིག་དང་བུད་མེད་ཚེ་བདེ་ཟེར་བ་གཉིས་ཁང་པའི་ལོགས་གཞན་ཞིག་ལ་ཡོད་སྐབས་འཕྲིན་རྣམ་གྱིས་སོག་མ་ཆག་པ་གང་ལ་མེ་སྦར་ནས་སྒེའུ་ཁུང་ནང་དུ་འཕེན་རྩིས་བྱས། བུད་མེད་དེས་དེ་ལྟར་མ་བྱེད་ཟེར་ནས་མི་རྒན་དེས་དཔུང་བ་ནས་བཟུང་བའི་བར་དུ་མེ་སྦར་བའི་སོག་མ་ཆག་པ་གང་དེ་སྒེའུ་ཁུང་དུ་གཡུགས་པ་རེད་ཟེར། ཁང་པ་མེར་སྦར་མཁན་འཕྲིན་རྣམ་ཡིན་ཚུལ་དེ་ལོ་མང་པོའི་རྗེས་སུ་ཚེ་བདེ་ཟེར་བའི་བུད་མེད་དེས་བཤད་པ་མ་གཏོགས་སྐབས་དེར་དོག་པ་ཙམ་ལས་མེ་ག་འདྲ་བྱས་ནས་འབར་བའི་རྒྱུ་རྐྱེན་ངོ་མ་ཞིག་ཤེས་མེད། ཚེ་བདེ་ཟེར་བའི་བུད་མེད་དེས་སེང་ཁོ་མེར་བསྲེགས་མཁན་འཕྲིན་རྣམ་ཡིན་ཚུལ་གྱི་གསང་བ་འདོན་དུས་འཕྲིན་རྣམ་ཡང་གྲོངས་ཟིན། ཐོག་མར་མི་ཕལ་མོ་ཆེས་སེང་ཁོ་ཁོ་རང་གིས་རང་སྲོག་གཅོད་འདོད་ནས་མེ་སྦར་བར་ཡིད་ཆེས་བྱེད་ཀྱིན་ཡོད། ཡིད་མི་ཆེས་མཁན་ཡང་མང་། ཁང་གོག་ནང་ན་འཕྲུལ་འཁོར་དང་སྣུམ་སོགས་ཡོད་སྟབས་མེ་ཆེར་མཆེད། སྐབས་དེར་ཁང་གོག་གི་ཕྱོགས་གཞན་ན་ཡོད་པའི་མི་ཚོས་སུས་མེ་སྦར་བ་ཡིན་མིན་ཡང་ཤེས་མེད། སེང་ཁོས་ཁང་པའི་ནང་ནས་ངུ་འབོད་བྱེད་ཀྱིན་ཡོད་ཀྱང་མེ་ལྕེ་ཇེ་ཆེར་གྱུར་སྟབས་མི་སུ་ཡང་ནང་ཏུ་འཛུལ་མ་ཐུབ། སྐར་མ་རེ་ཟུང་ཞིག་གི་རྗེས་སུ་སེང་ཁོ་སྒེའུ་ཁུང་གི་ཕྱིར་མཆོང་བྱུང་ཡང་ལུས་སྟོད་སྨད་ཀྱི་གྱོན་ཆས་ཚང་མར་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་ཡོད་སྟབས་གསོན་པའི་རེ་བ་ཞིག་མི་འདུག་ཟེར། ཁོས་ད་དུང་ཡང་ཟོར་བ་དེ་ལག་པས་བཟུང་འདུག་ཟེར། སྐར་ཆ་ཁ་ཤས་ཤིག་གི་རྗེས་སུ་ཉེ་འཁོར་གྱི་རྩྭ་ཤིང་ཚང་མ་མེ་དཔུང་དུ་གྱུར་བའི་གསེབ་དུ་སེང་ཁོ་འགྱེལ་བ་རེད། མེ་འབར་མཚམས་ཆད་སྐབས་ཁོའི་ཕུང་པོར་ལྟ་ཉན་ཞིག་མི་འདུག་ཟེར། དེ་ནི་སེང་ཁོ་གྲོངས་སྟངས་རེད།
སྐབས་དེ་ཤེད་ཅིག་ནས་ཡུན་རིང་མ་འགོར་བར་སེང་ཁོ་འདྲེ་རུ་གྱུར་འདུག་ཟེར་ནས་མི་མང་པོས་སྐྲག་སྣང་བྱེད། ལ་ལས་སེང་ཁོ་གྲོངས་སའི་ཁག་གོག་ཚིག་རོ་དེའི་ཤུལ་ན་སེང་ཁོའི་སྐད་ལྟ་བུ་ཞིག་གིས་ངུ་འབོད་བྱེད་འདུག་ཟེར་བ་དང་། ལ་ལས་སྤྱི་ཁང་གི་ར་སྐོར་ནང་ན་སེང་ཁོས་ད་དུང་རྩྭ་འབྲེག་སྤྱད་ཀྱི་ཟོར་བ་བཟུང་ནས་འགྲོ་བཞིན་འདུག་ཟེར་བ། མི་ལ་ལ་ཞིག་སྤྱི་ཁང་ནང་དུ་ཉལ་ཡོད་དུས་སེང་ཁོ་གདོང་པ་ཚིག་ནས་ལྟ་ཉན་མེད་པ་ཞིག་གིས་ཟོར་བ་རིང་པོ་དེ་ཁྱེར་ནས་ནང་དུ་འཛུལ་ནས་ལྟ་ཉུལ་བྱེད་ཀྱིན་འདུག་ཟེར་བ་ལྟ་བུ་མཚམས་མ་ཆད་པར་བྱུང་། ཡིན་ན་ཡང་དེ་ཚོ་ནི་སྤྱིར་བཏང་གི་འདྲེ་སྒྲུང་དང་འདྲེ་མཐོང་སྣང་ཙམ་ཡིན་སྟབས་མི་ཚང་མས་དེ་ཙམ་ཚབ་ཆེན་དུ་བརྩི་དགོས་དོན་མ་མཆིས།
འཇིགས་སྣང་ངོ་མ་ཆེ་བ་ཞིག་ནི་༡༩༩༠ཙམ་ནས་མགོ་ཚུགས་ཏེ་སྔོན་དུས་སེང་ཁོས་ཆགས་པའི་བྱ་སྤྱོད་དང་ཉེས་རྡུང་བཏང་སོང་ཟེར་ནས་ཉེས་འཛུགས་ཀྱིས་ཁོ་འཆི་ལམ་དུ་སྐྱེལ་མཁན་གྱི་བྱིས་པ་ཚོ་ན་གཞོན་ཤ་སྟག་ཏུ་གྱུར་ཡོད་དུས་རེད། དེ་ནི་སེང་ཁོ་ཤི་ཟིན་རུང་ཤི་འདྲེ་དེས་མི་དེ་ཚོར་འཁོན་ལན་སློག་པའི་གནས་སྟངས་ཡ་ང་བ་ཞིག་བྱུང་བ་རེད། བྱིས་པ་དེ་ཚོའི་ཁྲོད་ནས་བུ་མོ་གཅིག་ཁྱིམ་ཚང་གཞན་ཞིག་ལ་མནའ་མར་ཕྱིན་ནས་ལོ་རེ་ཟུང་འགོར་རྗེས་རྨི་ལམ་འཁྲུག་པའི་དཀའ་ངལ་ཞིག་མགོ་ཚུགས། མོས་བཤད་པ་ལྟར་ན་རྨི་ལམ་ནང་དུ་སེང་ཁོའི་གདོང་པ་ཚིག་ནས་འགྲམ་རུས་ཀྱི་ཟུར་མགོ་མཐོང་བ་དང་བྲང་ཚིག་ནས་ནང་ཁྲོལ་མཐོང་བ་ཞིག་གིས་རྩྭ་འབྲེག་སྤྱད་ཀྱི་ཟོར་བ་གུག་གུག་ཅིག་བཟུང་ནས་མོ་ལ་འཇིགས་སྣང་སྐུལ་ཞིང་གསོད་གྲབས་བྱེད་ཀྱིན་འདུག་ཟེར། དེ་ནས་རིང་པོར་མ་འགོར་བར་བུ་མོ་རི་མགོར་སུ་རུ་ཟེར་བའི་ཤིང་ཕྲན་དེ་འཐུ་རུ་སོང་སྐབས་རང་གི་སྐེ་རྩ་ཟོར་བས་བྲེགས་ནས་ཤི་འདུག་ཟེར། མི་རྣམས་ཀྱིས་རང་སྲོག་བཅད་པར་ངོས་འཛིན་བྱས།
དེ་ནས་ཡུན་རིང་མ་འགོར་བར་སྔོན་དུས་སུ་སེང་ཁོ་ལ་ཉེས་འཛུགས་བྱེད་མཁན་ཁོ་ཚོའི་གྲས་བུ་མོ་གཞན་ཞིག་ལ་ཡང་རྨི་ལམ་དེ་མཚུངས་བྱུང་ནས་རང་གི་མའི་རུམ་དུ་ཉལ་ན་ད་དུང་ཡང་གཉིད་དུ་སོང་སྐབས་འཇིགས་སྐྲག་གིས་ངུ་འབོད་དང་འཕག་འཚག་བརྒྱབ་ནས་ཡུན་རིང་བར་གཉིདལས་སད་མི་ཐུབ་པའི་དཀའ་ངལ་བྱུང་། བུ་མོ་དེ་དགོང་དྲོ་ཞིག་ལ་རྟ་འདོགས་སུ་འགྲོ་སྐབས་རྟས་འཕྲ་བརྒྱབ་པ་ཡིན་ནམ་རྟ་རྡང་ནང་དུ་མགོའི་ཀླད་ཞོ་ས་ལ་གཏོར་ནས་གྲོངས་འདུག་ཟེར། ཁོང་ཚོའི་གྲས་བུ་ཞིག་ལ་རྨི་ལམ་དེ་རྟག་ཏུ་བྱུང་ནས་གཉིད་ཁུགས་མི་ཕོད་པའི་དཀའ་ངལ་ཡོད་སྐབས་ཤིག་ལ་གུང་ཧྲེའི་ནང་དུ་མར་ཁྲལ་བཙོང་བར་ཕྱིན་ནས་ཕྱིར་ཡོང་སྐབས་རྟ་འགྲོག་ནས་རྐང་བ་ཡོབ་ཆེན་དུ་ཐོག་པའི་རྐྱེན་གྱིས་རྐང་ལག་དུམ་བུ་དུམ་བུ་བྱས་ནས་གྲོངས། བུ་མོ་གཞན་ཞིག་སྡེ་བ་གཞན་ཞིག་ཏུ་མནའ་མར་སོང་བ་དེ་ལ་ཡང་རྨི་ལམ་དེ་རྟག་ཏུ་བྱུང་ནས་ཕྱིར་རང་གི་ཕ་མའི་ཁྱིམ་དུ་ལོག་ནས་བསྡད་ཡོད་སྐབས་ཤིག་ལ་ཁྱིམ་དང་ཧ་ཅང་ཁད་ཉེ་ས་ཞིག་ཏུ་འབུད་ཤིང་བཏུ་རུ་ཕྱིན་སྐབས་དྲེད་མོས་མགོ་ལྤགས་བཀོག་ནས་བསད། འཆི་རྐྱེན་དེ་ཚོ་ཚང་མ་ཡང་ལོ་གཅིག་གཉིས་ཤིག་གི་ནང་དུ་བྱུང་བ་རེད། མདོར་ན་སྔོན་དུས་སུ་སེང་ཁོ་ལ་ཉེས་འཛུགས་བྱས་ནས་འཆི་ལམ་དུ་སྐྱེལ་མཁན་གྱི་ན་གཞོན་ཚང་མར་རྨི་ལམ་དེ་གཅིག་མཐུན་དུ་བྱུང་། རྨི་ལམ་དེ་རྨིས་སྐབས་འཇིགས་སྣང་མི་བཟོད་ནས་ངུ་འབོད་བྱེད་པ་དང་འཕགས་འཚག་རྒྱག་པ་མི་གཞན་གྱིས་གཉིད་དཀྲོག་ཐབས་བྱས་ཀྱང་གཉིད་ལས་མགྱོག་པོར་སད་མི་ནུས་པའི་དཀའ་ངལ་འདུག་ཟེར། ཡར་སད་སྐབས་ལུས་ལ་ཡང་སེན་འབྲད་སོ་འབྲད་ལྟ་བུས་རྨ་བཟོས་ནས་ཁྲག་བཞུར་ཡོང་གིན་ཡོད་འདུག
ཁྱིམ་ཚང་དེ་ཚོས་རྒྱ་སྨན་བོད་སྨན་བརྟེན་གཏུག མོ་པྲ་རྩིས་གསུམ། མཏོ་མདོས་རིམ་གྲོ་འདི་མ་བསྒྲུབ་ཟེར་བ་ཞིག་མེད། སྡེ་བའི་ནང་གི་གྲྭ་ཚང་གིས་བསྒྲུབ་མི་ནུས་པའི་བཀའ་བརྒྱད་གྲི་འདུལ་དང་། ཕུར་བ་སྲི་མནན། གཤིན་རྗེ་འཆི་བདག་ཟིལ་གནོན་སོགས་སྒྲུབ་ཆེན་ཆེ་ཁག་འདྲ་མིན་སྣ་ཚོགས་ཤིག་ཀྱང་སྡེ་བ་གཞན་གྱི་བླ་སྤྲུལ་གདན་དྲངས་ནས་བསྒྲུབས་ཡོད། ཡིན་ན་ཡང་ཕན་ཐོགས་འདི་རེད་ཟེར་བ་ཞིག་གནས་སྐབས་སུ་མ་བྱུང་།
དེ་ནས་འགྲེལ་བཤད་མི་ཤེས་པའི་གནད་དོན་འདི་འདྲ་ཞིག་བྱུང་། ཁོང་ཚོའི་གྲས་ཀྱི་བུ་མོ་ཞིག་ལ་རྨི་ལམ་ཀྱི་དཀའ་ངལ་འདི་ཡོད་སྐབས་ཤིག་ལ་བླ་མ་མགོན་ཚེ་ཟེར་བ་ཞིག་གིས་ཁྱིམ་ཚང་དེར་བཞུགས་ཡོད་འདུག བླ་རྒན་དེ་སྡེ་བའི་ནང་དུ་མ་ཎི་བསགས་སྒྲུབ་བྱེད་མཁན་གྱི་དབུ་འཛིན་ལྟ་བུ་ཞིག་ལས་སྡེ་དགོན་གཉིས་ཀའི་ནང་དུ་ཤུགས་རྐྱེན་གང་ཡང་མེད་མཁན་ཞིག་རེད། ཁོས་བུ་མོ་དེར་སེམས་གསོའི་ཚུལ་དུ་གལ་སྲིད་ཁྱོད་ཀྱི་རྨི་ལམ་ནང་དུ་སེང་ཁོ་སླེབས་ན་འཛིངས་དགོས་པ་རེད། འཛིན་ཐུབ་ན་བཟུང་ནས་ང་ཡོད་སར་ཁྲིད་ཤོག་དང་ངས་ཁོ་ལ་དེང་ཕྱིན་ཆད་དེ་ལྟར་མི་བྱེད་པར་ཁས་ལེན་དུ་འཇུག་ཆོག་ཅེས་གསུངས་སོང་ཟེར། ཁྱིམ་ཚང་གང་བོས་ནུབ་ཟས་ཟ་བཞིན་པའི་དུས་བུ་མོ་མ་རྒན་གྱི་པང་དུ་སྙེས་ནས་གཉིད་ཁུགས་སོང་ཟེར། ཅུང་ཙམ་ལས་མ་འགོར་བར་ངུ་འབོད་དང་འཕག་འཚག་ཆེན་པོ་བྱས་པའི་ཐ་མ་གཉིད་སད་སོང་ཟེར། བུ་མོས་དེ་རིང་ངས་ཅུང་ཙམ་མིན་ན་ཁྲིད་ཡོང་ཐུབ་སོང་ཟེར། ངས་ཁོའི་ལྭ་བའི་ཕུ་དུང་ནས་བཟུང་ཡང་ཁོས་ངའི་དཔུང་བ་ལ་ཟོར་བས་བརྒྱབ་པས་ཤོར་སོང་ཟེར། དེར་དངོས་གནས་མོའི་ལག་ཏུ་རས་རྙིང་ཧྲུལ་དུམ་བུ་ཞིག་བཟུང་ཡོད་ཐོག་དཔུང་པར་གྲི་རྣོན་པོ་བཏབ་པ་ལྟ་བུའི་རྨ་ཁ་སྲབ་མོ་ཞིག་ལས་ཁྲག་བཞུར་ཡོང་གིན་འདུག་ཟེར། རས་རྙིང་ཧྲུལ་དེ་ལྟ་བུ་ཞིག་ཁོ་ཚོའི་ཁྱིམ་ན་གཏན་ནས་མེད་པ་མ་ཟད་མི་ཚང་མས་དྲན་གསལ་ལ་སེང་ཁོ་མེས་ཚིག་ཉིན་རས་དེ་ལྟ་བུས་བཟོས་པའི་ལྭ་བ་ཞིག་གྱོན་ཡོད་པ་དངོས་བདེན་ཡིན་ཟེར། ལྷག་པར་ཡང་མོའི་དཔུང་པར་རྨ་དེ་ལྟ་བུ་ཞིག་ཡོང་དོན་གཏན་ནས་མེད་ཟེར། སྐབས་དེ་ནས་བཟུང་ཁོང་ཚོའི་རྨི་ལམ་ནང་དུ་སེང་ཁོ་རྨིས་པ་ཉུང་དུ་སོང་།། རྨིས་ན་ཡང་རྨི་ལམ་རང་ལས་སྔར་དང་མཚུངས་པའི་གསོན་ཉམས་དང་འཇིགས་ཟིལ་གཏན་ནས་མི་འདུག་ཟེར།
སྐབས་དེར་སེང་ཁོར་ཉེས་འཛུགས་ཀྱི་འཆི་ལམ་དུ་སྐྱེལ་མཁན་གྱི་བྱིས་པ་དེ་ཚོའི་གྲས་ཤིག་ལ་ངས་ཉེ་བའི་ལོ་ཤས་སྔོན་དུ་དེའི་སྐོར་སྐད་ཆ་དྲིས། བུ་དེས་བཤད་ན་སེང་ཁོས་ཁོ་ཚོར་ལས་ཀ་སྡུག་ཅག་བྱས་མིན་ད་ལྟ་གང་ཡང་དྲན་ཐུབ་ཀྱི་མི་འདུག་ཟེར། སེང་ཁོའི་གདོང་རིས་ངོ་མ་དེ་ཡང་བརྗེད་གྲབས་འདུག་ཟེར། ཡིན་ན་ཡང་རྨི་ལམ་དེའི་སྐོར་ད་དུང་ཡང་དྲན་ན་འཇིགས་ཡེ་རེར་འགྲོ་གི་འདུག རྨི་ལམ་དེ་གཉིད་མགོ་ཚུགས་པ་དང་མཉམ་དུ་མགོ་ཚུགས་ཡོང་ཞིང་དེ་ཡང་ཁོར་ཡུག་ཚང་མར་རྩ་དང་སོག་མ་དང་འདྲུད་འཐེན་འཁོར་ལོ་སོགས་འཕྲུལ་ཆས་ལྟ་བུ་མང་པོ་ཞིག་ལ་མེ་འབར་བཞིན་པའི་ཁོར་ཡུག་ཅིག་ཏུ་མི་གདོང་པ་ཡོངས་རྫོགས་ཚིག་ནས་འགྲམ་པའི་རུས་པ་མཐོང་ཞིང་ལུས་སྟོད་ཚིག་ནས་ནང་ཁྲོལ་མཐོང་ནུས་པ་ཞིག་གིས་ལག་ཏུ་ཟོར་བ་རིང་པོ་ཞིག་བཟུང་ནས་སླེབས་ཡོང་གིན་འདུག མི་ཚིག་རོ་དེ་རྨི་ལམ་རྨི་བ་པོའི་སྟེང་དུ་ཧ་ཅང་ཁྲོས་ཤིང་གཏུམ་པའི་ཉམས་ཀྱིས་ཟོར་བས་རྐེ་དང་ལག་པ་གཅོད་གྲབས་བྱེད་ཀྱིན་འདུག་ཟེར། བྲོས་ཤིང་གབ་པས་ཐར་ཙམ་བྱུང་སོང་སྙམ་པ་དང་ལྷན་དུ་གཉིད་སད་ཐུབ་ཀྱིན་འདུག་ཟེར། མི་དེས་དེ་རྨི་ལམ་ངོ་མ་ཞིག་ཡིན་པར་ཁས་ལེན་གཏན་ནས་བྱེད་ཀྱིན་མི་འདུག
གདོན་འདྲེ་ཡོད་དམ་མེད།
སྔོན་མ་ཡི་ཆེས་མེད། དེང་སང་ཐེ་ཚོམ་ངང་ལུས་ནས་ཡོད།
ཐུགས་རྗེ་ཆེ།
དྲ་གྲོགས་ལྷན་རྒྱས་ཚོ་མ་མཇལ་ཡུན་རིང་སོང་། བཀྲ་ཤིས་བདེ་ལེགས།
དེ་རིང་དྲ་ཐོག་སླེབས་པ་དང་དུས་མཚུངས་ང་རང་ཆུང་དུས་ནས་ཤིན་ཏུ་ཉན་རྒྱུ་དགའ་བའི་རིགས་ཏེ་་་གདོན་འདྲེ་སྐོར་གི་སྒྲུང་དང་གདོང་ཐུག་བརྒྱབ་པ་ལྟ་བུ་སོང་བས་དགའ་བོ་བྱུང་ལ་སྙན་པོའང་བྱུང་།
སྒྲུང་འདི་ནི་དངོས་ཡོད་ཡིན་རུང་མིན་རུང་ཤོད་སྟངས་གི་གོ་རིམ་དང་ཉམས་འགྱུར་ལ་ཚོན་མདངས་ཧ་ཅང་གསལ་བོ་འདུག
སྒྲུང་མཁན་ལ་དམིགས་བསལ་ཐུགས་རྗེ་ཆེ།
དྲ་གྲོགས་ཚོ། འདྲེ་སྒྲུང་བཤད་རྒྱུ་དང་ཉན་རྒྱུར་ང་ཡང་ཤིན་ཏུ་དགའ། གང་ལྟར་ང་ཚོ་ཐམས་ཅད་དགའ་སའི་འདྲེ་སྒྲུང་ནང་གི་འདྲེ་ཞེས་པ་དེ་གང་འདྲ་ཅིག་རེད། གང་གི་སྨིན་ལམ་ལ་བལྟས་ན་ནུས་པའམ་སོ་སོའི་སྐྲག་སྣང་ལྟ་བུ་ཞིག དོན་དངོས་འདྲེ་ཞེས་པ་དེ་གང་འདྲ་ཞིག་རེད།
ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ།།
ལས་ད་ལྟ་བྱེད་པ་ད་ལྟ་སྨིན།།
དེ་ནི་བོད་ཀྱི་ནང་ཆོས་ནས་ཁས་ལེན་བཞིན་པའི་རྒྱུ་འབྲས་ཀྱི་རྣམ་བཞག་དུ་དྲངས་ན་འོས་པར་འདུག་ལགས།
ངའི་ཕ་ཡུལ་གྱི་ཆོས་སྦ་རྒྱ་ཐོ་འདྲ་བོ་ཞིག་རེད། ཆོས་སྦ་རྒྱ་ཐོས་མི་ཕྱུགས་བཞི་ཅུ་ཡིན་ནམ་ཅིག་བསད་པ་རེད་ཟེར། དེ་ཡང་ཁོ་འདྲེ་རུ་སྐྱེས་པའི་རྗེས་ནས་བསད་པ་རེད། མི་བདེན་བསམས་ན་མང་རའི་རོང་བ་ཚོར་དྲིས་དང་ཤེས། ཨ་རོ། སྤུ་ཟིང་བྱེད་དགོས་པའི་འདྲེ་སྒྲུང་ཞིག་རེད། ཡིན་ན་ཡང་་་་་་་་་་་་་་་་་་་་་
ཆ་ཚང་ཀློག་ཟིན། འདྲེ་སྒྲུང་སྙན་མོ་བྲིས་འདུག རྩོམ་ཡིག་གི་སྒྲིག་གཞི་དང་། གོ་རིམ་སྒྲིག་སྟངས་སོགས་ཡིད་དབང་འཕྲོག་པ་ཞིག་བྲིས་འདུག ངོ་མ་རྒྱ་ནག་གི་སྒྲུང་བ་ལོའུ་ཞིན་གྱིས་བྲིས་པའི་༼འདྲེ་ལ་ལྡོག་རྫིས་རྒྱབ་པའི་གཏམ་རྒྱུུད་༽དང་འདྲ་སེ་འདུག འོན་ཀྱང་། སྒྲུང་གི་མཇུག་བསྡུ་སྟངས་ལོའུ་ཞིན་དང་ལོག་ཀ་རེད། དེ་ཡང་ལོས་ཡིན། སྤོབས་པ་མཐའ་ཡས་ནས་འདྲེ་ཡོད་མེད་གང་གི་ཕྱོགས་སུ་ཡང་སྒྲུབ་འདོད་ནས་བྲིས་པ་མིན་ལ། ལོའུ་ཞིན་གྱིས་འདྲེ་མེད་པར་སྒྲུབ་འདོད་ནས་བྲིས་པ་ཡིན་པས་སོ། ལོའུ་ཞིན་གྱིས་ལྷ་འདྲེས་སྐོར་གྱི་སྒྲུང་མང་པོ་ཡོད་པ་རེད་ཟེར། ཁོང་ནི་རྩོམ་རིག་གི་ལམ་ནས་ལྷ་འདྲེ་གདོན་དགག་གཙང་སེལ་བྱེད་མཁན་གྱི་གསར་བརྗེ་དཔའ་བོ་གཅིག་བུ་དེ་རེད་ཟེར།
དྲྭ་སྤྱོད་པ་འདི་དག་ནི་མཐོང་རྒྱུ་མེད་པ་དང།
རེག་རྒྱུ་མེད་པ་དང་།
ཐོབ་རྒྱུ་མེད་པ་དང།
ཐོས་རྒྱུ་མེད་པ་རྐྱང་བཤད་འདོད་བྱེད་ཀྱིན་འདུག
གང་ཤེས་བོད་རེ་བ་ཟེར་བ་དེ་ཡིན་ན་མ་གཏོགས།
དེ་མིན་མཐོང་རྒྱུ་ཡོད་པ་དང་རེག་རྒྱུ་ཡོད་པའི་སྐོར་ལ་བཤད་ན་དོན་ཐོབ་རྒྱུ་ཞིག་ཡོད་སྙམས།
མཐོང་རྒྱུ་མེད་པའི་གཏམ་ནི་འདྲེ་ཡི་སྐོར་དང།
རེག་རྒྱུ་མེད་པའི་གཏམ་ནི་བཙུན་པས་བུད་མེད་ཀྱི་སྐོར་དང།
དཔེར་ན།
ཀླུ་སྨྱོོན་གྱིས་བུད་མེད་ལ་ཕྱག་གིས་རེག་རྐྱང་མ་མྱོང་པར་བུད་མེད་ཀྱི་སྐོར་ལ་རྐྱང་བཤད་སོང།
དེ་བཞིན་མང་པོ་འདུག
ད་གཡུག་ཞོག་འདི་ཡང་རེག་མཐོང་མེད་པའི་སྐད་ཆ་ཞིག་ཆགས་གྲབས་བྱེད་ཀྱི་འདུག
ཨ་རོ་ཟླ་མེད་ལགས། བཀླགས་ཟིན་ཞེས་འབྲི་ལོས་དགོས་བསམ། ཨོ། ངས་འདྲེ་སྒྲུང་འདི་ཀློག་བཞིན་ཀློག་བཞིན་ཤ་འདར་འདྲ་ཞིག་བརྒྱབ་སོང་། ལོ་ངོ་ཉི་ཤུའི་སྔོན་ཡིན་ནམ་ཞིག་ལ་ནགས་པོ་སྐལ་བཟང་གི་བྲེད་ཤ་ལངས་པའི་མཚར་གཏམ་ཞེས་པའི་སྒྲུང་གཏམ་དེ་ཀློག་སྐབས་ཀྱང་འདི་འདྲའི་ཚོར་སྣང་ཞིག་སྐྱེས་མྱོང་། སྒྲུང་དེའི་ནང་དུ་ཨ་མྱེ་ཞིག་ཁོ་ཚང་གི་མནའ་མ་ལ་ཆགས་སེམས་སྐྱེས་ཀྱང་བྱ་ཐབས་མེད་པར་ཤི་རྗེས་འདྲེ་རུ་སྐྱེས་ནས་མནའ་མར་གནོད་པ་བཏང་བའི་སྐོར་ཞིག་ཡིན་བསམ། གང་ལྟར་འཇིགས་སུ་རུང་བའི་འདྲེ་སྒྲུང་ཞིག་བྲིས་འདུག
ཀླུ་སྨྱོན་ལགས། དེ་རེད། ཁ་བརྡ་ནང་དུ་ཚང་མས་ཡིག་ནོར་མ་གཏོགས་འབྲི་གི་མི་འདུག ངས་བསམ་པར་ཁ་བརྡ་དྲ་དེབ་དུ་ཡིག་ནོ་མ་བྲིས་ན་ཁྲིམས་འགལ་ཡིན་ས་རེད་བསམ་ནས་དེང་སང་ཡིག་ནོར་མང་རུ་བཏང་ཡོད། འོན་ཀྱང་ཁ་སྔོན་ཁ་སྐད་སྐོར་ལ་ཚང་མས་འུར་འུར་ཆེམ་ཆེམ་གྱིས་བཀའ་བཀྱོན་གནངས་པས། ཁ་སྐད་ཉུང་རུ་བཏང་ནས་ཡིག་ནོར་མང་རུ་བཏང་ཡོད། ཧོ་ཧོ་ལ། ཨ་ལ་ཀུ་རེ་ཡིན་མིན་ན་ཨ་རྒྱའི་ཤ
དྲ་ཐོག་གི་མཁས་དབང་ཁྱེད་ཚོ། ཡིག་ནོར་ཆུང་ཆུང་ལ་མགོ་མི་འཁོར་བར་ད་རེས་གི་འདི་ནི་ཕྱོགས་གང་ཅིའི་གི་ཐད་ནས་གནད་འགག་ཞིག་ལ་ཐུག་འདུག་བསམས།
གཞན་དག་གཡུག་ཞོགས། འདྲེ་ཟེར་བ་དེ་ཡི་འདྲེ་ཡིག་ལ་ཚིག་འགྲེལ་ཁ་གསལ་ཞིག་ད་སྔ་རྣ་ཐོས་མ་བྱུང་བས་ཤེས་འདོད་ཧ་ཅང་ཆེན་པོ་འདུག་ན་ད་རེས་དྲན་དབང་ཁྱེད་རྣམ་པར་ཚིག་དོན་གཅིག་གི་སྐྱབས་མ་བཅོལ་ཀ་མེད་ཆགས་སོང་ལགས་ན་་་་་ཀུ་ཅི་་་་་འདྲེ་ཞེས་པའི་་འདྲེ་ཡིག་འདི་ལ་་་ཚིག་འགྲེལ་ཞིག་ཡོད་པ་ཞུ།
གསལ་བཤད།
དྲ་ཐོག་གི་མཁས་དབང་ཟེར་ན་་་་་་ཁ་བརྡ་དྲ་ཐོག་ན་སྤྱིར་བཏང་མཁས་དབང་མང་ཡང་་་་ངས་ཟེར་ཡག་དེ་ཚོ་ནི་གོང་གི་ཆན་བཏབས་མ་ཐག་པའི་མི་ཁྱེད་ཚོ་ལ་ཟེར་བ་ཡིན།
མཁས་དབང་་་ཟླ་མེད། མཁས་དབང་ཀླུ་སྨྱོན། མཁས་དབང་ལྷ་ཀླུ། སོགས་གཙོ་བས་མཁས་གཞན་དག་ཚོ་ཡང་མིང་འབོད་མི་དགོས་བྱས་་་་དེ་ནས་སུ་ཡིན་ཡང་འགྲིག་གི་རེད།
གང་ལྟར་་་འདྲེ་ལ་འགྲེལ་ཚིག་ཅིག་བྲིས་ན་འགྲིག
འདྲེ་ཞེས་པའི་ཚིག་དེས་འགྲོ་བ་སེམས་ཅན་གྱི་རིགས་ཤིག་བསྟན་ཡོད་པ་ལས་བཟང་ངན་ཅང་བསྟན་མེད་པར་འདོད། དཔེར་ན་མི་ཞེས་པ་བཞིན། གནས་ཆུང་སོགས་བོད་ཀྱི་ལྷ་གང་མང་ཞིག་ཁོག་ཞུགས་བྱས་ནས་ལུང་བསྟན་གསུང་སྐབས་སུ་འདྲེ་ངས་ཅིག་ཅིག་མུག་མུག་བྱེད་ཀྱི་ཡིན་ཞེས་གསུང་གི་ཡོད་པ་རེད། དེ་ནི་ང་རང་ཚོ་ལ་མཚོན་ན་མི་ངས་འདི་དང་དེ་བྱེད་ཐུབ་ཟེར་བ་འདྲ་བོ་ཞིག་རེད། དེ་བཞིན་མི་ལ་རས་པའི་རྣམ་ཐར་དུ་ཡང་འདྲེ་ངེད་ཚོ་དང་གདོན་ངེད་ཚོ་ལྟ་བུ་འདྲེ་གདོན་ཚོས་རང་རང་གི་སྐོར་རྗོད་དུས་ཉམ་ང་བ་དང་ངོ་ཚ་འཛེམ་ཟོན་སོགས་ཅི་ཡང་མེད་པའི་སྒོ་ནས་བརྗོད་འདུག ཡིན་ན་ཡང་ང་ཚོ་བོད་མི་དང་རྒྱ་མི་སོགས་ཀྱིས་འདྲེ་ཞེས་པ་དེ་ཅུང་ཟད་མ་རུངས་པའི་སེམས་ཅན་ཞིག་ཏུ་བཞེངས་བཀོད་འབྲི་གསུམ་བྱས་འདུག་སྙམ། ཡེ་ཤུ་བ་ཚོ་ཡིན་ན་ཧོ་ལེ་སྒོ་སུ་ཁྲུ་ཞེས་པ་དེ་ནི་ཧ་ལམ་ཡི་དམ་འདྲ་བོ་ཞིག་ཏུ་རྩི་བཞིན་ཡོད་ཅིང་། ད་ལྟ་དོལ་རྒྱལ་བ་ཚོས་ཀྱང་དོལ་རྒྱལ་དེ་ཧོ་ལི་སྒོ་སུ་ཁྲུ་ཞིག་ལ་རྩི་བཞིན་པའི་བཟོ་འདྲ་འདུག་ཅིང་། བོད་པའི་ཆོས་སྲུང་ཕལ་མོ་ཆེ་ཞིག་ཧོ་ལི་སྒོ་སུ་ཁྲུ་ཞེས་པ་དེ་ཡིན་ནམ། ལྷ་འདྲེའམ་མི་མ་ཡིན་པ་འདི་ཚོའི་སྐོར་ལ་བཤད་རྒྱུ་མང་ཡང་ད་ལྟ་རང་གྲོགས་པོ་ཞིག་གིས་ཐག་ཉེ་ཞིག་ནས་ཁ་པར་བཏང་སྟེ་མོ་མོ་བཟའ་གི་ཤོག་ཟེར་བས་མི་འགྲོ་ཀ་མེད་རེད་ཡ། ངའི་ལས་རྩོག་ནོ་ད།
ཨ་ལགས་ལགས་་་་་ལགས་སོ།
མོག་མོག་བཟའ་བར་ཡང་མ་ཕེབས་པར་་་གུས་རེ་ལྟར་འདྲེ་ལ་འགྲེལ་བཤད་བྱས་པ་ནི་ཐུགས་རྗེ་ཆེ།
འོན་ཀྱང་་་མོག་མོག་མཆོད་གྲུབ་རྗེས་་ང་ལ་བསླར་ཡང་བཀའ་འདྲི་ཞིག་འདུག་ལགས་ན་་་་་ལན་ཞིག་ཡོད་པ་མཁྱེན།
གདོན་ཟེར་ཡག་དེ་དང་་་འདྲེ་ཟེར་ཡག་གཉིས་དོན་དངོས་ཐོག་སེམས་ཅན་གཅིག་ལ་གོ་བ་ཡིན་ནམ།
མདོ་ལྷ་ཁམས་པས་དྲི་བ་ལ་ལན་འདེབས་བྱ་རྒྱུ་ཡིན། འདྲེ་ཟེར་བ་དེ་ངས་བསམ་ན་འདྲ་ཟེར་བ་དེ་དང་གཅིག་པ་རེད་བསམ། འདྲ་གཟུགས་ཟེར་བ་ལྟ་བུ་རེད། འོན་ཀྱང་འདྲ་གཟུགས་ཡོད་ཚད་པོ་འདྲ་རེད་དམ་ཟེར་ན་མ་རེད། ཆ་བྱད་བཟུང་བ་ལ་འདྲ་འམ་འདྲེ་ཟེར་གྱི་མེད་དམ་སྙམ། ལྷོ་སྒོ་འམ། ཞིང་མཆོག་སྒོ་འབྱེད་འདོན་པའི་སྐབས་སུ། ཤི་བོ་གང་དེའི་རྣམ་ཤེས་དངོས་མ་དེ་མཐོ་རིས་དང་ཐར་བའི་ལམ་སྟོན་མ་བྱས་སྔོན་དག་དག་ལ། དངོས་མ་དེའི་ཆ་བྱེད་བཟུང་མཁན་གྱི་ཤི་འདྲེ་དང་གསོན་འདྲེ་གཉིས་སྦྱིན་བསྲེགས་བྱེད་དགོས་པ་རེད། སྦྱིན་སྲེག་གི་འགུགས་གཞུག་ནང་དུ་འདྲི་འདྲ་གསུངས་ཡོད་པ་རེད། ༼ན་མོ། སངས་རྒྱས་ཀྱི་བདེན་པ་དང་། ་་་་་་་་་་་་་་་་་་་་ ཁྱད་པར་དུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་རྣམས་གསོན་གྱི་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང་། ཚེ་ལ་འདས་པའི་ཆ་བྱེད་བཟུང་ནས་༽ ཞེས་གསུངས་འདུག་པ་ལ་ལྟོས་ན། དེའི་ཆ་བྱེད་བཟུང་བའམ་དེ་དང་གཟུགས་ཕུང་འདྲ་བོ་ཡིན་པའི་དོན་ལོས་ཡིན་སྙམ། ཤི་འདྲེ་དང་གསོན་འདྲེ་གང་ཡིན་ན་ཡང་ཆ་བྱད་བཟུང་སའི་གཞི་དངོས་མ་དེ་མིན་པར་འདོད། ལྷག་པར་དུ་ཤི་འདྲེ་ཟེར་བ་དེ་བར་དོའི་ཚེ་ཚད་ཀྱི་རིགས་པས། ཆ་བྱེད་བཟུང་སའི་གཞིའི་གང་ཟག་དེ་མིན་པར་སྒྲུབ་ཐུབ་པོ།
འོན་ཀྱང་ལྷ་བབས་པའི་སྐབས་ཀྱི་ལྷ་འགའ་རེས། ལྷ་ངས་མི་ཟེར་བར། འདྲེ་ངས་ཟེར་བ་དེ་ནི། འཇིག་རྟེན་ན་ལྷ་འདྲེ་གཉིས་ལས་ལྷ་མཐོ་བ་དང་འདྲེ་དམན་པར་བརྩི་བའི་བགས་ཆགས་ཡོད་པ་དེའི་དབང་དུ་བྱས་ནས། རང་ཉིད་ལ་དམན་ས་བཟུང་བའི་ཚིག་ཅིག་མིན་ནམ་སྙམ།
གདོན་ཞེས་པ་ནི་ཚིག་གི་ངོས་ནས་བརྟག་ན། ཟུར་ཏུ་བཏོན་པའི་དོན་ཡིན་དེ། མི་ལས་ཟུར་དུ་བཏོན་པ་ལ་གདོན་ཟེར་བ་ལོས་ཡིན་སྙམ། དེ་ཡང་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉེན་ཟེར་བ་ལྟར། ད་དུང་གདོན་རྫས་ཕྱི་ལ་ཕུད། ལ་སོགས་པས་མཚོན་ནོ། འོན་ཀྱང་གཟའ་དང་རྒྱུ་སྐར་སོགས་ལ་འདྲེ་ཟེར་རྒྱུ་མ་རེད་སྙམ།
དེ་རིང་གོང་གི་འདྲེ་སྒྲུང་འདི་ཀློག་དུས་ངས་ཀྱང་ཁ་སྣོན་ཞིག་བྱ་འདོད་བྱུང་། ངས་ཟླ་ཚེས་སོགས་གསལ་བོ་དྲན་གྱི་མི་འདུག་མོད། གང་ལྟར་ལོ་ལྔ་དྲུག་ཙམ་གྱི་གོང་ལ་ངས་གྲོགས་པོ་ཞིག་དང་མཉམ་དུ་དབྱིན་ཇིའི་ཚགས་པར་ཞིག་ལ་བལྟས་པ་ཡིན། དེ་དུས་ཕྱི་རོལ་གྱི་པར་ཆས་ལ་ཐེབས་པའི་བུད་མེད་ཅིག་གི་གཟུགས་རིས་དཀར་པོ་ཞིག་རླངས་འཁོར་ཆགས་རོ་ཞིག་དང་མཉམ་དུ་འདུག འགྲེལ་བརྗོད་ནི་འདི་ལྟར། ཨ་མ་ཞིག་གིས་རང་གི་ཕྲུ་གུ་གཉིས་རླངས་འཁོར་ལ་བཞག་ནས་འགྲུལ་བཞུད་བྱེད་པའི་ལམ་བར་དུ་གཡང་ལ་ཟགས། ཨ་མ་དེ་གར་གྲོང་ནའང་ཕྲུ་གུ་གཉིས་ཚེ་སྲོག་ལས་ཐར་པར་བཤད་འདུག ཕྱིས་སུ་གཡང་དུ་ཡོད་པའི རླངས་འཁོར་ཆགས་རོ་དེའི་མཁྲིས་སུ་བུད་མེད་ཀྱི་གྲིབ་གཟུགས་དཀར་པོ་ཞིག་འདུག་ཅེས་ལམ་འགྲོ་བ་རེ་འགས་གླེང་ནའང་དེ་ལ་སུས་ཀྱང་དོ་སྣང་བྱས་མེད། དེ་ལྟར་ཉིན་འགའི་རྗེས་སུ་རླངས་འཁོར་དེ་རླངས་འཁོར་ཆགས་རོ་གཡུག་སའི་ར་སྐོར་ཞིག་ཏུ་བསྐྱལ་བ་དང་དེ་གར་ག་ས་གང་དུ་པར་ཆས་བཞག་ཡོད་སྟབས་མཚན་སྲུང་བས་དོ་སྣང་བྱུང་བ་ལྟར་གོང་དུ་གླེང་བའི་རླངས་འཁོར་དེའི་མཁྲིས་སུ་བུད་མེད་ཀྱི་གྲིབ་གཟུགས་དཀར་བོ་དེ་པར་བརྒྱབ་ཏེ་ཚགས་པར་སྟེང་བཀོད་འདུག གདོང་དབྱིབས་སོགས་གསལ་བོ་མི་མཐོང་མོད་བུད་མེད་ཀྱི་གྲིབ་གཟུགས་ཤིག་ཡིན་པ་གསལ་པོ་མཐོང་ཐུབ། དེ་ཡང་ཡ་མཚན་རེད།
འདྲེ་ཟེར་བ་འདི་དམན་ཚིག་བཟུང་བའི་ཚིག་ཅིག་ཡིན་པ་ལྷ་བབས་པ་ཙམ་གྱི་སྐབས་སུ་མ་ཡིན་པར། ཨ་མདོའི་ལུང་ཚན་མང་པོ་ཞིག་ན། མིས་ཀྱང་རང་རང་ལ་འདྲེ་ཟེར་ཏེ། མི་ཞིག་གིས་ཚིག་མཐོན་པོ་ཞིག་གི་དྲི་བ་འདོན་སྐབས། འདྲི་ས་དེས་འདི་འདྲ་ལན་རྒྱག་གི་རེད། ༼འདྲེ་ངས་དེ་ཚོ་ཤེས་ནི་མ་རེད༽ ཟེར་གི་རེད།
འདྲེ་སྒྲུང་འདི་ང་ཚོ་བོད་ལ་འཇིགས་ཐག་ཆོད་མང་པོ་ཡོད་པས་ཤོད་སྟངས་རེ་ཤེས་ན་ཕྱི་རྒྱལ་གྱི་སྐྱག་ཕྲུག་འདི་ཚོས་གཅིན་པ་ཉལ་སའི་ནང་དུ་གཏང་བ་རེ་བཟོ་ཐག་ཆོད་ཡིན། ཁྱོད་ཚོར་བཤད་རྒྱུ་རེ་ཡོད་ན་ཤོད་དང་། ང་ཚོས་སུའི་སྒྲུང་དེ་འཇིགས་ཟིལ་ཆེ་ལྟ།
རྨི་ལམ་གྱི་གསང་བ་འདི་ད་དུང་སུ་གཅིག་གིས་ཀྱང་ཁྲོལ་མེད་པ་འདྲ། ཉེ་ཆར་ཞིག་ལ་བུད་མེད་ཅིག་བོར་བརླགས་སུ་སོང་ནས་ནང་མི་དང་པུ་ལི་སིས་བཙལ་ཡང་མ་རྙེད་སྐབས་ཤིག་ལ་བུད་མེད་རྒན་མོ་ཞིག་གིས་རྨི་ལམ་ལ་བརྟགས་ནས་ཕུང་པོ་འཚོལ་དུ་སོང་། དེར་ཕུང་པོ་ཞིག་རྙེད། ཡིན་ན་ཡང་བུད་མེད་འཚོལ་བཞིན་པ་དེ་མ་ཡིན་པར་བུད་མེད་གཞན་ཞིག་རེད་འདུག
དེ་བཞིན་ཉེ་ཆར་ང་སྡོད་ས་འདིར་ཕོ་གསར་གཉིས་རླངས་འཁོར་བརྡབ་རྐྱེན་གྱིས་ཤི། ཕོ་གསར་དེ་གཉིས་མ་ཤི་བའི་སྔ་དགོང་ལ་ཕོ་གསར་གཅིག་གི་དགའ་རོགས་ཟུར་པ་དེའི་རྨི་ལམ་དུ་མོ་རང་གི་དགའ་རོགས་ཟུར་པ་དེ་སླེབས། མོས་ཁྱོད་འདིར་ག་རེ་བྱེད་དུ་ཡོང་བ་ཡིན་ཞེས་དྲིས། ཁོས་ང་ེངས་འདིར་ཁྱོད་ལ་goodbyeཟེར་དུ་ཡོང་བ་ཡིན་ཞེས་བརྗོད་པ་ཞིག་རྨིས་འདུག དེ་ལུགས་མོས་གསར་འགོད་པ་ལ་ཤོད་ཀྱིན་འདུག
ཨ་ཨ་ཨ་ཨ། ཤུ་རེ་ཁོ། ད་རང་རོགས་གཉིས་ཀྱིས་གྱོང་རག་བཞག ང་ས་ཆ་དེ་ན་ཡོད་རྒྱུ་ཡིན་ན་ངས་ནུབ་མ་རེ་རེར་ཞི་མོ་རེ་རེ་ལ་བྱིན་རླབས་རེ་གནང་ན་དེ་ནས་འདྲེ་ཡིས་གནོད་པ་མི་འབྱུང་ཁོ་ཐག་ཡིན། དེས་ན་ང་ལ་ཡང་ཁེ་བཟང་ཡོད་ལ་ཞི་མོ་ཚོ་ཡང་རེ་རེ་བཞིན་གྲི་ཤི་རུ་འགྲོ་མ་དགོས་པ་རེད། ད་དུང་གསོན་པོ་རེ་ཡོད་ན་ངའི་སར་ཁྲིད་ཤོག་དང་དེ་འདྲ་དེ་ལ་ཐབས་བཀོད་ཡོད་ནི་རེད་ཀོ སྤོབས་པ་མཐའ་ཡས།
ཞེད་སྣང་ཚེ་སེ་ཞིག་བྲིས་འདུག དངོས་སྒྲུང་ཡིན་ས་རེད། འདི་མོ་གོ་མ་མྱོང་། གློག་བརྙན་འདྲ་ཞིག་རེད་འདུག ལོ་ཤས་གོང་ལ་སྔགས་འཆང་ཤི་འདྲེར་སོང་བ་ཞིག་གི་སྐོར་གོ་མྱོང་། དེ་ལ་ཁོང་ཚོས་འདྲེ་གནམ་འཕུར་ཡིན་ན་ཅིག་ལབ་ཀྱི་འདུག དེ་ཡང་ཞེད་སྣང་ཚ་ཡ། རྨ་འགྲམ་རྫོང་ངེ་དྲན་རྒྱོང་གི་མི་ཤོས་དེ་སྐོར་བཤད་ཤེས་ཀྱི་འདུག རོང་སྐད་ཀྱིས་བཤད་པར་ཉན་ན་དེ་བས་ཞེད་སྣང་ཚ་ཞིང་ཉན་སྤྲོ་བ་ཞིག་ཡོད།
ཞོགས་དུང་རང་ཁྱིམ་དུ་གློད་འདུག་པའི་གནས་ཚུལ།
http://www.rangwang.net/?essayId=923
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་བྱས་ནས་རང་ཁྱིམ་དུ་ཕེབས་འདུག་པའི་གནས་ཚུལ་འདུག གནས་ཚུལ་འདི་ན་ཡོད།
http://www.rangwang.net/?essayId=923
ཟླ་མེད་ལགས།
མདང་དགོང་གཉིད་ཤོར་ཤག
འགྲེལ་བཤད་ལ་འགྲན་ཟླ་མི་འདུག
ཁྱེད་ཀྱི་བཀའ་ལན་ནི་འདི་འདྲ་ཞིག་རེད། དཔེར་ན། ཉ་མོ་ཆུ་དང་ དབུལ་བོ་ཟས་རེད།
ཐུགས་རྗེ་མ་ཞུས་ན་འགྲིག་ཡག་མི་འདུག
ང་ཚོ་ས་ཆ་ནས་བུད་མེད་ལོ་ཉེར་ལྔ་ཅན་ཞིག་འདྲེས་བཟུང་ནས། ཁ་དུས་ཡིན་ན་ཡང་ཁ་ནས་འདྲ་མིན་བཤད་པ་རེད། སྡེ་བའི་མི་རྣམས་ཀྱིས་གང་ཡོང་ཅི་ཡོང་གིས་ཁོ་ཚང་ལ་འདུ་འཛོམས་ཀྱིས། སྔགས་པ་ཚོ་ལ་འདྲེ་འདུལ་བྱེད་བཅུགས། སྔགས་པ་ཚོས་འདྲེ་འདུལ་བྱེད་སྟངས་འདི་འདྲ་ཞིག་རེད། སྔགས་པ་སྔགས་སྒྲུབ་བྱེད་ཅིང་། མདུན་དུ་སླ་ང་ནང་དུ་སྣུམ་བསྐོལ། སླ་ངའི་ཁ་རུ་གྲི་རིང་པོ་གསུམ་ཕྲད་དུ་ཟུར་གསུམ་གྱི་གཟུགས་སུ་བྱས་ནས་འཇོག དེ་ནས་སྐྱ་བའི་ནང་དུ་མིང་བྱང་བྲིས་ནས་འདྲེ་འཛིན་མཁན་ཕོ་གསར་ཞིག་གི་ལག་ཏུ་སྤྲོད། ཕོ་གསར་དེས་ད་ཤོག་ད་ཤོག་ཟེར་ཞོར་དང་། ལུག་ཤ་ལག་ཡ་གཅིག་གིས་སྐྱ་བ་ལ་རྡེག་རྡེག་བྱེད་ཞོར་དུ་རྒྱུགས། ཁོའི་རྗེས་སུ་སིར་འབུད་མཁན་ཞིག་རྒྱུགས། དེའི་རྗེས་སུ་སྟ་རེ་དང་ཐོ་བ་རྡུང་མཁན་ཞིག་རྒྱུགས། དེའི་རྗེས་སུ་ལྕགས་ཐག་འདྲིད་མཁན་ཞིག་རྒྱུགས། ཁོང་ཚོ་ཚང་མ་སྡེ་བའི་ནང་དུ་ཡར་རྒྱུགས་མར་རྒྱུགས་བྱས་དེ་སླར་འོང་ནས་སྐྱ་བ་དེ་སྒྲུབ་དཔོན་གྱི་ལག་ཏུ་འཇོག དེའི་སྐབས་སུ་སྒྲུབ་དཔོན་ནས་ཀྱང་དམིགས་པ་རྩེ་གཅིག་གིས་འགུགས་གཞུག་བཏོན་ནས། མིང་བྱང་ལ་བལྟ། གལ་ཏེ་མིང་བྱང་ཁུག་འདུག་ན་འདྲེ་བཟུང་ཟིན་པ་རེད། དེ་ནས་སྒྲུབ་དཔོན་དེས་ལག་གཡས་པར་མདའ་དར་ནག་པོ་ཟུར་གསུམ་ཞིག་དང་། ལག་གཡས་པར་ཕུར་བུ་ཟུར་གསུམ་ཅན་ཞིག་ཐོགས་ནས་མིང་བྱང་དེ་བསྒྲལ་ཆོག་དང་མཉམ་པོར་སྣུམ་ཚ་བོ་ནང་དུ་འཕངས་ནས་འདུལ་བར་བྱེད།
སྡེ་བ་ཞིག་ནས་ཕོ་གསར་ཚོ་དེ་ལྟར་རྒྱུགས་བཞིན་རྒྱུགས་བཞིན། ཁྱིམ་ཚང་ཞིག་ལ་རྒྱུགས་ནས་བོང་བུ་འདོགས་སའི་ཁང་པ་ལ་རྒྱུགས་ནས་སྐྱ་བ་གཡུགས། མཚན་མོ་ནག་ཁུང་ནང་དུ་སྐྱ་བ་ཅིག་གིས་འཇུས་ནས་ཚུར་མ་སློད་པས་འདྲེ་འཛིན་མཁན་ཞེད་ཐག་ཆོད་ནས་སྐྱ་བ་བཞག་ནས་ཚུར་བྲོས་འོང་པ་རེད། ཁོའི་རྗེས་ཀྱི་རོགས་པ་རྣམས་ཀྱིས་མ་ཤེས་པར་ཁོང་གི་རྗེས་སུ་རྒྱུགས་ནས་ཚུར་སླེབས། སྔགས་རྒན་ཚོའི་འགྲམ་ལ་སླེབས་པ་ན། ཁོ་ཁ་ཡང་གྲགས་ཐུབ་ལ་མ་ཐུབ་ལ། ཚོར་བ་ཡང་མེད་པ་ལྟ་བུར་ཆགས་བསྡད་ཡོད་པ་རེད། མི་ཚོས་ཨ་འདྲི་ཡང་འདྲི་བྱས་པ་ན་ཁོང་གིས། སྐྱ་བ་འདྲེས་འཕྲོག་སོང་ཟེར། འདྲེ་གང་ན་འདུག་ཅེས་པས། ག་གེ་མོ་ཚང་གི་བོང་ཁང་ན་འདུག་ཟེར། དགོང་མོ་དེར་ཁོང་ཚོ་འདྲེ་ཡོད་ས་དེར་འགྲོ་མ་ཐུབ། ཕྱི་ཉིན་ནམ་ལངས་པ་ན་དེར་སོང་། ཡིན་པ་ནི་སྐྱ་བ་གཡུག་གི་གཡུག་གི་ཀ་བའི་རྒྱབ་ལ་འཁོན་ནས་ལེན་མ་ཐུབ་པ་ཡིན་པ་རེད། ཀ་བ་དང་བརྩིགས་པ་གཉིས་ཀྱི་བར་ན་ཧྲག་བར་ཅུང་ཟད་ལས་མེད་པས་དེའི་བར་དུ་ཁོན་ནས་ལེན་མ་ཐུབ་པ་ཡིན་པ་རེད། གནས་ཚུལ་དེ་སྡེ་བ་ནང་གི་གསར་འགྱུར་གལ་ཆེན་དུ་གྱུར།
འོ་འདི་ལྟར་འདྲེ་དེ་བཟུང་བའི་ཐབས་ཤེས་མང་པོ་བཏང་ན་ཡང་འདྲེ་འཛིན་མ་ཐུབ་པར་མ་ཟད་ནད་པ་དེ་ཡང་དྲག་བསྐྱེད་མ་བྱུང་བར། སྐད་ཆ་འདྲ་མིན་བཤད་རྒྱུ་མང་རུ་སོང་བར་མ་ཟད་། ཤེད་ཤུགས་ཀྱང་སྔར་ལས་ཆེ་བ་འདུག་ཟེར། སྡེ་བ་ནང་གི་ལོ་ལོན་ཚོས་ནད་པས་རང་སྲོག་བཅད་མི་ཡོང་ངམ་བསམ་ནས། དགོང་མོ་ཕོ་གསར་སྐོར་ཞིག་ལ་བསྲུང་བཅུགས། དགོང་མོ་ཞིག་ལ་ནད་པ་འདྲེ་བཟུང་ནས་དམར་ཧྲང་མར་ཡང་ལངས། ཕོ་གསར་ཞིག་གིས་ཤེད་ཤུགས་ཡོད་ཚད་ཀྱིས་མར་ཁ་སྦུབ་ཏུ་ལོག་ནས་མནན། མར་མནན་ནས་ཅུང་ཟད་འགོར་བ་ན། ཁོ་རང་གི་མཇེ་ལངས། དེ་ནས་ཁོས་དེ་ལྟར་རྒྱབ་ལོག་ནས་ནད་པ་དེ་ལ་འཛགས། དེ་ནས་བཟུང་བུད་མེད་དེ་ལ་འདྲེ་བཟུང་རྒྱུ་མེད་པར་གྱུར།
ངས་བསམ་ཚོད་ལ་འདྲེ་ཁ་ཤས་སྔགས་པ་ལས་མཇེ་ལ་ཞེད་པ་དེ་འདྲ་ཡོད་ས་རེད་དྲན། ཡང་འདྲེ་ཁ་ཤས་སྨན་པ་ལས་ཀྱང་མཇེས་ཕན་པ་དེ་འདྲ་ཡང་ཡོད་པ་རེད་དྲན།
དྲ་གྲོགས་ཚོ། དོན་དངོས་འདྲེ་ཞེས་པ་དེ་གང་འདྲ་ཞིག་རེད།
ཨ་ལགས་ཀླུ་སྨྱོན་གྱིས་༼འདྲེ་ཞེས་པའི་ཚིག་དེས་ འགྲོ་བ་སེམས་ཅན་གྱི་རིགས་ཤིག་བསྟན་ཡོད་པ་ལས་བཟང་ངན་ཅང་བསྟན་མེད་པར་འདོད། དཔེར་ན་མི་ཞེས་པ་བཞིན། གནས་ཆུང་སོགས་བོད་ཀྱི་ལྷ་གང་མང་ཞིག་ཁོག་ཞུགས་བྱས་ནས་ལུང་བསྟན་གསུང་སྐབས་སུ་ འདྲེ་ངས་ཅིག་ཅིག་མུག་མུག་བྱེད་ཀྱི་ཡིན་ཞེས་གསུང་གི་ཡོད་པ་རེད། དེ་ནི་ང་རང་ཚོ་ལ་མཚོན་ན་མི་ངས་འདི་དང་དེ་བྱེད་ཐུབ་ཟེར་བ་འདྲ་བོ་ཞིག་རེད། ༽ཅེས་འདྲེ་ཡི་ངོས་འཛིན་དང་སྒྲུབ་བྱེད་ཅིག་བཀོད་འདུག་ཀྱང་རྒྱུ་མཚན་དེ་ཡང་དག་ཅིག་རྩ་བ་ནས་མ་རེད།
གནས་ཆུང་ཆོས་རྒྱལ་གྱིས་འདྲ་ང་ཞེས་སྤོབས་པ་དང་བཅས་གསུངས་པ་དེས་རང་ཉིད་བྱམས་སྙིང་རྗེ་དང་བྲལ་ཞིང་། དགྲ་བོའི་སྲོག་དམར་བཅད། ཟ་དམར་ཟ། ཁྲག་དམར་འཐུང་མཁན་ཞིག་ཡིན་ཚུལ་བསྟན་པ་ཞིག་རེད།
ཨ་ལགས་དྲིན་པོ་ཆེ། འདྲེ་ཞེས་པའི་ཚིག་དེས་སེམས་ཅན་གྱི་རིགས་ཤིག་ལས་བཟང་ངན་ཅང་བསྟན་མེད་པར་འདོད་མི་ནུས་ཏེ། སེམས་ཅན་ནང་ནས་ཀུན་ལ་གནོད་འཚེ་བྱེད་མཁན་གྱི་རིགས་ཤིག་བསྟན་པ་རེད། གལ་སྲིད་ཨ་ལགས་ཐུགས་ཡིད་མ་ཆེས་ན། རྣམ་འགྱུར་སྒམ་པོས་སྒོ་ནས་དངོས་གནས་ཡིན་མདོག་གིས་དེ་ཙམ་འབྲེལ་འདྲེས་བྱས་མ་མྱོང་བའི་མི་ཞིག་ལ། ཁྱོད་རང་འདྲ་རེད་འདུག མི་ཚོས་ང་ལ་ལབ་བྱུང་ཞེས་གསུང་དང་། ཚིག་དེས་བཟང་ངན་ཞིག་བསྟན་ཡོད་མེད་གསལ་གྱི་རེད།
གཞོན་ནུ་ཟླ་མེད་ལགས། ༼ཚེ་འཕོས་ནས་གང་དུ་གནས་ པའི་ལུས་སྲོག་དང་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་ དང་། ཚེ་ལ་འདས་པའི་ཆ་བྱེད་བཟུང་ནས་༽ ཞེས་པའི་སྐབས་སུ་བགེགས་ཀྱི་ཚོགས་དེ་དག་ལ་འདྲེ་ཞིག་མིང་བཏགས་ནས། དེ་ཤི་བོའི་ཆ་བྱད་ཅན་དུ་འགུགས་པ་ལས་སྐུ་ཉིད་ཀྱིས་གསུངས་པ་བཞིན་འདྲེ་གཟུགས་བརྙན་ལ་གོ་ཚུལ་ཞིག་རྩ་བ་ནས་མེད།
ད་དུང་འདྲེ་ངོ་ཤེས་མི་འདུག
མགོ་ཨ་ལགས་ཀླུ་སྨྱོན་ནས། འདབ་ཨ་ནུ་ཐང་ཡན་ཆད་ཀྱིས་འདྲེ་ཞེས་པའི་སེམས་ཅན་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལན་རེ་ཡོད་ན་མི་བུ་ཡིིན། གོ་ཧེ་ཐལ།
གཙང་ཁའི་བུ་ནས། ༼བགེགས་ཀྱི་ཚོགས་དེ་དག་ལ་འདྲེ་ཞིག་མིང་བཏགས་ནས། དེ་ཤི་བོའི་ཆ་བྱད་ཅན་དུ་འགུགས་པ་ལས་སྐུ་ཉིད་ཀྱིས་གསུངས་པ་བཞིན་འདྲེ་གཟུགས་བརྙན་ལ་གོ་ཚུལ་ཞིག་རྩ་བ་ནས་མེད།༽ འོན་ཀྱང་ངས་ཚེ་ལས་འདས་པའི་ཆ་བྱེད་མན་ཆད་ཀྱི་ལུང་ཆ་ཚང་དྲང་ན་དེ་ལ་གོ་བ་ཁྱོད་ཀྱིས་བླངས་པ་དེ་ལས་གཞན་ཞིག་རྙེད་སྲིད། ༼ཚེ་ལས་འདས་པའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་དང་འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་བོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་བསྲེག་ཅིང་རྣམ་པར་འཇོམས་པ་དགོན་མི་ཟའོ།༽ གོང་གི་འདི་ལྟར་ཡོད། ལུང་དེ་ཚ་ཚང་ཡོད་ན། ཀློག་མཁན་རྣམས་ཀྱི་གོ་བ་བླངས་ན་འགྲིག ཁྱོད་ཀྱི་༼བགེགས་ཀྱི་ཚོགས་ཐམས་ཅད་དང་། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས༽ ཚིག་སྔ་ཕྱི་གཉིས་ཀའི་དང་སྒྲའི་ནུས་པས་ལོགས་སུ་བཀར་ཡོད་པ་མ་ཤེས་པ་དང་། འདྲེ་དེ་རིགས་ཅི་འདྲ་རེད་བསམ་ན། གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ་ལ་སོགས་པའི་རིགས་སུ་གཏོགས་པ་ཡོད་པར་མ་རྟོགས་པའི་དབང་གིས། གོ་བ་དེ་འདྲ་ཡོང་བ་རེད། འོན་ཀྱང་ཚིག་སྔ་ཕྱི་གཉིས་ཀ་སྦྲེལ་ནས་གོ་བ་བླང་ན་གོ་བ་ཅུང་ཟད་སྐྱེ་སྲིད། ཚིག་འབྲེལ་གྱི་སྐབས་སུ་དང་སྒྲ་སོགས་ལ་ནུས་པ་ཆེན་པོ་ཡོད་པ་རེད། ཆོས་ར་ནང་ནས་རྩོད་པའི་སྐབས་སུ་འབྲེལ་སྒྲ་དང་བྱེད་སྒྲ་དཀྲུགས་ནས་རྩོད་པ་རྩད་ནས་རྫོགས་རྒྱུ་མེད་ན་ཡང་། ཡི་གེ་ལ་འབྲི་བའི་སྐབས་སུ་དེ་ལྟར་གོ་བ་བླངས་ན། ཀློག་པ་པོས་དང་སྒྲའི་ཡི་གེ་ཡོད་པ་མཐོང་གི་ཡོད་པས། རྩོད་པ་ཡོད་པ་མ་རེད།
ཡང་གཙང་ཁའི་བུ་ལགས་ལ། ཁྱོད་ཀྱིས་གཞན་དགག་པ་ལས་རང་ལུགས་བཞག་མི་འདུག་ན། ཉིད་ཀྱིས་ཀྱང་འདྲེ་དང་གདོན་གྱི་སྐོར་ལ། དཔྱོད་པ་ཞིག་བྱོས། ད་དུང་གོང་དུ་མདོ་ལྷ་ཁམས་པས་དྲི་བ་དངོས་ནི་འདྲེ་དང་གདོན་གྱི་མིང་ལ་འགྲེལ་བཤད་རྒྱོབས་ཅེས་བྲིས་འདུག དེ་ཟེར་ན་མིང་དེ་གཉིས་ལ་མིང་དེ་དང་མཐུན་པའི་སྒྲ་བཤད་ཡོད་པའི་རྗེས་གྲུབ་ཀྱི་མིང་ཡིན་ནམ། ཡང་ན་སྒྲ་བཤད་དུ་མེད་པའི་འདོད་རྒྱལ་གྱི་མིང་ཡིན་ཅེས་དྲིས་པ་རེད། ཀླུ་སྨྱོན་ནས་འདོད་རྒྱལ་ཡིན་པའི་ཕྱོགས་ནས་ལན་བཏབ་པ་རེད། ངས་རྗེས་གྲུབ་ཡིན་པའི་ཕྱོགས་ནས་ལན་བཏབ་ཡོད་པ་རེད། ཁྱོད་ཀྱིས་འདོད་རྒྱལ་དང་རྗེས་གྲུབ་གང་ཡང་མིན་པའི་མིང་ཞིག་གི་ཆ་ནས་ལན་འདེབས་རྩིས་ཡོད་དམ།
གཞོན་ནུ་ཟླ་མེད་ལགས། ཁྱོད་ཀྱིས་༼ མདོ་ལྷ་ཁམས་པས་དྲི་བ་ལ་ལན་འདེབས་བྱ་རྒྱུ་ཡིན། འདྲེ་ཟེར་བ་དེ་ངས་བསམ་ན་འདྲ་ཟེར་བ་དེ་དང་གཅིག་པ་རེད་བསམ། ༽ཞེས་པ་འདི་ཁྱོད་ཀྱི་རྩ་བའི་དམ་བཅའ་ཡིན་པར་བརྗོད་མི་རུང་།
གཞོན་ནུ་ལགས། ཁྱོད་ཀྱིས་ཚིག་ཆ་ཚང་བྲིས་པས་དངོས་གནས་ངའི་བློ་སྒོ་ཕྱེ་ལ། གནད་དོན་དེ་ཡང་རྙེད་སོང་། རེད་དེ་ཚིག་འདིས་འདྲེ་ཞེས་པ་འདྲ་བར་གོ་ཚུལ་གང་འདྲ་རེད། ལན་དེ་གསལ་བོར་ཞིག་གནང་རོགས། འདྲེ་ཡི་ཚད་ངས་སང་ཉིན་བཞག་ཆོག
༼ན་མོ། སངས་རྒྱས་ཀྱི་བདེན་པ་དང་། ་་་་་་་་་་་་་་་་་་་་ ཁྱད་པར་དུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ལ་ སོགས་པ་རྣམས་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་པའི་ བགེགས་ཀྱི་ཚོགས་ཐམས་ཅད་དང་། ཚེ་ལས་འདས་པའི་ཆ་བྱད་ བཟུང་ནས་དེའི་ཉེ་འབྲེལ་དང་འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་ གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་བོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་ སེམས་དང་ལྡན་པས་???རང་རང་སོ་སོའི་གནས་སུ་སོང་ཞིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་ བསྲེག་ཅིང་རྣམ་པར་འཇོམས་པ་དགོན་མི་ཟའོ།༽
སྦྱིན་སྲེག་གི་འགུགས་གཞུག་ནང་དུ་འདྲི་འདྲ་གསུངས་ཡོད་དམ། ???
༼ཚིག་འབྲེལ་གྱི་སྐབས་སུ་དང་སྒྲ་སོགས་ལ་ནུས་པ་ཆེན་པོ་ཡོད་པ་རེད། ཆོས་ར་ནང་ནས་རྩོད་པའི་སྐབས་སུ་འབྲེལ་སྒྲ་དང་བྱེད་སྒྲ་དཀྲུགས་ནས་རྩོད་པ་རྩད་ ༼བརྩད༽ནས་རྫོགས་རྒྱུ་མེད་ན་ཡང་། ཡི་གེ་ལ་འབྲི་བའི་སྐབས་སུ་དེ་ལྟར་གོ་བ་བླངས་ན། ཀློག་པ་པོས་དང་སྒྲའི་ཡི་གེ་ཡོད་པ་མཐོང་གི་ཡོད་པས། རྩོད་པ་ཡོད་པ་མ་རེད།༽རྩོད་པའི་སྐབས་སུ་འབྲེལ་སྒྲ་བྱེད་སྒྲ་དཀྲུགས་ནས་རྩོད་མཁན་སྔ་ཡང་མེད་ལ་དེང་གི་སྐབས་འདིར་མི་སྲིད་པ་ཞིག་རེད། རྩོད་པ་དང་ཡི་གེ་འབྲི་བ་གང་ལ་ཡང་བྱེད་འབྲེལ་ཁྱད་པར་ལས་ཡོད། མི་ཁྱོད་ཀྱིས་བཤད་སྟངས་འདིར་བསམ་ན་རང་རློམས་ཅན་གྱི་གྲྭ་ལོག་ཅིག་གི་རང་རྟགས་འདུག
མགོ་ཨ་ལགས་ཀླུ་སྨྱོན་ནས། འདབ་གཞོན་ནུ་ཟླ་མེད་ཡན་ཆད་ཀྱིས་འདྲེའི་དོན་བཞག་མ་ཤེས་ན་མི་ཤེས་ལོབ་དང་། ངས་སང་ཉིན་གཞག་ཆོག གོ་ཨེ་ཐལ།
མགོ་ཨ་ལགས་ཀླུ་སྨྱོན་ནས། འདབ་གཞོན་ནུ་ཟླ་མེད་ཡན་ཆད་ཀྱིས་འདྲེའི་དོན་བཞག་མ་ཤེས་ན་མི་ཤེས་ལོབ་དང་། ངས་སང་ཉིན་གཞག་ཆོག གོ་ཨེ་ཐལ།
འདྲེ་ཞེས་པ་དེ་སྤྱིར་གཏང་ནང་དོན་འགྲེལ་རྒྱུ་མེད་པའི་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་པར་འདོད། ཡིན་ན་ཡང་དེ་མི་དང་འདྲེ་གཉིས་ཀ་ལ་གྲགས་པའི་ཐ་སྙད་ཅིག་ཇི་ལྟར་ཆགས་པའི་སྐོར་ལ་བསམ་བློ་ཞིག་གཏོང་རྒྱུ་འདུག ཡང་མིན་ན་འདྲེ་ཞེས་པའི་ཐ་སྙད་འདི་བོད་ཁམས་སུ་དར་བར་བྱེད་པོ་ནི་བོན་ཆོས་ཡིན་ཞིང་། བོན་ཆོས་དང་ཞང་ཞུང་གི་ཡུལ་ནས་བོད་དུ་བསླེབས་པ་ཞིག་ཡིན་པས་འདྲེ་ཞེས་པའི་ཐ་སྙད་འདི་ཞང་སྐད་དམ་ཡང་ན་སྟག་གཟིག་གི་སྐད་ཅིག་ཡིན་ཞིང་། དེ་ཡང་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཏུ་བྱས་ཏེ་འགྲེལ་བཤད་རེ་ཡོད་ན་ཡང་ཐང་། དེའི་སྐོར་ལ་བོན་གྱི་མཁས་དབང་རྣམ་པར་བཀའ་འདྲི་རེ་ཞུ་རོགས། ངས་འདྲེ་ཞེས་པའི་ཚིག་འདི་ལ་འགྲེལ་བཤད་ཅིག་རྒྱོབས་ཟེར་ན་ཁ་ནང་ལ་མཛུབ་མོ་བརྒྱུས་ནས་སྡོད་རྒྱུ་ཡིན།
གཙང་ཁའི་བུ་པའམདེ་རིང་འདི་འདྲ་བྲིས་འདུག ༼གྲྭ་ལོག་ཅིག་གི་རང་རྟགས་འདུག ༽ ཁྱོད་ལ་སྐད་ཆ་མེད་དོ།
ཨ་ཁུ་ཀླུ་སྨྱོན་ལགས།
ཁྱེད་ནས་འདྲེ་ལས་སོགས་འཇིགས་སུ་རུང་བའི་སྐད་ཆ་མང་པོ་ཞིག་བཤད་རྒྱུ་འདུག
ངས་སྔོན་ནས་ཞུས་ཡོད།
ཨ་ཁུ་ཀླུ་སྨྱོན་འདི་ཡིས་ཁ་བརྡ་འདིར་འདྲ་པར་ཞིག་ཞོག་ནའང་འཇིགས་རུང་རྐྱང་འཇོག་གི་འདུག་ཞུས་ཡོད།
ད་འདྲེ་ཡི་སྐོར་ལ་མང་པོ་ཞིག་བཤད་ཡོང་གི་འདུག
འདྲེ་ཞེས་གོ་བ་ནི་མི་རིགས་ཆོས་ལུགས་ཀྱི་རིས་སུ་ཕྱེ་བ་མེད་པར་ཚང་མས་གོ་མྱོང་གཅིག་ཤོད་ཞོག་ཟེར་དུས་སུ་ལའང་ཤོད་རྒྱུ་ཁག་གི་ཡ།
འཇིགས་དང་མི་འཇིགས་ནི་འདྲེ་མཐོང་དང་མ་མཐོང་གི་གནས་ཚུལ་མིན་པར་ཀུན་གྱིས་འཇིགས་སྣང་སྐྱེ་བཞིན་འདུག
ད་ང་ཚོས་འདྲེ་ཡི་སྐོར་ལ་བགྲོ་བསྡུར་ལྷུག་པོར་གྱིས་དང།
གཅིག་བྱས་ན་འདྲེ་དེ་ག་འདྲ་ཡོད་མེད་ཀྱི་ངེས་ཤེས་ཞིག་བརྙེད་ངེས་དང།
གལ་ཏེ་ཡོད་པར་ངེས་ན་ང་ཚོ་ཚང་མར་འཇིགས་པ་ལའང་རྒྱུ་མཚན་འདུག
མེད་པ་ཡིན་ཚེ་འཇིགས་དགོས་པའི་རྒྱུ་མཚན་གང་ཡང་མེད་པས།
ཚང་མས་བགྲོས་མོལ་ལྷུག་པོར་གནང་ན་གཏན་གཏན་གྱི་གྲུབ་འདྲས་ཞིག་ཐོན་ངེས།
ལྷག་པར་དུ་ཀླུ་སྨྱོན་གྱིས་འདྲེ་ཡི་སྐོར་གྱི་ལས་འགན་དེ་བོན་པོར་གནང་སོང།
ད་བོན་པོ་དེ་ཚོས་གཅིག་གསུང་དང།
ཁྱེད་ཚོས་འདྲེ་ཞེས་པའི་ཐ་སྙད་སྐོར་ལ་བགྲོ་གླེང་གནང་གིན་འདུག འདྲེ་རང་སྟེང་ལ་བགྲོ་གླེང་འདི་རེད་ཟེར་བ་ཞིག་གནང་མ་སོང་། མ་གཞི་ཁྱེད་རྣམ་པར་ཁག་མི་འདུག ང་ཚོའི་མང་ཚོགས་ཀྱིས་ཡིད་ཆེས་བྱེད་ཀྱིན་ཡོད་པའི་ཤི་འདྲེ་དང་གསོན་འདྲེའི་སྐོར་འདི་ལ་ནང་ཆོས་ཀྱིས་ཁ་གྲག་གིན་མེད་པ་འདྲ། འདྲེ་འདི་རིགས་དྲུག་གི་ནང་ནས་གང་དུ་བསྡུ་དགོས་ཞེས་བརྗོད་ཡོང་ན་ཁྱོད་ཚོས་ག་འདྲ་ལབ་འདོད། ཡི་དྭགས་ཡིན་ལབ་ན་གསོན་འདྲེ་ཡང་ཡོད་པས་ཡི་དྭགས་དང་མི་གཞི་མཐུན་ལྟ་བུ་རེ་འཇོག་ན་མ་གཏོགས་གང་བྱེད།
གཤིན་རྗེ་ཆོས་རྒྱལ། མདང་གི་མཚན་མོ་གཉིད་ལམ་འཇིགས་སུ་རུང་བ་ཞིག་བསྟན་སོང་། ཨ་མ་མ་་་་་་་་
Daemon
Demon
ངས་སྤོབས་པ་ལགས་ཀྱི་འདྲེ་སྒྲུང་འདི་དང་འབྲེལ་ནས་སྒྲུང་རྩོམ་ཞིག་འབྲི་ཆོག་པར་ཞུ། སང་ཉིན་ཨ་རིའི་ཤར་ཕྱོགས་ཀྱི་ཞིང་ཆེན་རྗོར་རྗི་ཡའི་ཨེ་མོ་རི་གཙུག་ལག་སློབ་ཆེན་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་འདུར་འགྲོ་དགོས་བྱུང་སོང་བས་ཉིན་ལྔའི་རྗེས་སུ་མ་གཏོགས་ཕྱིར་བསླེབས་མི་ཐུབ། དེ་ནས་ཕྱིར་འཁོར་མཚམས་ཅིག་འབྲི་རྩིས་ཡིན།
གསོ་རིག་གཞུང་དུ། རྨི་ལམ་གྱི་འབྱུང་རྐྱེན་ནི། མི་གང་ཞིག་གིས་དེ་སྔ་དངོས་སུ་མཐོང་བདང་ཐོས་པ། མྱོང་བ། གསོལ་བ་བཏབ་པ། ཡང་ན་ནད་སྐྱོན་གྱིས་རྐྱེན་བྱས་ཏེ་རང་ཉིད་གཉིད་ཁུག་པའི་སྐབས་སེམས་ལ་འབྱུང་བའི་ཉམས་སྣང་་ཞིག་ཡིན་པར་འདོད། དུས་རབས་ ༡༩ པའི་སེམས་ཁམས་རིག་པའི་ཁྱབ་ཁོངས་སེམས་ཁམས་དབྱེ་ཞིབ་སྨྲ་བའི་སྲོལ་གཏོད་མཁན་ Sigmund Freud ཡི་བརྩམས་ཆོས་རྨི་ལམ་གྱི་དབྱེ་ཞིབ་ The Interpretation of Dreams ནང་དུ་རྨི་ལམ་སྐོར་ལ་ Dreams were all forms of “wish-fulfillment” — attempts by the unconscious to resolve a conflict of some sort, whether something recent or something from the recesses of the past. འདི་འདྲ་ཞིག་བཤད་ཡོད། རྒྱ་ནག་པའི་གཏམ་དཔེར་ 梦是愿望的成功 ཟེར་བས་མི་ཞིག་གིས་རེ་བ་བརྒྱབ་པའམ་གསོལ་བ་བཏབ་པའང་དེ་དང་མཚུངས་སོ།
འདྲེ་ཞེས་པའི་ཚིག་འདི་བོད་ཀྱི་གསོ་རིག་གི་གཞུང་དཔལ་ལྡན་རྒྱུད་བཞིའི་མན་ངག་རྒྱུད་ཀྱི་གདོན་གསོའི་སྐབས་ཀྱི་ལེའུ་ལྔ་ཆའི་ནང་བཀོད་པ་ཞིག་མཐོང་མ་སོང་། ཡིན་ནའང་གོང་དུ་གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལྟར། འདྲེ་ནི་འདྲ་བའི་གོ་དོན་ཅུང་འདུག་ལ། འདྲེས་པའི་གོ་དོན་ཡང་འདུག གང་ཡིན་ཟེར་ན། གང་ཞིག་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་འགྱུར་བའམ་འཕོས་ནས་འབྱུང་པོ་མི་མ་ཡིན་པ་དག་གི་གཟུགས་དང་རང་བཞིན། འགྲོ་འདུག་སྨྲ་བརྗོད་སོགས་དང་འདྲ་བའམ་འདྲེས་པར་བྱས་ཏེ་དེ་དང་དེ་ལ་ཞུགས་པའམ་སྤྱོད་པའི་རྣམ་པ་ཞིག་ལ་འདྲེའམ་གདོན་ཞེས་གོ་དགོས། དེ་ཡང་ཡན་ལག་བརྒྱད་པར། འབྱུང་པོའི་གཟུགས་དང་རང་བཞིན་དང་། སྨྲ་དང་འགྲོ་སོགས་སྤྱོད་པ་དང་། གང་ཞིག་འདྲེས་པར་བྱེད་པ་དག དེ་ལ་དེ་ནི་ཞུགས་པར་བཤད། ཅེས་གསུངས་པ་ལྟར་ཡིན་ནོ།
དཔལ་ལྡན་རྒྱུད་བཞིའི་གདོན་གསོའི་ལེའུར། གདོན་ལ་ལྷ་དང་ལྷ་མ་ཡིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེངས་བྱེད། རོ་ལངས་། མཚུན་ལྷ། བླ་མ། དྲང་སྲོང། རྒན་པོ། གྲུབ་པ་བཅས་དབྱེ་བ་བཅོ་བརྒྱད་ཡོད་པར། དེ་རེ་རེ་ཡང་སོ་སོའི་གདོན་རྟགས་བྱ་བྱེད་དང་ནད་རྟགས་མི་འདྲ་ཡོད།
གདོན་ཞེས་འདོགས་དགོས་དོན་ཡང་། རྣམ་རྟོག་ལས་བྱུང་བའི་འདྲེ་བོ་ཆེ་དེས་ལུས་ཅན་གྱི་ཚེ་སྲོག་གསུམ་གདོན་ཅིང་འཕྲོག་པར་བྱེད་པས་ན་གདོན་ཞེས་བརྗོད་པ་ཡིན་ལུགས་སྔོན་བྱོན་གསོ་རིག་ཐ་སྙད་མཁན་པོ་ཚོས་གསུངས་ཡོད།
སྤྱིར་གོང་གི་འདྲེ་སྒྲུང་ནང་གི་འདྲེ་ཡིས་བཟུང་མཁན་མང་ཆེ་བ་ནི་གཞོན་ནུ་རྐྱང་རེད་འདུག་པས། དེ་ཡང་སྨན་གཞུང་ཟླ་ཟེར་དུ། གཞོན་ནུའི་ཕྱོགས་ཀྱི་རྗེས་འབྲང་ཞིང་། གཅེར་བུ་སྐྲ་ནི་གྱེན་དུ་བརྫེས། ཡིད་མི་བདེ་ཞིང་དུས་ཚིགས་ནི། ཡུན་རིང་གྱུར་པའི་གདོན་དེ་སྤང་། ཞེས་བརྗོད་ཡོད་པས་ཤ་དར་ལུས་དར་དང་སེམས་རྒོད་རིག་རྒོད་མ་ཡིན་པའི་གཞོན་ནུ་ལོ་ཆུང་གི་ཕྱོགས་སུ་རྒྱུགས་མཁན་གྱི་གདོན་འདྲེ་ནི་མ་རུང་སྲོག་གཅོད་མཁན་ཞིག་ཡིན་པས་ཞི་དྲག་གི་སྒོ་ནས་བཏུལ་དེ་སྤང་དགོས་པ་ཞིག་ཡིན།
དྲ་གྲོགས་ཚོ་མཉན་དང་ངས་བཤད། འདྲེ་ནི་ཨ་ལགས་ཀླུ་སྨྱོན་གྱིས་གསུང་པ་ལྟར་མ་རེད་ལ།
གཞོན་ནུས་བཤད་པ་ལྟ་ཡང་མ་རེད།
ད་གང་འདྲ་རེད་ཅེ་ན། འདྲེ་ཞེས་པ་ནི་སེམས་ཅན་གྱི་ཚེ་སྲོག་འཕྲོག་མཁན་ཞིག་ལ་བཏགས་ཤིང་།
རིགས་ནི་འགྲོ་བ་རིགས་དྲུག་གི་ནང་དུ་ཡོད།
གདོན་ཞེས་པ་ནི་གནོད་སེམས་ཅན་དེ་ཚོས་བཏང་བའི་གནོད་པ་ཞིག་ལ་ཟེར།
དེ་མིན་གང་གི་འཚོ་བྱེད་བུས་བཤད་པ་ལྟར་༼ལྷ་དང་ལྷ་མ་ཡིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེངས་བྱེད། རོ་ལངས་། མཚུན་ལྷ། བླ་མ། དྲང་སྲོང། རྒན་པོ། གྲུབ་པ་བཅས་དབྱེ་བ་བཅོ་བརྒྱད༽་གདོན་མ་རེད། བཅོ་བརྒྱད་པོ་ནི་གདོན་གཏོང་མཁན་དང་། དེ་དག་གཏང་བའི་གནོད་པ་ལ་གདོན་ཞེས་བཏགས་པ་རེད།
ཨེ་གོ་ཐལ། གཞོན་ནུ་དང་། སྤོབས་པ་མཐའ་ཡས་སོགས་ཀྱིས་དགག་བཞག་གྱིས་དང་། གཙང་བུའི་རང་ལུགས་དེ་ཡིན།
ཨ་ཁུ་ཀླུ་སྨྱོན་ལགས་བོན་པོས་འདི་ལྟར་བཤད་འདུག
ད་དེ་ཚོར་ཚིག་འགྲེལ་དང་དོན་འགྲེལ་དང་འབྲུ་གཏིག་ལས་སོགས་ཀྱིས་བཤད་ཚུལ་ཅི་ཡོད་ཁྱེད་རང་ཚོས་ཅིག་བྲིས་དང།
ངས་ཚོང་རྫས་བཀྲམ་ཡོད།
ཨ་ཁུ་ཀླུ་སྨྱོན་ཁོང་ལ་གཙུག་ལག་སློབ་གྲྭ་དེར་ཤོད་དགོས་ཀྱི་ཡོད་ས་རེད།
ཨ་ཁ་གཅིག་བྱས་ན་འདི་ཁོང་ལ་ཕྱིས་ཚར་བ་ཡིན་ས་རེད།
མི་སྐྱོན་ཁོང་ནམ་རྒྱུན་འདྲེ་ཡི་སྐོར་ལ་ཤོད་མཁན་ཞིག་རེད།
ཕན་ཐོགས་ངེས་རེད།
འདྲེ་དགུ།
མཐོ་རུ་མི་སྟེར་དམའ་བའི་འདྲེ། ཡོད་དུ་མི་སྟེར་མེད་པའི་འདྲེ། ཕྱུག་ཏུ་མི་སྟེར་དབུལ་བའི་འདྲེ། ཕན་དུ་མི་སྟེར་རྨང་པའི་འདྲེ། གང་དུ་མི་སྟེར་སྟོང་པའི་འདྲེ། ཆགས་སུ་མི་སྟེར་འཇིག་པའི་འདྲེ། ཡག་ཏུ་མི་སྟེར་ཉེས་པའི་འདྲེ། སྐྱིད་དུ་མི་སྟེར་སྡུག་པའི་འདྲེ། འཕེལ་དུ་མི་སྟེར་འགྲིབ་པའི་འདྲེ་དང་དགུའོ། མདོར་ན། འཇིག་རྟེན་པའི་ཚེ་འདི་ཡི་བདེ་སྐྱིད་ཀྱི་འཚོ་བར་བགེགས་བྱེད་ཅིང་རྣམ་དཀར་དགེ་བའི་ལས་ལ་བར་དུ་གཅོད་པའི་ཡིད་གཟུགས་ཅན་གྱི་སེམས་ཅན་ནོ། གཟི་བརྗིད་ལས།
གནས་པ་ས་གཞིའི་ཀློང་དུ་གནས། རྒྱུ་བ་ཕྱོགས་མཚམས་བརྒྱད་དུ་རྒྱུ། སྡོང་པ་མ་བླ་ཆུད་དང་སྡོང༌། གཏོང་པ་གློ་བུར་ཡེ་འགྲོག་གཏོང་པ་ལས་སོགས་བྱེད་དོ། འདི་ལ་སྲིད་པའི་འདྲེ་དགུ་ཞེས་ཀྱང་བརྗོད། སྲིད་པ་ཆགས་པ་ནས་སྲིད་པས་ན་སྲིད་པའི་འདྲེ་ཞེས་བརྗོད་དོ། དེ་དག་གིས་ལུས་ལ་འཁྲི་བ། བག་ལ་ཉལ་བ། ཚེ་ལ་རློམ་པ། སྲོག་ལ་འཇབ་པ། ལུས་དང་གྲིབ་མ་བཞིན་དུ་འཁོར་བའོ།
འདྲེ་བཅུ།
མོ་འདྲེ་བསེན་མོ། སྔར་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་ས་སྲི། ལམ་འདྲེ་འཁྱམས་པོ། སྔ་འདྲེ་སྣ་འདྲེ། ཕྱི་འདྲེ་གཏིང་ཕུལ། ཁྱིམ་འདྲེ་ཕུག་ཉལ། སྒོ་འདྲེ་གདོན་ཁྲིད། གོད་འདྲེ་གོད་སྲི་དང་བཅུའོ།
གཞན་ཡང༌། མི་རབས་ཀྱིས་རྨང་འདྲེ། ཕྱུགས་རབས་ཀྱིས་གོད་འདྲེ། ཕུ་ནུས་རུས་འདྲེ། ཉེ་བའི་བགོས་འདྲེ། ཤག་རོག་གི་མཛའ་འདྲེ། ཁྱིམས་མཚེས་ཀྱིས་བསྒྲེན་འདྲེ། བྲན་འཁོར་གྱིས་བགབ་འདྲེ་སོགས་ཀྱང་ཤིན་ཏུ་མང་ངོ༌།
དུང་དཀར་ཚིག་མཛོད། ༡༡༥༥ ནང་བོན་པོས་ཁས་ལེན་ཚུལ་གྱིས་བཤད་སྟངས་ཁྱད་མཚར་ཞིག་བྲིས་འདུག
འདྲེ་སྲིན་བྱུར་གསུམ། འདྲེ་ཙག་དྲ་བོང་མཆུ། སྲིན་མ་ཏྲང་རུ་ཏྲ། བྱུར་འབྱུང་པོ་སྣ་ཡོན། འདྲེ་ནི་སྐྱོབས་པའི་ལྷ་ལ་འགྲན་འཚོལ་བ། སྲིན་ནི་འགྲོ་བ་མི་ལ་བདུད་དུ་འབེབས་པ། བྱུར་ནི་བསྒྲུབ་པའི་གཤེན་པོ་རྣམས་ལ་བར་ཆོད་བརྩམས་པར་བྱེད་པའི་རིགས་ཀྱི་འགྲོ་བའོ།
ལ་སྟོད་བུ་ལགས། དེ་འདྲེའི་དབྱེ་བ་ཙམ་རེད། འདྲེའི་ངོ་བོ་གང་འདྲ་བཤད་འདུག
ཕལ་ཆེར་ངས་བཤད་རྒྱུ་དེ་ལས་འདའ་ཐུབ་རྒྱུ་མ་རེད་ཡ།
དེ་ལས་གཙོ་བོས་ཇི་ལྟར་བཀའ་བསྩལ་བ་བྱས་ན་ཡག་གི་རེད།
ལ་སྟོད་དང་། འཚོ་བྱེད་གཉིས་ཆར་དབྱེ་བ་དང་ངོ་བོ་གཉིས་འཁྲུལ་འདུག
དང་པོ་དེ་ཚོར་གཟིགས་ཙམ་གྱིས་དང་ལམ་སང་སྐད་ངན་མ་རྒྱབ།
གཞི་ནས་འདྲེ་ཟེར་བ་གང་འདྲ་ཞིག་འདུག་གང་འདྲ་ཞིག་རེད་ཅེས་བཤད་རྒྱུ་འཐོབ་རྒྱུ་རེད།
གཙང་པ་བ་ནི་གཙང་པ་རང་རེད།
ད་ངས་བཤད་།
གདོན་ཞེས་པའང་འདྲེ་དང་འདྲ་བའི་གཟུགས་མེད་ཀྱི་སེམས་ཅན་ཞིག་རེད་མ་གཏོགས་འདྲེ་ཡིས་གནོད་པ་ཙམ་ལ་ཟེར་གྱི་མ་རེད།
གདོན་ལའང་གདོན་གསུམ་དང།
གདོན་ལྔ།
གདོན་བཅུ།
གདོན་བཞི།
ལས་སོགས་ཤིན་ཏུ་མང་བས་ད་དེ་འདྲ་རང་མ་གསུང་རོགས།
གདོན་གསུམ་ནི། སྟེང་གདོན་དང༌། འོག་གདོན་དང༌། བར་གདོན་བཅས་གསུམ་མོ།
མང་པོ་མི་བཤད་མགོ་ཉོག་རོགས་རེད།
ཡ་ཡ། ད་འཚོ་བྱེད་ཀྱི་སྨན་གཞུང་དང་སྦྱར་ནས་གསུངས། ལ་སྟོད་ནས་བོན་གཞུང་དང་སྦྱར་ནས་གསུངས་ཡོད་དུས། ངས་འདྲེ་དེ་བརྡ་གསར་རྙིང་གི་འགྱུར་བའི་ཁྱད་པར་དང་སྦྱང་ནས་བཤད་པ་དང་། གདོན་དེ་རྟགས་འཇུག་གི་གཟུགས་འགྱུར་བའི་བྱ་ཚིག་དང་སྦྱར་ནས་གསུངས་པ་ནི་མོག་མོག་པོར་བྱས་སོང་། གང་ལྟར་གོ་རྒྱུ་འདུག ཁྱད་པར་དུ་འཚོ་བྱེད་ནས་གདོན་གྱི་བྱེད་ལས་དེ་གཞོན་ནུ་ལོ་ཆུང་ནང་དུ་རྩོམ་པར་བཤད་པ་དེ་ལ་དམིགས་བསལ་གྱི་གོ་རྒྱུ་འདུག་དྲན། བཅོས་ཐབས་སྐོར་ནས་ཀྱང་གསུངས་རོགས།
འོ་མ་འགྲིག་ཐལ། རང་གིས་རང་ལ་ཞེ་ས་རྒྱབ་པ་དེ། བརྒྱ་བྱིན་ཡིན་ཡང་མི་མཛེས་ཀི་ཟེར་བ་རེད། གོང་གི་ངའི་མཆན་ནང་དུ་རང་གིས་རང་ལ་ཞེ་ས་ཞིག་ཤོར་འདུག དགོངས་དག
གདོན་ནི་ཐེ་ཚོམ་གྱི་དོན་ཡིན། དཔེར་ན་གདོན་མི་ཟ་ལྟ་བུ།
དྲང་པོ་བཤད་ན། གཙང་ཁའི་བཤད་པར་རྒྱུ་མཚན་འདུག
ལ་སྟོད་ཀྱིས་ད་རིང་ཡང་༼གདོན་ཞེས་པའང་འདྲེ་དང་འདྲ་བའི་གཟུགས་མེད་ཀྱི་སེམས་ཅན་ཞིག་རེད་མ་གཏོགས་འདྲེ་ཡིས་གནོད་པ་ཙམ་ལ་ཟེར་གྱི་མ་རེད།
གདོན་ལའང་གདོན་གསུམ་དང།
གདོན་ལྔ།
གདོན་བཅུ།
གདོན་བཞི།
ལས་སོགས་ཤིན་ཏུ་མང་བས་ད་དེ་འདྲ་རང་མ་གསུང་རོགས།༽ཞེས་བྲིས་འདུག་ཏེ་གྲངས་ཀ་ཙམ་ལས་ངོ་བོ་ངེས་འཛིན་བྱས་མི་འདུག མ་ཚད་༼གདོན་གསུམ་ནི། སྟེང་གདོན་དང༌། འོག་གདོན་དང༌། བར་གདོན་བཅས་གསུམ་མོ།༽བཤད་པ་ཡང་དེ་དང་གཅིག་འདྲ་རེད།
ངོ་ཚོ་འདྲེ་གང་འདྲ་ཞིག་ངེས་འཛིན་བཟོ་དགོས།
མིག་ལགས།
ངོ་མ་རེད་ངས་འདྲེ་ཡི་རྣམ་གྲངས་ཙམ་རགས་བསྡུས་ཙམ་ལས་དབྱེ་བ་རེ་རེ་བཞིན་དུ་དུས་ཚོད་ཀྱིས་འབྲི་ལོང་མ་བྱུང།
གལ་ཏེ་ཐུགས་མཁོ་ཡོད་ཚེ་བྲིས་ཡོང།
དེ་ག་ནང་བཞིན་གདོན་གསུམ་པོའི་མཚན་གཞི་ཡང་རེ་རེ་བཞིན་འཇོག་དགོས་ན་འཇོག་རྒྱུར་གྲྭ་སྒྲིག་ཡོད།
འོན་ཀྱང་ཅུང་བྲེལ་ཚུབ་ཀྱིས་རྐྱེན་པས་འབྲི་ཁོམས་མ་བྱུང།
ཁྱེད་རྣམས་ལ་ཐུགས་མཁོ་དང་ཐུགས་སྣང་ཡོད་ན་ཕུལ་ཆོག
གཞོན་ནུ་ཟླ་མེད་ལགས།
ཁྱོད་གཞོན་ནུ་བློ་གསར་རིག་གསར་ཤེད་གསར་ལ་དེ་ཙམ་གྱིས་མོག་མོག་པོར་ཆགས་སྲིད་དམ།
ལེགས་པར་གཟིགས་དང་གསལ་དུ་འགྲོ་ངེས་མ་ཟད་མོག་མོག་ཞིམ་པོ་ཡང་འབྱུང་སྲིད།
ཨ་ཀུ་རྩེད་ཞུས་ཡིན་དཱ།
ཨོ་ཧོ་ཧོ།
ད་ཡིན་ན་་་་བཤད་བཤད་གི་མཐའ་མར་་་མི་ཁག་ཅིག་གི་འགྲེལ་བཤད་ནི་ཟླ་བའི་ལྷ་མོ་དང་ཟླ་བའི་རི་བོང་གི་རྗེས་སུ་འགྲོ་བ་དང་འདྲ་སེ་འདུག
ཤོད་རྒྱུ་ངོ་བོ་མི་ཤོད་པར་་་མི་ཤོད་རྒྱུ་རྣམ་གྲངས་དང་སྤྱི་བག་ཙམ་ཞིག་ལ་མུར་མུར་བྱེད་བཞིན་འདུག
ངོ་བོ་ངོས་འཛིན་མ་ཐུབ་ན་རྣམ་གྲངས་དང་དབྱེ་བ་ག་ཚད་ཤོད་ཀྱང་་་རིའི་རྒྱལ་པོ་རི་རབ་གི་སྐེད་པ་ནས་ཉི་ཟླ་གཉིས་བསྐོར་བ་རྒྱབ་དང་འདྲ། མཐར་རུས་སྦལ་གི་སྤུ་དང་ནམ་མཁའི་མེ་ཏོག་བཞིན་ཡིན།
ཡིན་ན་ཡང་། གཞོན་ནུས་རང་གི་རིག་སྟོབས་ལ་བརྟེན་ནས་ཕྱོགས་ཙམ་ངོས་བཟུང་ཐུབ་པ་ནི་རིན་ཐང་ལ་རྩིས་དགོས་གི་རེད།
ད་འོ་ན་་་ཁྱེད་ཚོས་ཅིག་ཤོད་དང་།
འདྲེ་ཟེར་བ་དེ་་་་ང་ཚོ་མི་་མ་གཏོགས་དུད་འགྲོ་རྟ་དང་ཁྱི་ཕག་ལ་སོགས་པའི་ནང་ན་ཁྱིའི་འདྲེ་དང་།ཕག་གི་འདྲེ་ཟེར་བ་ཞིག་མེད་པ་ག་རེ་ཡིན་ནམ།
མདོ་ལྷ་ཁམས་པས་མི་མ་ཡིན་པའི་འདྲེ་མེད་པ་འདྲ་ཞིག་གསུངས་པ་དེ་མ་ཡིན་པ་འདྲ། སྔོན་མ་ངའི་ཁྱིམ་ཚང་ལ་རྟ་རྒན་ཁམ་པ་ཞིག་ཡོད། རྟ་རྒན་དེ་རྒས་དྲགས་ནས་བེད་སྤྱོད་མེད་པར་བཞག་ཡོད་པའི་དབྱར་དུས་ཀྱི་དགོང་མོ་ཞིག་ལ་ཁྱིམ་དང་ཐག་ཉེ་ས་ཞིག་ཏུ་སྤྱང་ཀིས་བསད་འདུག ངའི་སྲིང་མོས་བཤད་ན་མཚན་མོའི་དུས་སུ་མཚམས་མཚམས་སུ་རྟའི་མཚེར་སྐད་རིང་པོ་དྭངས་ལ་རྣོ་བ་སྙིང་གི་ནང་དུ་ཟུག་ཡོང་བ་ཞིག་སྔོན་མ་རྟ་རྒན་བསད་ས་དེའི་ཕྱོགས་ནས་གྲག་ཡོང་གིན་འདུག་ཟེར།
དེ་བཞིན་ངེད་ཚོའི་ས་ཆ་རུ་མཚན་མོ་ཞིག་ལ་རྒྱ་མི་རླངས་འཁོར་ཞིག་གཡངས་ལ་འདྲིལ་སོང་། མི་ཁ་ཤས་ཤིག་བསད་འདུག ཁ་ལོ་བས་བཤད་ན་ཁོའི་རླངས་འཁོར་གཡངས་ལ་འདྲིལ་དོན་ནི་ལམ་དུ་ཕག་ཧ་ཅང་མང་པོ་ཞིག་གཤར་འགྲོ་བཞིན་འདུག་པས་དེ་ལ་གཡོལ་འདོད་བྱས་པ་ལམ་འགྲོ་མ་བྱུང་ནས་ལམ་འོག་ཏུ་ལྷུང་སོང་ཟེར་གྱིན་འདུག་ཟེར། དོན་ངོ་མར་ས་ཆ་དེར་ཕག་མེད་པ་རེད། དེ་ཡིན་དུས་ཕག་འདྲེ་ཡང་ཡོད་པ་འདྲ།
བྱི་འདྲེ། གླང་འདྲེ། སྟག་འདྲེ། ཡོས་འདྲེ། འབྲུག་འདྲེ། སྦྲུལ་འདྲེ། རྟ་འདྲེ། ལུག་འདྲེ། ད་དུང་་་་་་་་་་་
བྱི་འདྲེ། གླང་འདྲེ། སྟག་འདྲེ། ཡོས་འདྲེ། འབྲུག་འདྲེ། སྦྲུལ་འདྲེ། རྟ་འདྲེ། ལུག་འདྲེ། ད་དུང་་་་་་་་་་་
སེམས་ཅན་གང་ཞིག་གི་སྐད་རྒྱབ་པ་དེ་སེམས་ཅན་དེ་ཡི་འདྲེ་ཡིན་པར་ངོས་འཛིནབྱེད་ཀྱིན་འདུག
མི་ཡི་སྐད་རྒྱབ་དུས་མི་ཡི་འདྲེ།
དེ་འདྲ་ཡིན་ན་འདྲེ་དང་མི་གཉིས་གཞི་མཐུན་པ་ཡོད་པ་དང།
དེ་བཞིན་རིགས་འདྲེས།
རེད།
སྤོབས་པས་འདྲེ་ཡོད་པའི་མི་ཚད་རྟ་འདྲེ་དང་ཕག་འདྲེ་ཡང་ཡོད་པ་ཐག་གི་བཅད་སོང་། ཨོ་ན་འགྲིག་གི་རེད། གལ་ཏེ་རྟ་འདྲེ་དང་ཕག་འདྲེ་ཡོད་པས་དབང་དུ་ཐོངས། འདྲེ་སྒྲུང་ཤོད་མཁན་ཕལ་མོ་ཆེས་བཤད་པའི་འདྲེ་རྣམས་ནི་ན་གཞོན་དང་དར་མ་ཡིན་པ་དང་། གནོད་ཚེ་གཏོང་སའི་མི་དེ་ཡང་ཧ་ལམ་ལོ་ན་གཞོན་གཞོན་ཤ་ཡིན་པ་འདྲ་ཞིག་ཡིན་པ་དེར་གམིགས་འགྲེལ་བཤད་ཅིག་ཡོད་དམ།
ད་རུང་མི་རྒན་ལོ་བརྒྱད་ཅུ་དགུ་བཅུ་ཅན་ལ་གྱི་འདྲེ་སྒྲུང་ཤོད་རྒྱུ་ཉུང་བ་དང་། འདྲེ་ཡིན་ན་ཡང་ལོ་ན་བརྒྱད་ཅུ་དགུ་བཅུ་ཅན་གནོད་པ་བྱས་པའི་སྒྲུང་ཤོད་ཡག་མེད་པ་ག་རེ་རེད།
རྒྱུ་མཚན་འདི་ཚོ་ལ་བརྟག་ན་འདྲེ་སྒྲུང་ནི་ལོ་གཞོན་བྱིས་པ་ཚོར་འཇིགས་སྣང་དང་དངངས་སྐྲག་སྐུལ་བྱེད་ཅིག་ལས་དོན་དངོས་ཐོག་སོ་སོའི་སེམས་ནང་གི་འཇིགས་སྐྲག་དེ་མིག་ལམ་དུ་འཆར་བ་དང་རྣ་ལམ་དུ་ཐོས་པ་ཞིག་ཡིན་པ་འདྲ། སྐྲག་སོང་ན་ཐག་པ་ཁྲ་ཁྲ་སྦྲུལ་དུ་མཐོང་བ་དང་མཚན་མོའི་བྱ་སྐད་ཡང་མི་ལ་གོ་གི་རེད། དེ་འདྲ་བ་མང་པོ་ཡོད་རེད། དཔེ་དེ་ནང་བཞིན་རེད། གཞན་པ་ཅང་མ་རེད།
ལ་སྟོད་ཀྱིས་༼ལྷ་དང་ལྷ་མ་ཡིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེངས་བྱེད། རོ་ལངས་། མཚུན་ལྷ། བླ་མ། དྲང་སྲོང། རྒན་པོ། གྲུབ་པ་བཅས་བཅོ་བརྒྱད་པོ་༽་གདོན་མ་རེད། བཅོ་བརྒྱད་པོ་ནི་གདོན་གཏོང་མཁན་དང་། དེ་དག་གཏང་བའི་གནོད་པ་ལ་གདོན་ཞེས་བཏགས་པ་རེད། ཅེས་ཟེར་གྱི་འདུག་པས། དེར་མི་འཐད། འབྱུང་པོ་འདི་དག་གི་བྱ་སྤྱོད་ཕྱིན་ཅི་ལོག་ཏུ་གྱུར་ནས་གནོད་འཚེ་ཡི་ལས་བྱེད་པའི་ཚེ་གདོན་རང་དུ་གྱུར་ཚར་བ། དཔེར་ན། མི་ཞིག་གིས་རྐུ་བྱས་ཚེ་དེར་རྐུན་མ་ཟེར་བ་དང་གཅིག་པ་ཡིན། འབྱུང་པོ་དེ་དག་གིས་བཏང་པའི་གནོད་པའམ་མཐུ་ལ་གནོད་པ་ཟེར་བ་མ་གཏོགས་གདོན་མི་ཟེར། ཁ་སྐད་དུ་མི་ཞིག་གིས་བྱ་ཉེས་སྤྱོད་སྤེལ་ཚེ་དེར་གཞན་ཚོས་མི་དེ་ལ་གདོནཟིག་འདྲ་བོའམ་མི་དེ་གདོན་འདྲ་གདོན་རེད་ཟེར་བ་དང་གཅིག་བཚུངས་ཡིན།
ངས་བོད་ནང་བོད་སྨན་སྦྱང་སྐབས། དགེ་རྒན་གྱི་གསུང་ཞིག་དྲན་གི་འདུག ཁོང་གིས་གདོན་ཟེར་བ་་འདི་མི་ཡི་རྣམ་རྟོག་གིས་བཟོས་པའམ་ང་ཚོའི་སེམས་ནས་ཐོན་པའམ་གདོན་དེ་ཡོང་བའི་འཛིན་རྒྱུ་མེད་པའི་གནོད་འཚེ་བྱེད་མཁན་གྱི་ནུས་གཟུགས་ཤིག་རེད་ཅེས་བརྗོད་བྱུང་བས། མི་གང་ཞིག་གི་རླུང་རྟ་བསོད་ནམས་དབང་ཐང་བཅས་ཉམས་ཞན་དུ་གྱུར་སྐབས་ གདོན་གྱི་གནོད་པ་ཐེབས་པའམ་གདོན་གྱིས་བཟུང་སླ་བ་ཞིག་རེད། དཔལ་ལྡན་རྒྱུད་བཞིའི་འབྱུང་གདོན་གྱི་རྒྱུ་རྐྱེན་སྐབས། རྒྱུ་རྐྱེན་སྡིག་པ་མི་དགེའི་ལས་མང་སྤྱད། གྲོགས་མེད་ཡ་ང་གཅིག་པུར་བསྡད་པ་དང་། མཆོད་འོས་ཆག་དང་མྱ་ངན་གདུང་ལ་སོགས། མི་འཚམས་ལུས་ངག་འགལ་ལས་འཇུག་པར་འགྱུར། ཅེས་དང་། ཡང་ཡན་ལག་བརྒྱད་པའི་ནང་དུ། བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། མཆོད་འོས་རྣམས་ནི་ཉེས་པ་དང་། གཞུང་ལུགས་ཉམས་པ་དེ་དག་ནི། གདོན་ནི་གླགས་སྐབས་འཚོལ་བྱེད་པས། ལྷ་ལ་སོགས་པས་རྫས་གནོད་བྱེད། ཅེས་པ་ལྟར་རོ།
འབྱུང་གདོན་དེ་དག་གི་བཅོས་ཐབས་ནི། ་་་སྔགས་བཟླས་གཏོར་མ་སྦྱིན་སྲེག་དང་། ཀློག་འདོན་མཉམ་འཇོག་བསྙེན་བསྒྲུབ་ཚོགས་བསགས་པས། འབྱུང་པོའི་གདོན་ནི་ཞི་བར་བྱེད་པ་ཡིན། ཞེས་པ་ལྟར་རོ། འདིའི་ནང་གཏོར་བཅོས་ནི་གལ་ཆེན་ཞིག་ཡིན་པས་གཏོར་མ་གཏོང་ཚུལ་དེ་ཡང་མི་འདྲ། ལྷ་དང་བླ་མ། དྲང་སྲོང་། གྲུབ་པ། རྒན་པོའི་གདོན་ལ་ལྷ་ཁང་ངམ་མཆོད་ཁང་དུ་བཏང་ན་ས་ལྷ་ལ་གཏོར་མ་བྱང་དུ་སྐྱེལ་བ། ལྷ་མིན་ལ་ནུབ། དྲི་ཟ་ལ་ལམ་བཞི་མདོར། ཀླུ་དང་མཚུན་ལྷ་ལ་ཕུ་ཆུ་སོགས་འབབ་ཆུའི་འགྲམ། གནོད་སྦྱིན་ལ་ཕུ་ཆུ་གཉིས་པའི་སར། སྲིན་པོ་ལ་ལམ་བཞི་འདོར། ཚངས་པ་ལ་ཤར་དུ། ཤ་ཟ་ལ་ནུབ་ཀྱི་ཁང་སྟོང་དུ་གཏོང་སྐྱེལ་བྱེད་དགོས་པ་ལ་བལྟས་པ་ཙམ་གྱིས་གདོན་དེའི་ངོ་བོ་གནས་ལུགས་ཡང་ཅུང་ཟད་ཤེས་ཐུབ།
གདོན་གྱི་མཚན་ཉིད་དེ་མན་ངག་རྒྱུད་ཀྱི་གདོན་གསོའི་ལེའུར། མཚན་ཉིད་འབྱུང་པོ་མི་མ་ཡིན་ལ་སོགས། ལུས་ངག་ཡིད་ལ་ཞུགས་ནས་སྤྱོད་པ་སྒྱུར། ཞེས་པ་ལྟར་རོ།
མི་རིགས་གཞན་པ་རྒྱ་དཀར་ནག་དང་། བལ་པོ། ཨིན་དི་ཉི་་ཞི་ཡ། ཧ་ཝ་དབྱི་སོགས་ལ་ལྷ་སྒྲུང་དང་འདྲེ་སྒྲུང་མང་པོ་ཞིག་ཡོད་པར་གསོན་འདྲེ། ཤི་འདྲེ། ཕྱུགས་འདྲེ་བཆས་སྣེ་མང་ཞིག་འདུག
དག་བཅོས།
བྱ་ཉེས་སྤྱོད་ཉེས། ཕུ་ཆུ་གཉིས་འདྲེས་པའི་སར། བཅས།
སྤོབས་པ་མཐའ་ཡས་ཀྱིས་འདྲེ་སྒྲུང་སྙན་པོ་ཞིག་བྲིས་འདུག གཞོན་བུ་ཟླ་མེད་ཀྱིས་ཀྱང་འདྲེ་སྒྲུང་སྙན་མོ་ཞིག་བྲིས་འདུག གཞོན་ནུ་ཟླ་མེད་འདིས་ཁ་བརྡ་སྙན་མོ་རྐྱང་བྱེད། འདྲེ་འདུལ་སྟངས། རི་སྐྱེས་ཚོད་མའི་རིགས། བོང་ལིའི་སྐོར། ཁ་ཟས་ཀྱི་རིགས། ཆོས་དང་འཇིག་རྟེན་གང་ཡིན་ནའང་འདི་ལ་མི་ཤེས་ཟེར་བ་ཞིག་མི་འདུག འདིའི་ཁ་ལ་གཅེར་བསྡད་ན་ཉི་མ་ཡང་ཅི་ལྟར་སོང་བ་མི་ཤེས་གི
འདྲེ་ཡི་མིང་ལ་དབྱིན་སྐད་དུ་འདྲེ་མོན་ཟེར། གྷི་རིག ལ་ཏིན། ཧྥ་སྐད་སོགས་ཚང་མ་གཅིག་ནས་གཅིག་ལ་ཟུར་ཆག་པ་ཡིན་འདུག དེ་ཚོ་ཚང་མའི་སྒྲ་གདངས་ལ་ཅུང་ཟད་ཁྱད་པར་ཡོད་པ་འདྲ། ཡིན་ནའང་། ཡི་གེ་དང་པོ། འདྲེ་ཟེར་བ་དེ་ཕལ་ཆེར་གཅིག་མཚུངས་ཡིན་པ་འདྲ།
གྷི་རིག་གི་རིག་གཞུང་གིས་ཡོ་རོ་ཨེ་ཞི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ཡོ་རོ་ཨེ་ཞི་ཡའི་རིག་གཞུང་གིས་བོད་ནང་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། ཡིན་ན་ཡང་། བོད་མིང་འདྲེ་ཟེར་བ་དེ། གོང་གསལ་གྱི་མིང་ནས་ཟུར་ཆག་པ་ཡིན་མིན་མི་ཤེས། འདྲ་བའི་ཆ་ཅུང་ཟད་འདུག
འདྲེའི་སྐོར་འདི་བོད་པ་གཅིག་བུ་མ་རེད་ལ། ཆོས་ལུགས་ཁས་ལེན་མིན་ལ་ཡང་ཐུག་མི་འདུག ང་ཨ་རི་ནས་འདྲེ་འདུལ་ས་ཁ་ཤས་ལ་སོང་མྱོང་། མགོ་སེར་ནང་དུ་སོང་མྱོང་ལ། མགོ་ནག་ནང་དུ་ཡང་སོང་མྱོང་། ཆོས་ཁས་ལེན་པའི་ནང་དུ་སོང་མྱོང་ལ། ཆོས་ཁས་མི་ལེན་པའི་ནང་དུ་ཡང་སོང་མྱོང་། མང་ཆེ་བས་འདྲེ་བཤད་དུས་རང་རེའི་ཕ་ཡུལ་ན་བཤད་ཀྱི་ཡོད་པ་ཅི་བཞིན་བཤད་ཀྱི་འདུག
ངས་འདི་ནས་ཆོས་ཁས་མི་ལེན་མཁན་ཁྱིམ་ཚང་ཞིག་གི་སྐོར་ནས་བཤད། དེ་ཚང་གི་བུ་ལོ་བཅོ་ལྔ་ལོན་པ་དེ་འོག་གི་ཁང་པའི་ནང་དུ་ཉལ་བཞིན་ཡོད། བུ་མོ་ལོ་བཅུ་གསུམ་ཅན་པ་དེ་སུམ་ཐོག་གི་ཁང་པ་ན་ཉལ་བཞིན་ཡོད། ཕ་མ་གཉིས་ཀྱང་སུམ་ཐོག་ན་ཉལ་བཞིན་ཡོད། རྨོ་རྨོ་ནི་ཉིས་ཐོག་ན་ཉལ་བཞིན་ཡོད།
མཚན་མོ་ཆུ་ཚོད་བཅུ་གཉིས་ལ་བུ་དེའི་གློག་ཀླད་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ། གློག་ཀླད་ཀྱི་རྒྱབ་ནས་ལག་པ་ཞིག་ཚུར་བསྐྱངས་ཡོང་། ཁོ་རང་ཞེད་ཐག་ཆོད་ནས་ཨག་སྐད་ཞིག་བརྒྱབ་པ་ཕ་མ་གཉིས་ཀྱིས་ཐོས། ཕ་མ་གཉིས་རྒྱུགས་ཡོང་ནས་བལྟས་པ་ན་བུ་དྲན་པ་འཐོར་ཡོད་པ་མཐོང་། ཛ་དྲག་གི་སྨན་ཁང་ལ་བསྐྱལ་ནས་དྲན་པ་སོས་རྗེས་བུས་རང་གིས་གང་མཐོང་བ་དེ་བཤད། དེ་ནས་ཉིན་ཤས་རྗེས་སུ་སུམ་ཐོག་སྟེང་གི་བུ་མོའི་ཉལ་ཁང་ལ་འདྲེ་དེ་སླར་ཡང་ཡོང་། གྱོན་གོས་འཇོག་ས་ནས་བུ་མོ་ལ་ལྡིར་ནས་བལྟས་བསྡད་པས། བུ་མོ་ངུ་ཞོར་དུ་ཉིས་ཐོག་ནང་དུ་བྲོས་ནས་རྨོ་རྨོའི་རུམ་ལ་འཛུལ།
ནག་གི་ཨ་མ་ནི་སྨན་ཁང་ཆེན་པོ་ཞིག་གི་སྨན་པ་ཡིན་པས། ཁྱིམ་ཚང་གི་བྱུང་བ་དེ་སྨན་ཁང་ནས་སེལ་མི་ཐུབ་པ་ཤེས། དེ་ནས་རོགས་པ་དེ་ཚོ་ལ་རང་གི་ཁྱིམ་ཚང་ནང་བྱུང་བའི་རྐྱེན་ངན་དེ་བཤད། ཡར་བཤད་མར་བཤད་བྱས་རྗེས་སུ། མི་ཞིག་གིས་ནང་ཆོས་ཀྱི་ལམ་ནས་གཅིག་བྱས་ན་སེལ་ཐུབ་པའི་གྲོས་འགོ་བཏོན་འདུག དེ་ནས་ང་སྐད་བཏང་བ་རེད།
ངས་འདྲེ་མ་འདུལ་སྔོན་ལ་ནང་མི་རྣམས་ཁ་མ་འཆམ་པར་གྱུར། རྨོ་རྨོས་བཤད་ན་དེ་ནི་ལོ་དྲུག་གི་སྔོན་ནས་གྲོངས་ཟིན་པའི་མོ་རང་གི་ཁྱོ་ཀ་རེད། སྔོན་མ་ནས་ཁང་པ་ནང་དུ་འདུག བྱིས་པ་ཚོས་ད་ལོ་ནས་མཐོང་བའི་འགོ་བཙུགས་པ་རེད། ཡིན་ན་ཡང་མོ་རང་མ་གྲོངས་པར་དུ་འདྲེ་ཕྱི་ལ་ཕུད་མི་ཆོག གང་ཡིན་ཟེར་ན་ཁང་པ་འདི་ངེད་གཉིས་ཀྱི་ཁང་པ་ཡིན་ཟེར། འོན་ཀྱང་ཨ་མ་གཉིས་ཀྱིས་བཤད་ན་ཕ་ལགས་ཡིན་ན་ཡང་ཤི་ཟིན་པས་ཁྱིམ་ཚང་འདིར་བསྡད་མི་ཆོག་ཟེར། ཕྱི་ལ་ཕུད་དགོས་ཟེར།
གྲོགས་པོ་ཚོ། ཁྱོད་ཚོས་བསམ་ན་འདྲེ་དེ་རྨོ་རྨོས་བཤད་པ་ལྟར་ཁང་པ་ནས་མུ་མཐུད་འཇོག་དགོས་སམ། ཡང་ན་ནང་མི་དང་ལྷག་པར་དུ་བྱིས་པ་ཚོའི་བདེ་སྡུག་ལ་བསམ་ནས་ཕྱི་ལ་ཕུད་དགོས།
ཨ་མ་མ། ཟླ་མེད་ཟླ་མེད་རང་རེད། དེ་འདྲའི་ལོ་རྒྱུས་སྙན་པོ་བཤད་རྒྱུ་འདུག་ཨང་།
ཟླ་མེད། འདྲེ་དང་ནང་མི་གཉིས་བར་ཁ་ཆད་ཅིག་བྱོས། བདུན་རེའི་གཟའ་ཞིག་གཏན་འབེབས་ཀྱིས་དེ་ཉིན་འོངས་ཆོག་རྒྱུ་དང་། འོངས་ས་ཡང་འདྲེའི་ནག་མོའི་ཁང་མིག་ནང་མ་གཏོགས་ཡོངས་མི་ཆོག་རྒྱུ་བཟོས། དུས་ཡུན་ཆུ་ཚོད་གསུམ་མམ་བཞི་སྡོད་ཆོག དེའི་སྐབས་བྱིས་པ་སོགས་རྨོ་མོའི་ནང་དུ་འོངས་མི་ཆོག་ལ་གལ་སྲིད་འོངས་ནའང་ངུ་སྐད་སོགས་ཀྱིས་འདྲེ་ལ་བག་མི་ཕེབས་པ་མི་བཟོ་རྒྱུ་བྱོས། ཁྲིམས་དེ་དག་དང་སུ་འགལ་ཡང་ཟླ་མེད་ནས་ཨ་སྒོར་བཅུ་རེ་ལེན་རྒྱུ་བྱས། ཨ་སྒོར་ ༡༠༠ རེ་ལོང་མཚམས་མེ་ཏོག་ང་ལ་བསྐུར་རྒྱུ་བཅས་བྱས་ན་རང་གཞན་ཚང་མར་ཕན་ངེས་རེད།
ཨ་རོོ་་་ཟླ་མེད་ལགས།
ཁྱེད་ག་ཡང་འདྲེ་ཟེར་བ་དེར་ཡི་ཆེས་བརྟན་པོ་ཡོད་མཁན་ཞིག་རེད་པྭ།
ད་ལྟ་ཤོད་མ་ཐག་པའི་སྒྲུང་དེ་གློག་བརྙན་ནས་མཐོང་བ་དང་་་ཡང་ན་དེབ་ཐོག་ནས་ཀློག་རྒྱུ་བྱུང་བ་མིན་ནམ།་་ དེ་མིན་ན་ཁྱེད་གིས་ལྗགས་རྩོམ་གནང་ནི་འདྲ་ཡིན་རྒྱུ་མ་རེད།
ཨ་ལེ་་ཀུ་རེ་ཡིན།
འདྲེ་སྒྲུང་་པ་ལེ་པི་ལེ་དེ་འདྲ་མི་ཁ་བདེ་བོ་དེ་ཚོས་ལམ་སེང་བསྒྲིག་ནས་ཤོད་གི་རེད། ད་དུང་ཨ་ཁུ་སྟོན་པའི་སྒྲུང་ཡང་དེ་འདྲ་རེད།
སྔོན་མ་ངས་ཀྱང་ ་་་སློབ་གྲྭའི་ཐོན་རྒྱུགས་སྐབས་ལ་བྱིས་སྒྲུང་ཞིག་འབྲི་དགོས་པ་དེའི་ཚབ་ལ་ཨ་ཁུ་སྟོན་པའི་སྒྲུང་དགོད་བྲོ་བོ་ཞིག་འབྲི་རྩོམ་བྱས་པ་ཡིན། དཔེ་དེ་བཞིན་རེད། འདྲེ་སྒྲུང་དང་ཨ་ཁུ་སྟོན་པའི་སྒྲུང་དེ་ཚོ་མི་སུས་བཟོ་འཟོ་འདྲ་ཞིག་མ་རེད་པས།
ཨ་རོ་་་མེ་ཏོག་ལགས་་་ཁྱོད་ལའང་འདྲེ་སྒྲུང་ཡོད་ན་ཅིག་ཤོད་དང་།
ད་གཞོན་ནུ་དྲིན་ཆེན་པོ། ཁྱོད་དངོས་གནས་ཆོས་པ་ཞིག་ཡིན་ན། ནང་གི་ཨ་མྱེས་འདས་པོ་དེ་རང་གི་ནང་ནས་ཕྱིར་འབུད་བཏང་བ་ཡིན་ན་དེ་འདྲའི་ལས་རྒྱུ་འབྲས་དང་མི་འཚམས་པ། དྲང་བདེན་མིན་པའི་བྱ་བ་ཞིག་གང་ན་ཡོད། ཁྱོད་ཤི་ན་དམྱལ་བ་མ་གཏོགས་འགྲོ་ས་ཡོད་པ་མ་རེད། ཨ་ཞི་ལེ།
འདྲེ་ངོ་མ་དེ་ནང་གི་ཨ་མྱེས་མ་རེད། ཨ་མྱེས་ཀྱིས་ལག་པ་ཞིག་བསྲིངས་པ་ཙམ་དང་མིག་ཅིག་ཅེར་བ་ཁོ་ན་ལ་ཞེད་པའི་ ་་ཞེད་སྣང་་ དེ་རེད། ཞེད་སྣང་གི་འདྲེ་དེ་མེད་པ་བཟོ་ཐབས་ལ་བྱིས་པ་གཉིས་ལ་རོགས་རམ་བྱེད་ཐུབ་ན་བཟང་།
ཁོང་ཚོ་སྔར་བཞིན་ནང་གཅིག་ཏུ་འཆམ་པོ་མཐུན་པོ་བྱས་བསྡད་ཐུབ་ན་ཤི་གསོན་གཉིས་དགེ་རེད། གསོན་པོ་ཚོའི་ངོ་བལྟས་ནས་ཤི་བོ་ཚོར་དྲང་མོ་མ་བྱས་ན། དེ་ཆོས་དང་མཐུན་པ་ཞིག་ཡིན་མིན་མི་ཤེས་ར། དེ་འདྲ་མཉམ་ཞིག་མ་རེད།
ད་གཞོན་ནུ་འདིས་ང་འཐོམས་བཅུག་སོང་། ཆོས་ཁས་ལེན་མི་ལེན་ཟེར་བ་དེ་ངས་མགོ་ཚོས་མ་སོང་།
འཛམ་གླིང་འདིར། ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་པ་རེ་རེ་བཞིན་གྱི་ནང་ཁས་ལེན་ཐུབ་པ། མི་ཐུབ་པ། ཡིད་ཆེས་རྙེད་ཐུབ་པ། ཡིད་ཆེས་རྙེད་མི་ཐུབ་པ། ཚན་རིག་དང་མཐུན་ས། མི་མཐུན་ས་མང་པོ་ཞིག་གཡག་རྒྱབ་ཀྱི་ཁུ་ལུ་བཞིན་འཛིངས་བསྡད་ཡོད་པ་རེད་འདོད། དེར་བརྟེན། མི་ཞིག་གིས་ང་ལ་ཁྱོད་ཆོས་ལ་ཡིད་ཆེས་ཡོད་མེད་དང་ཆོས་ཁས་ལེན་མིན་སྐད་ཆ་དྲིས་ན་ངས་ལན་འདེབས་ཤེས་ས་མ་རེད། ཨ་དྲིན་ཆེན་པོ། དགེ་བཤེས་ཀླད་མཁྲེགས་འདི་ཚོས་མཚམས་རེར་རིགས་ལམ་ཡིན་ན་གཅིག་བཏང་ནས་ཞིབ་ཚགས་ཞེད་པོ་བྱེད་ཁུལ་བྱེད། མཚམས་རེར་སྤོམ་བཤད་རྐྱང་བཤད་ནས་མི་འཐོམས་འཇུག
ཡ་ཡ། དྲ་གྲོགས་མེ་ཏོག་དང་། མགོན་ཕྱག མདོ་ལྷ་སོགས་ཀྱིས་བསམ་ཚུལ་བཏོན་པ་ཐུགས་རྗེ་ཆེ། ངའི་དྲི་བའི་གཙོ་བོ་དེ་གང་རེད་ཟེར་ན། གནས་ཚུལ་དེའི་སྟེང་ན་ཨ་རིའི་ཁྲིམས་ལུགས་ཐོག་ན་འགལ་བ་ཞིག་ཡོད་པ་དེ་རེད། མང་གཙོ་ཞེས་བཤད་ན་འདྲེ་དེ་ཕྱི་ལ་བཏོན་དགོས། རྒྱུ་མཚན་ནང་མི་ལྔ་ལས་བཞི་འདྲེ་དེ་ཕྱི་ལ་འདེད་དགོས་པའི་བསམ་ཚུལ་འདོན་མཁན་ཡིན། ཡང་ཁང་པའི་བདག་དབང་གི་ཁྲིམས་ལུགས་ཐོག་ནས་བཤད་ན་འདྲེ་དེ་ཕྱི་ལ་ཕུད་མི་ཆོག རྒྱུ་མཚན་ཁང་པ་དེའི་བདག་དབང་འདྲེ་ཕྱི་ལ་བདའ་འདོད་མེད་པའི་རྨོ་རྨོ་དེ་ལ་ཡོད། འགལ་བ་དེ་འདྲའི་སྐབས་སུ། ངས་ག་རེ་འཚོལ་བཞིན་ཡོད་ཟེར་ན། འཇིག་རྟེན་མི་སྡེའི་ཀུན་སྤྱོད་དང་མི་འགལ་བའི་ཐོག་ནས་ཕྱོགས་གཉིས་ཀའི་དཀའ་ངལ་སེལ་ཐབས་ཞིག་འཚོལ་བཞིན་ཡོད།
རེད་མགོན་ཕྱག་གི་བཤད་པ་དེར་ང་ཡང་མོས་མཐུན་ཡོད་མོད། ཤི་གསོན་གཉིས་ཀ་ཁྱིམ་གཞི་གཅིག་ལ་དགའ་སྐྱིད་ཀྱི་འཚོ་བ་རོལ་སྟངས་ཀྱི་ཐབས་ལམ་དེ་ད་དུང་ང་ལ་རེག་གི་མི་འདུག བྱིས་པ་གཉིས་ལ་སློབ་གསོ་ག་ཚོད་རྒྱབ་ན་ཡང་། ནམ་གུང་ཁང་པའི་ནང་ནས་གོམས་པ་བརྒྱབ་ཡོངས་པའི་སྒྲ་དེས་ཞེད་སྣང་སྐྱེ་བཅུགས་ནས། བྱིས་པ་གཉིས་ལ་སློབ་སྦྱོང་ཕར་ཞོགས། ནང་ནས་ཀྱང་སྡོད་ཐུབ་ཀྱི་མི་འདུག་ཟེར། ཕ་མ་གཉིས་ལ་ཕལ་ཆེར་འཇིགས་སྣང་ཆེན་པོ་མེད་པ་འདྲ། རྨོ་རྨོ་ལ་ནམ་གུང་ཁང་པའི་ནང་གི་གོམས་སྒྲ་དེ་སྒྲ་སྙན་ཞིག་དང་མཚུངས་པར་སྤྲོ་སྣང་སྦྱིན།
ངས་ཀྱང་བྱིས་པ་གཉིས་ལ་ཐབས་ཤེས་གང་ཡོང་གིས་འདྲེ་དེ་ཕྱི་ན་ཡོད་པ་མ་རེད་ནང་ན་ཡོད་པ་རེད། ནང་གི་མ་ཟད་ནང་རང་གི་སེམས་སྟེང་ན་ཡོད་པ་རེད་སོགས་ཟེར་ན་ཡང་། སྐད་ཆ་དེའི་རིགས་ལ་བྱིས་པ་ཚོས་ཡིད་ཆེས་ཞིག་ག་ལ་བྱེད། བྱིས་པ་ཚོས་ཕྱི་ན་ཡོད་པར་མ་ཟད་ཁང་པའི་ནང་དུ་གོམས་པའི་སྒྲ་གྲགས་ཡོང་གི་ཡོད་པ་དེ་ཁྱོད་རང་གི་སྣ་བ་འོན་སོང་བ་མིན་ན་སོགས་ལན་བཏབ་ནས་ནང་ཆོས་རིང་ལུགས་པ་འདི་ཚོ་ཟེར་ནས་ང་ལ་ཁོང་ཁྲོ་ལངས་ནས་འདྲེ་མ་བདའ་བའི་སྔོན་ལ་ང་སྒོ་ལ་བདའ་སྲིད། ང་སྒོ་ལ་བདའ་ན་ངས་མེ་ཏོག་དཀར་པོ་ལ་སྒོར་མོ་ཅི་ལྟར་སྐུར་རྒྱུ།
མེ་ཏོག་དཀར་པོ། ད་སྒོར་མོ་དགོས་ན་ཕྱོགས་གཉིས་ཀ་ལ་མི་འགལ་བའི་ཐབས་ལམ་ཞིག་འཚོལ། དེ་ནས་སྒོར་མོ་རེག་ནི་རེད་ཡ།
དེ་རིང་ཁ་སང་བལ་ཡུལ་ན་སྲོག་ཆགས་འབུམ་ཕྲག་མང་པོ་དམར་མཆོད་བྱེད་པའི་དུས་ཚིགས་རེད། ནང་པ་ཚོས་ཀྱང་དཀར་ཀྱི་ཐོག་ནས་མཆོད་འབུལ་བྱེད་བཞིན་པར་མ་ཟད། ཉིན་ཤས་རིང་ཉིན་རེའི་ཁ་ལག་ཀྱང་དཀར་ཟས་ལ་རོལ་བཞིན་པའི་དུས་ཚིགས་རེད། ཡ་ད་ནང་པ་ཡིན་མཁན་ཚང་མས་མ་ནི་རེ་བཏོན་ན་ཡག་ས་རེད་ཀོ
ཆོས་ཁས་ལེན་མི་ལེན་འདི་སྦམ་བཤད་བྱེད་དགོས་པ་ལས་ཞིབ་ཚགས་པོ་རང་བཤད་ན་འགྲིག་ས་མ་རེད། ནང་པའི་གཞུང་ནས་བཤད་ན་ཆོས་ཟེར་བའི་ཚིག་འདི་བཅོས་ཟེར་བའི་ཚིག་དང་འབྲེལ་བ་འདུག གཞུང་ན། ཉོན་མོངས་སྐྱོན་རྣམས་མ་ལུས་འཆོས་པ་དང་།། ནས་། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།། གསུངས་ཡོད་པ་རེད། མདོར་ན་ནང་གི་ཉོན་མོངས་པའི་སྐྱོན་བཅོས་པ་ཞིག་ལ་ཆོས་ཟེར་གྱི་ཡོད་པ་འདྲ་འདུག
འོན་ཀྱང་ནང་པའི་གཞུང་ན་ཡང་སྐྱབས་འགྲོ་ཙམ་བྱེད་པ་ཆོས་མ་རེད་ཅེས་ཁས་ལེན་ཁག་པའི་བཟོ་འདྲ་འདུག གལ་ཏེ་དེ་ལྟར་ན་ཆོས་ཟེར་བའི་ཚིག་འདི་ལ་སྒྲ་ཡངས་དོག་གི་འཇུག་ཚུལ་གཉིས་བྱས་ནས་བཤད་ན་ཤིན་ཏུ་བདེ་བ་འདུག སྒྲ་དོག་པའི་དབང་དུ་བྱས་ན་གོང་ལྟར་དང་། ཡང་སྒྲ་ཡངས་པའི་དབང་དུ་བྱས་ན། འཇིག་རྟེན་མི་སྡེའི་དཀའ་ངལ་གང་ཞིག་འཇིག་རྟེན་མི་སྡེས་སེལ་མ་ཐུབ་པ་ཡོད་པ་དེ། ལྐོག་གྱུར་གྱིས་གཞན་ཞིག་གིས་སེལ་ཐུབ་པར་ཡིད་ཆེས་པ་དེ་ཆོས་ཁས་ལེན་པ་ཟེར་ན་འགྲིག་པའི་བཟོ་འདྲ་འདུག དེ་ལྟར་བཤད་ན་འཛམ་བུ་གླིང་གི་ཆོས་ལུགས་ཡོད་དོ་ཅོག་གང་ཞིག་ཁས་ལེན་མཁན་ནམ། གང་རུང་ཞིག་ལ་ཡིད་ཆེས་ཡོད་མཁན་ལ་ཆོས་ཁས་ལེན་པ་ཟེར་ན་འགྲིག
དེ་མིན་འཇིག་རྟེན་མི་སྡེའི་དཀའ་ངལ་འཇིག་རྟེན་མི་སྡེས་སེལ་བ་ལས། མིས་སེལ་མི་ཐུབ་པ་གཞན་གྱི་སེལ་ཐུབ་པར་ཡིད་ཆེས་མི་བྱེད་མཁན་ལ་ཆོས་ཁས་མི་ལེན་པ་ཟེར་ནས་བཤད་ན་འགྲིག་གི་འདོད། དེ་འདྲ་འེ་རེད།
ཆོས་ནི་མདོར་ན་མི་འཚེ་བ། །འཕགས་པ་ལྷས་འདི་མོ་ཟིག་གསུངས་ཡོད།
ནང་པས་མི་ཎི་མ་འདོན་ན་འགྲི་གི་རེད་ གང་ཡིན་ཟེར་ན་སངས་རྒྱས་ཤཀྱ་ཐུབ་པའི་མ་ཎི་འདོན་རབ་གང་ན་འདུག
སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཟེར་བ་དེ་ཀློག་མ་མྱོང་མོད། དེ་ཡོད་པ་ཡོངས་གྲགས་ལྟ་བུ་རེད། དེ་སངས་རྒྱས་ཤཀྱྰ་ཐུབ་པས་གསུངས་པ་ལོས་ཡིན། དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རྒྱས་པ་དེ་བཞི་བའི་བསྙུང་གནས་ནམ་ཡོད་ལ་བཏོན་མྱོང་། དེ་དག་ལ་ལྟོས་ན་སངས་རྒྱས་རྒྱས་ཤཀྱྰ་ཐུབ་པས་ཀྱང་སངས་མ་རྒྱས་སྔ་རོལ་ཏུ་སྤྱན་རས་གཟུགས་སྒྲུབ་པ་ལ་རྟེན་ནས་ཐབས་ཀྱི་ཆ་ཡོངས་སུ་རྫོགས་པ་ཐུགས་རྒྱུད་ལ་འཁྲུངས་ནས་སངས་རྒྱས་པ་ལོས་ཡིན།
གདོན་འདྲེའི་དངོས་སྒྲུང་བཅོས་སྒྲུང་འདྲ་བོ་མང་པོ་བཀླགས་རྒྱུ་བྱུང་བར་དགའ་སྤྲོ་བརྟས། གདོན་འདྲེ་ཡོད་མེད་དཔྱོད་ཚེ་མདོ་ལུགས་སུ་བྱིས་པ་བུམ་ཆུང་སོགས་སུ་བྱིས་པའི་གདོན་ཆེན་བཅོ་ལྔ་སོགས་དང་། སྔགས་ལུགས་ལ་གཅོད་གཞུང་སོགས་ནང་འདྲེ་གདོན་མཐའ་ཡས་པ་ཅིག་གསུངས་འདུག
ངོ་བོའི་དབང་དུ་བྱས་ན། འོག་ཡི་དྭགས་ཀྱི་རིགས་ནས་མཐོ་ལྷ་མ་ཡིན་བར་དུ་ཡོད་པར་འདོད། དེས་ན་གཟུགས་མེད་ཞིག་ལ་བྱེད་ལས་བཟང་ངན་གྱིས་དབང་དུ་བཞག་དགོས་པས། ལྷ་འདྲེ་གཞི་གཐུན་ཡོད་དགོས་ཏེ། རང་གི་འདྲེ་རུ་རྩིས་པ་དེ། གཞན་གྱིས་ལྷར་རྩིས་ན། གཞི་གཅིག་ཉིད་ཀྱིས་ལྷ་གདོན་གཞིས་ཀའི་དོན་བྱེད་པ་ཡོད་པའི་ཕྱིར།
འདྲེ་སྒྲུང་ནི་འདྲེ་སྒྲུང་སྙན་ལ།
མཆན་བུ་ནི་མཆན་བུ་སྙན།
དྲ་གྲོགས་དྲིན་ཅན་ཚོ།
མུ་འཐུད་ཡིན་ད།
དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ན། གཟུགས་ཅན་ཡིན་ཡང་ཕྲ་བའི་ཕྱིར།། གསུངས་པ་ལྟར། བར་དོའི་སྲིད་པ་དེ་གཟུགས་ཅན་ཞིག་ལ་འདོད་དགོས་པ་འདྲ་འདུག འདྲེ་ཡང་དེ་འདྲ་རེད། གཟུགས་ཅན་ཡིན་དགོས་པར་འདོད། འོན་ཀྱང་མི་ཚང་མས་མི་མཐོང་བ་དང་། ཡང་གཟུགས་ཅན་གཞན་ལ་མི་ཐོགས་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྣམ་འགྲེལ་ན། བྱེ་མ་ལ་ནི་དངུལ་ཆུ་བཞིན།། གསུངས་པ་ལྟར་རེད། བྱེ་མའི་ནང་དུ་དངུལ་ཆུ་མི་ཐོགས་པ་ཇི་བཞིན། འདྲེ་དང་བར་སྲིད་པ་གཟུགས་ཅན་ཡིན་ན་ཡང་གཟུགས་ཕྲ་བའི་དབང་གིས་མིག་ཅན་ལ་མ་ཐོགས་པ་རེད་འདོད། རྣམ་འགྲེལ་གྱི་ཕྲ་བ་ཟེར་བ་འདི་བོང་ཚོད་ཆུང་བའི་དོན་མ་རེད།
སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཟེར་བ་དེ་བོད་ལ་མ་ཏོག་ནང་པའི་རྒྱལ་ཁབ་གཞན་ལ་མེད་པ་འདྲ་ མ་གཞི་སྤྱན་རས་གཟིགས་ཟེར་བ་དེའང་བོད་ལ་མ་ཏོག་མེད་པ་འདྲ་ དེ་གང་ཤེས་ རྒྱ་ནག་ལ་གཅིག་ཡོག་གི་ད་ དེ་ལྷ་མོ་ཞིག་རེད་ཞག
ང་ལ་ཡང་ཁྱེད་ཚོས་ཟེར་བ་ནང་བཞིན་གྱི་མཐོང་སྣང་ཡ་མཚན་ཅན་དེ་འདྲ་ཡོང་མྱོང་ཡོད། འོན་ཀྱང་འདྲེ་ཡིན་དང་རང་གི་རྣམ་རྟོག་གི་འཆར་སྒོ་ཕྱི་རོལ་ཡུལ་སྟེང་དུ་འཕོས་པའི་རྣམ་འགྱུར་ཙམ་ཞིག་ཡིན་ཐག་གཅོད་པའི་ངེས་ཤེས་གང་ཡང་རྙེད་མ་བྱུང་།
ལོ་རབས་དགུ་བཅུ་པའི་དུས་འགོའི་མཚན་མོ་ཞིག་ལ་ང་ངའི་རྨོ་མོ་ལགས་དང་ཨ་མ་ལགས་ཀྱི་འཚེམ་བུ་རྒྱག་བྱེད་འཚེམ་འཁོར་ཆེན་པོ་དེ་མདུན་ཐད་དུ་བསླངས་ཡོད་པའི་ཉལ་ཁྲི་ཞིག་ཏུ་ཉལ་ནས་ཡོད། མཚན་དགུང་ཙམ་ལ་ཉིན་ཤས་སྔོན་འདས་གྲོངས་སུ་སོང་བའི་གཤིན་པོ་དར་མ་ཞིག་དང་གདོང་ཐུག་བྱུང་བའི་རྨི་ལམ་འཇིགས་སུ་རུང་བ་ཞིག་གིས་ང་གཉིད་ལས་བསླངས། ངའི་ལུས་པོ་ཡོངས་རྫོགས་རྔུལ་ཆུས་བརླན་འདུག་ལ། རྨི་ལམ་དྲན་པ་ལ་མི་ལྟོས་པར་འཇིགས་སྐྲག་གི་ཚོར་བ་གནོན་མི་ཐུབ་པ་ཞིག་གཉིད་སད་པའི་སྐད་ཅིག་མ་དེ་ཉིད་ལ་བྱུང་། སྐབས་དེ་དུས་ང་ལོ་ན་བརྒྱད་དགུར་སོན་པའི་བྱིས་པ་སྡོད་ཚུགས་མེད་མཁན་ཞིག་ཡིན།
ངས་སྔས་ཐོག་ནས་མགོ་བོ་དགྱེ་ཙམ་བྱས་ཏེ་ཟླ་འོད་ཀྱི་གསལ་ལ་མི་གསལ་བའི་རམ་འདེགས་ཤིག་ལ་བརྟེན་ནས་ཁྱིམ་ནང་དུ་མིག་སྐོར་ཞིག་རྒྱག་སྐབས། ངའི་ཉལ་ཁྲིའི་མཇུག་ཐད་ཀྱི་སྟོད་དུ་རྒྱ་ཅོག་དང་སྨད་དུ་གྱང་སྦྱར་ཆ་སྒམ་ཆེན་པོ་ཞིག་ལ་མཇུག་སྐྱོར་བརྟེན་པའི་ཉལ་ཁྲི་དེའི་སྟེང་ན་ཉིན་ཤས་སྔོན་འདས་གྲོངས་སུ་སོང་ཞིང་། ད་ལྟ་རྨི་ལམ་འཚུབ་པོ་དེའི་ནང་མཐོང་མ་ཐག་ཡིན་པའི་གཤིན་པོ་དེ་རྐུབ་བཀྱགས་ཀྱི་སྟངས་སྟབས་སུ་གནས་ཏེ་ངའི་ངོ་གདོང་ལ་ཕྱོགས་ནས་བསྡད་འདུག ང་སྐྲག་ཐག་ཆོད་དེ་མགོ་བོ་སླར་སྔས་ཐོག་ཏུ་མར་བཞག ཉལ་ཆས་མགོ་ཐོག་ཏུ་དཀྲིས་ཏེ་མགོ་གཏུམས་བཤུམས་ནས་ཡུད་ཙམ་རིང་བསྡད་པ་ཡིན།
ངའི་རྐང་སྣེ་གཤིན་འདྲེའི་ཉེ་ས་ན་ཡོད་སྟབས་ཡར་བསྐུམ་པའམ་ཡང་ན་ཕྱོགས་གཞན་དུ་རྐྱོང་བ་སོགས་ཅི་ཡང་མ་ནུས་ཤིང་། ཐ་ན་འགུལ་བསྐྱོད་ཙམ་ཡང་མ་ཐུབ་པར་གྱུར། ངའི་འཇིགས་སྐྲག་གིས་འདར་བཞིན་པའི་སྙིང་ཁོངས་ནས་གཤིན་འདྲེ་དེས་རྐང་མཐིལ་ནས་འཇུས་མི་ཡོང་ངམ་བསམ་པའི་ཞེད་སྣང་གནམ་ལ་མི་ཤོང་པ་ཞིག་བསྐྱེད། དུས་ཡུན་གང་ཙམ་ཕྱིན་ཡང་ཐག་སྒྲ་དང་ཐིག་སྒྲ་ཅི་ཡང་མི་འདུག་ལ་རྐང་མཐིལ་ནས་སྦར་འཇུ་བྱེད་མཁན་ཡང་མ་བྱུང། ངས་མགོ་ཐོག་ཏུ་དཀྲིས་པའི་བེམ་ཐུལ་དེ་ག་ལེར་ཡར་བཀྱགས་ནས་བལྟས་པས་ངའི་ཉལ་ཁྲིའི་མདུན་ཐད་དུ་བསླངས་ཡོད་པའི་འཚེམ་འཁོར་དེའི་སྟེང་ནས་བསམ་བློའི་ནང་འཆར་མ་མྱོང་བའི་འཇིགས་པ་ཆེན་པོ་ཞིག་སྣང་བྱུང་བ་སྟེ། དེ་ནི་ད་གིན་མཐོང་བའི་གཤིན་འདྲེ་དེའི་ངོ་གདོང་རེད།
ཁོ་པ་མ་གྲོངས་པའི་སྔོན་གྱི་ཉིན་ཞིག་ཁོ་པའི་གྲོགས་པོ་དང་ཐལ་དྲགས་པའི་རྩེད་མོ་ཞིག་རྩེད་འདུག་ཅིང་། རྩེད་མོ་དེ་ནི་ཁོ་པ་གཤིན་རྗེའི་སྒོ་དྲུང་དུ་བསྐྱེལ་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་སྟེ། དེ་ཡང་ཉིན་ཞིག་ཁོ་པ་དང་ཁོ་པའི་གྲོགས་པོ་ཞིག་གབ་རེས་ཡིབ་རེས་ཀྱི་རྩེད་མོ་ཞིག་རྩེས། བར་མཚམས་ཤིག་ལ་ཁོ་པས་ཁང་པ་ཞིག་གི་ནང་རོལ་ནས་ཤིང་སྒོའི་སྦུ་ག་ཆུང་ངུ་ཞིག་བརྒྱུད་ཕྱིི་རོལ་དུ་རང་གི་གྲོགས་པོས་ཅི་བྱེད་ལ་བལྟ་སྐབས་གྲོགས་པོ་དེས་རྣོ་ཁབ་ཅིག་སྦུ་གའི་ནང་ཡར་བསྣུན་པ་དང་འཁེལ། རྣོ་ཁབ་དེ་སྟབས་ཉེས་ནས་ཁོ་པའི་མིག་རིལ་ལ་ཟུག་འདུག་ཅིང་། ཉིན་དེ་ནས་ཁོ་པའི་མིག་རིལ་སྐྲང་སྦོས་ཀྱིས་མཐར་འདས་གྲོངས་སུ་གྱུར་ཡོད་པ་རེད།
ངས་འཚེམ་འཁོར་གྱི་སྟེང་ནས་མཐོང་བའི་ངོ་གདོང་དེ་ནི་ཁོ་པ་མ་ཤི་སྔོན་གོ་ཐོས་བྱུང་བའི་སྐྲང་སྦོས་སུ་སོང་བའི་ངོ་གདོང་དེ་རང་ཡིན་པ་སྟེ། མཁུར་མགོ་གཡོན་མ་འགྲམ་སྨད་དུ་ལུག་ཅིང་མིག་རིལ་གཡོན་པ་ཡོད་སའི་ཕྱོགས་དེར་ནི་བལྟར་མི་བཟོད་པའི་རྨ་དང་སྐྲང་སྦོས་ཆེན་པོ་ཞིག་འདུག ཟུག་གཟེར་གནོན་མི་ཐུབ་པ་ཞིག་བརྒྱག་གི་ཡོད་པའི་བཟོ་བལྟར་ཁ་ཤ་འདར་ལྷུག་ལྷུག་གིས་འགུལ་གྱིན་འདུག་ལ། དབུགས་འཁུན་དུས་སམ་ཟུག་ཀྱིས་མནར་སྐབས་དབུགས་སྒོམ་སྐབས་ཀྱི་ཁ་དང་སོའི་བཟོ་བལྟ་ཇི་བཞིན་པ་ཞིག་སྟོན་གྱིན་འདུག
མཚན་མོ་དེ་ནི་ངའི་མི་ཚེའི་ནང་སེམས་ལ་ཡ་ངའི་བག་ཆགས་ངན་པ་ཞིག་ཡལ་མེད་དུ་འཇོག་པའི་འགོ་འཛུགས་རེད། དེ་སྔོན་ཡིན་ན་ང་མི་མེད་ལུང་སྟོང་དང་ནག་གསེབ་སོགས་གང་ཞིག་ཏུའང་འཇིགས་སྣང་ཅི་ཡང་མེད་པར་སྐྱིད་གླུ་ལེན་བཞིན་འགྲོ་མཁན་ཞིག་རེད། ལྷག་པར་མཚན་མོ་གསང་སྤྱོད་དུ་འགྲོ་རྒྱུར་ཞེད་སྣང་ཞིག་ག་ལ་ཡོད། འོན་ཀྱང་དུས་དེ་ནས་བཟུང་ང་ནི་ནག་ཡོར་ཡོར་གྱི་རིགས་དང་མུན་པའི་ཁྲོད། ས་སྲོད་ཀྱི་དུས། མི་མེད་ཀྱི་རི་ལུང་སོགས་གང་དུའང་ཁེར་རྐྱང་གིས་འགྲོ་བསྐྱོད་མི་ཐུབ་མཁན་གྱི་དཔའ་བློ་ཁོག་ཅི་ཡང་མེད་པའི་སྡར་མ་ཞིག་ཏུ་གྱུར། ད་ལྟ་ལོ་ངོ་ཉེར་དགུར་སོན་པའི་གནས་སྐབས་འདིར་ཡང་བག་ཆགས་ངན་པ་འདི་གཏན་ཡལ་དུ་འགྲོ་སྐབས་ཤིག་མི་འདུག
འདི་ལྟར་གཤིན་འདྲེ་དེས་ངའི་སེམས་ཁམས་སུ་བག་ཆགས་ངན་པ་འདི་འདྲ་བ་ཞིག་བཞག་ཅིང་། བག་ཆགས་ངན་པ་འདིས་ངའི་ལུས་ཀྱི་བདེ་ཐང་དང་རྣམ་དཔྱོད་ཀྱི་རིགས་པ་སྒོ་འབྱེད། མི་ཚེའི་ནང་གི་དོན་ཆེན་གྱི་གོ་སྐབས་སོགས་ལེགས་ལེགས་མང་པོ་ཞིག་ཆུད་ཟོས་བེད་མེད་དུ་བཏང་བར་དྭོགས་པ་མེད། སེམས་ཁམས་རིགས་པའི་བལྟ་སྟངས་ཀྱི་ཐོག་ནས་བཤད་ན་ངའི་གཤིས་ཀའི་འཁྱེར་སོ་སྤྱི་ཆ་ལ་ངན་སྐྱོན་ཆེན་པོ་ཞིག་བཏང་ཡོད་པ་ཏན་ཏན་ཡིན།
འོན་ཀྱང་གཤིན་འདྲེའི་ངན་གཟུགས་མཐོང་བའི་དུས་དེ་ནས་ཐད་ཀར་ནད་ན་ཚ་མངོན་གསལ་ཅན་དང་བྱ་བ་ཆེ་གྲས་ལམ་དུ་མ་ལྷོང་བའི་ཆག་སྒོའི་རིགས་ཏེ་གཤིན་འདྲེ་དེ་པས་བཏང་བའི་ངན་གནོད་དུ་མཛུབ་བཙུགས་ཀྱིས་བསྟན་ནུས་པའི་ཆག་སྒོ་དེ་འདྲ་གང་ཡང་མ་བྱུང་ལ། ངའི་ཁྱིམ་ཚང་དུ་མི་ཤི་རྐྱེན་ཆག་སོགས་ཀྱི་འཚུབ་ཆ་དེ་འདྲ་ཡང་ཅི་ཡང་མ་བྱུང་།
གཤིན་འདྲེ་དེ་པ་མ་ཤི་བའི་སྔོན་དུ་ང་དང་དམིགས་བསལ་གྱི་འབྲེལ་བ་ཞིག་མེད་པའི་ཐོག་སྐད་ཆ་ཞིག་ཀྱང་ཤོད་མྱོང་མེད་པ་རེད། འོན་ཀྱང་མི་དར་སྒང་ཞིག་ཤི་བའི་འཇིགས་པ་དེ་བྱིས་པ་ལོ་ཆུང་ཚོའི་སེམས་སུ་བཟོད་མི་ཐུབ་པ་ཞིག་ཡིན་པའི་རྐྱེན་ལས། ཁོ་པ་གྲོངས་སོ་ཟེར་བའི་དུས་དེ་ནས་སེམས་ལ་འཇིགས་སྣང་ཞིག་ལྷན་དུ་བྱུང་། གཅིག་བྱས་ན་ངས་མཚན་ཐོག་དེར་མཐོང་བའི་གཤིན་འདྲེ་དེ་ངའི་འཇིགས་སྣང་གིས་སམ་རྣམ་རྟོག་གིས་བསྐྲུན་པའི་ཐོ་ཡོར་མིར་མཐོང་ལྟ་བུ་ཞིག་ཡིན་སྲིད་པ་རེད། སུས་ཞིག་གིས་ཁ་ཚོན་གཅོད་པར་ནུས།
སོ་སོའི་ཉམས་སྣང་སོ་སོས་ཐག་གཅོད་མི་ནུས་པ་འདི་འདྲེ་ཟེར་བའི་སེམས་ཅན་འཇིགས་སུ་རུང་བ་འདི་ཡོད་མེད་གླེང་གཞི་འབྱུང་སའི་རྐྱེན་རྩ་དེ་རེད།
མི་ཚོས་ཟེར་ན་ཁོ་པ་ཤི་རྐྱེན་ཡང་འབྲོག་ལྷ་ཁྲོས་པས་ལན་ཟེར། དེ་ཡང་ཁོ་པ་འབྲོག་ཁུལ་ནས་ཀླུང་ལ་ཡོང་སྐབས་ཀྱི་ལམ་བར་ཞིག་ཏུ་ཆིག་པ་ཟེར་བའི་སེམས་ཅན་ཞིག་ཡོད་པ་དེ་འདྲ་ཞིག་ལམ་ཟུར་དུ་འགྲོ་རྒྱུག་བྱེད་སྐབས་ཤིག་དང་དུས་འཁེལ། ང་ཚོའི་ཡུལ་གྱི་ལོ་གཞོན་ཚོར་རི་བྱ་དང་ཀླུང་བྱ། རི་ཞིམ་དང་རི་དྭགས་སོགས་བདག་ཏུ་མ་བཟུང་བའི་སེམས་ཅན་ཅི་འདྲ་ཞིག་མཐོང་ཡང་རྡོ་དང་དབྱུག་པས་བརྡེག་ཀྱང་བྱེད་པའི་གཤིས་ཀ་ཞིག་ཡོད། འགའ་ཞིག་གིས་འདི་མའོ་ཡིས་ཞིང་ཁའི་བྱིའུ་ཆུང་ཡོད་ཚད་གསོད་པའི་ལས་འགུལ་ཞིག་སྤེལ་མྱོང་བ་དེའི་རྒྱུན་གཤིས་ངན་གོམས་སུ་སོང་བ་ཞིག་ཡིན་ཟེར། གང་ལྟར་དུས་འགྱུར་མ་བྱུང་སྔོན་དུ་དེ་འདྲའི་སྲོལ་ངན་ཞིག་མེད་པ་འདྲ། ཁོ་པ་ཡང་གཤིས་ཀ་འདི་འདྲའི་རིགས་རང་ཆས་སུ་ཡོད་མཁན་ཞིག་ཡིན་སྟབས་མིག་མདུན་གྱི་ཆིག་པ་ཤ་རྒྱག་དེ་མཐོང་པ་དང་རྡོ་བརྒྱབས་ཏེ་བསད་འདུག འདི་ནི་རྩེད་མཚར་གྱིས་བསད་པ་ཙམ་ཞིག་མིན་པར་ཆིག་ཤ་ཟ་འདོད་ཀྱིས་བསད་པ་ཡང་ཡིན་སྲིད། སྟབས་ཉེས་པ་ཞིག་ལ་ཁོ་པ་ནད་ཀྱིས་མནར་དུས་ལུང་པའི་ལྷ་པས་ཁོས་བསད་པའི་ཆིག་པ་དེ་འབྲོག་ལྷའི་སྒོ་ཟོག་ཡིན་པའི་ལུང་བསྟན་བརྒྱབས་ཤིང་སྒོ་ཟོག་གི་བདག་པོ་འབྲོག་ལྷ་དེ་ཤིན་ཏུ་ཁྲོིས་ནས་ཡོད་རབས་བཤད་འདུག མོ་ལུང་གི་བརྟག་འབྲས་འདིས་ཁོ་པ་ནད་ཀྱིས་མནར་བའི་སྟེང་དོན་མེད་ཀྱི་སེམས་ཁྲལ་ཐོལ་པ་ཞིག་དང་འཇིགས་སྐྲག་མི་དགོས་པ་ཞིག རྣམ་རྟོག་དོན་མེད་ཅིག་སྐྱེས་སུ་བཅུག ལྷ་པ་འདིས་འཇིགས་སྐྲག་ཐོལ་པ་འདི་སྐྱེ་རུ་བཅུག་མེད་ན་ཁོ་པ་ནད་གཞི་དྲག་བསྐྱེད་བྱུང་ཡོད་ཀྱང་སྲིད། སེམས་ཁྲལ་དང་འཇིགས་སྐྲག་གིས་ལུས་ཀྱི་ཕུང་གྲུབ་མ་ལག་གི་ནུས་པ་ཉམས་ཞན་དུ་བཏང་ནས་ཆི་རྐྱེན་བྱེད་པ་དང་། ཡང་ཁྲག་རླུང་གི་རྒྱུ་བ་རྒྱུན་གཏན་ལྟར་མིན་པར་གྱུར་ནས་སྙིང་ནད་འབྲེལ་བའི་ནད་གཞིར་གྱུར་ཏེ་འཆི་རྐྱེན་བྱེད་པའི་ཚུལ་ནི་དེང་སང་ཚན་རིག་པ་འདི་ཚོས་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་སྟོན་བྱེད།
གང་ལྟར་ཁོ་པ་དེ་ལྟར་གྲོངས་སོང་བ་རེད། གོང་གི་འབྲོག་ལྷ་འདིའི་མིང་ལ་རྟ་མགྲིན་དམར་པོ་ཟེར་ཞིང་། ཁོའི་མངའ་ཞབས་སུ་འབྲོག་དུད་ལྔ་བརྒྱ་ཐམ་པ་ཡོད་ཟེར། ངའི་ཨ་ཕ་ཡང་ཁོའི་མངའ་ཞབས་ན་ཡོད་པའི་འབྲོག་པ་ཞིག་རེད། འབྲོག་ལྷ་འདི་ཡོད་སའི་རི་ཆེན་དེའི་འདབས་ནས་ངས་ཨ་ཕ་དང་མཉམ་དུ་རི་ཕྱུགས་ཀྱི་དཀྱིལ་ནས་གླུ་ལེན་མྱོང་ཡོད་ལ་འུར་རྡོའི་སྐད་སྒྲ་ཡང་འགྲན་མྱོང་ཡང་ཡོད། ངའི་ཨ་ཕས་མཐོང་མྱོང་མིན་མི་ཤེས་ཀྱང་འབྲོག་རོགས་འགའ་ཞིག་གིས་འབྲོག་ལྷ་དེ་འུར་རྡོ་སྐེད་ལ་གཟེར། ངོ་གདོང་སྨུག་རྩིས་བརྒྱན། སྐྲ་རལ་སྤྱི་བོར་བཅིངས། ལག་དུ་ཟོམ་པ་འཐག་གིན་ལྷས་རྭ་སོགས་ཀྱི་ཉེ་འདབས་ནས་འགྲོ་འོང་བྱེད་པ་མཐོང་མྱོང་ཟེར། ད་ཡང་གདོང་འདྲེ་གཞན་ཞིག་གི་སྒྲུང་བཤད་ཤོར་འགྲོ་གི
གང་ལྟར་འཇིག་རྟེན་འདིར་ཉིན་ཀར་མཐོང་ཡུལ་དུ་མེད་ཅིང་མཚན་མོ་འབའ་ཞིག་ཏུ་མཐོང་དགོས་པ། མིག་ཤེས་སོགས་ཀྱིས་ཚོར་མི་ཐུབ་ཅིང་ཡིད་ཤེས་འབའ་ཞིག་གིས་ཚོར་དགོས་པ། ཡིད་ཕྱི་རོལ་འབའ་ཞིག་ལ་གཏད་པས་མྱོང་མི་ཐུབ་ཅིང་ནང་རོལ་ཁོ་ནར་ཕྱོགས་པས་མྱོང་ནུས་པ་སོགས་མི་སྲིད་མི་སྲིད་པར་བསམ་དགོས་པའི་མཚར་སྣང་མང་མང་ཞིག་ཀུན་ལ་བཤད་རྒྱུ་འདུག་ཅིང་། མང་པོས་མྱོང་གིན་འདུག
ད་ངས་སྡོམ་ཞིག་རྒྱག་འདོད་བྱུང་། གདོང་འདྲེ་ཟེར་བའི་སེམས་ཅན་ཞིག་མེད་པ་གཏན་ནས་ཡིན་མི་སྲིད། གཟུགས་ཅན་གྱི་སེམས་ཅན་བློ་ཡུལ་འཆར་མ་མྱོང་བའི་དབྱིབས་བཀོད་སྣ་ཚོགས་པ་ཆེ་ཆུང་བགྲངས་བ་ལས་འདས་པ་འདི་འདྲའི་རིགས་ཤིག་མཐོང་དུ་ཡོད་ན། ལུས་ཀྱི་ངོ་བོ་ཕྲ་ཞིང་ཐོགས་པ་མེད་པ། ཡན་ལག་མགོ་རྐང་སོགས་ཀྱི་ཤ་ཚུགས་ཅན། མིག་གིས་ཐད་ཀར་མཐོང་དུ་མི་ནུས་པའི་རིགས་ཤིག་ཀྱང་ག་རེ་བྱས་ནས་ཡོད་མི་ཆོག་པ་རེད། ཡིན་ན་ཡང་ང་ཚོའི་མྱོང་སྣང་ལ་བྱུང་བའི་འཇིགས་འཇིགས་པོ་ཐམས་ཅད་གདོང་འདྲེ་གཏན་ནས་ཡིན་མི་སྲིད། དེ་དག་གི་ཕལ་ཆེར་ཞིག་རང་གི་རྣམ་རྟོག་གི་རང་མདངས་ཕྱི་རོལ་དུ་འཕོས་པ་ཙམ་ཡིན་ཏེ། གལ་ཏེ་ཕྱི་རོལ་དུ་གྲུབ་པའི་གདོང་འདྲེ་དངོས་མ་ཞིག་ཡིན་ན་ཁོ་མཐོང་རྒྱུར་ཉིན་དཀར་དང་མཚན་དུས་ཀྱི་ཁྱད་པར་ཞིག་འགྱུར་མི་སྲིད། ཉིན་དཀར་ལས་མཚན་དུས་ལ་ཉམས་སྣང་འདི་རིགས་འོང་བ་མང་ཞིང་། དཀར་ས་ལས་ནག་སའི་ཁྲོད་དུ་མཐོང་སྣང་འདི་གྲས་ཡོང་བ་མང་བ་འདིས་ཕལ་ཆེར་ཞིག་གྲིབ་མ་ལ་འདྲེ་རུ་མཐོང་བ་དང་ཐག་ཁྲ་ལ་སྦྲུལ་དུ་མཐོང་བའི་ངང་ཚུལ་འདི་ཙམ་ཞིག་དང་འདྲ་བ་ཁོ་ནར་ཁོ་བོ་འདོད་དོ། །
ཚུལ་འདི་ལྟ་ན་ང་རང་ཉིད་ཀྱིས་མཐོང་བའི་གཤིན་འདྲེའི་གཟུགས་བརྙན་དེ་ཡང་འཇིགས་སྐྲག་གི་བསམ་བློ་དང་འབྲེལ་བའི་རྣམ་རྟོག་གི་མཐོང་ཚུལ་ཙམ་ཞིག་སྟེ། གཤིན་པོ་དེས་ཁོ་བོར་དངོས་གཟུགས་བསྟན་པ་ཞིག་ཀྱང་མིན་པར་སྲིད་དོ། །
འོན་ཀྱང་བག་ཆགས་ངན་པ་ཞིག་ནི་སེམས་རྒྱུད་ཀྱི་སྟེང་དུ་ད་ལྟ་ཡང་སོ་མ་མ་བཅོས་པར་གནས་ནས་འདུག
ད་དུང་ཁྱེད་ཅག་ལ་གདོང་འདྲེའི་སྒྲུང་མང་ཙམ་ཉན་འདོད་ཡོད་ན་ངའི་ཕ་ཡུལ་གྱི་རྒན་རྒོན་དེ་ཚོའི་ཁ་ནས་ཐོས་མྱོང་བའི་འདྲེ་སྒྲུང་བྲིས་པས་མི་ལོང་པ་དེ་འདྲ་ཡོད་དོ།།
དྲ་གྲོགས་ཚོ། འདྲེ་སྒྲུང་བཤད་པ་ཐུགས་རྗེ་ཆེ།
ང་ལ་མཚོན་ན་འདྲེ་སྒྲུང་མཉན་རྒྱུ་ལས་འདྲེ་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཤེས་རྒྱུ་ལ་དགའ་བོ་ཡོད།
འདྲེ་ཤེས་རྒྱུ་ལ་ཕན་ཐོགས་ཡོད་རྒྱུ་རེད་བསམ་ནས་དྲ་གྲོགས་ཚོས་འདྲེ་བཤད་ཚང་མ་བཀླགས་པ་ཡིན།
དངོས་ནས་སྙན་པོ་བྲིས་འདུག་ཡི་རངས་ཞུ།
ཡིན་ནའང་ང་ལ་དགོས་རྒྱུའི་འདྲེ་ག་འདྲ་ཡིན་མིན་སྐོར་དེ་གསལ་བོ་ཅི་ཡང་མི་འདུག
འདྲེ་ངོས་འཛིན་སྐབས་མི་ལས་གཞན་པའི་སེམས་ཅན་ཞིག་འདྲ་བོ་བཤད་ཀྱི་འདུག
འདྲེ་སྒྲུང་དངོས་གཞིའི་ནང་སྐབས་འདིའི་འདྲེ་དེ་མི་འདྲ་བོ་རེད། མ་ཟད་བོད་པ་ཞིག་དང་། བོད་པའི་ནང་ནས་ཀྱང་ཨ་མདོ་ཞིག་ཡིན་པ་འདྲ་བོ་ཞིག་མཐོང་གི་འདུག
ཨ་མ་མ་་་་་་་་་་་་ད་དུང་བྲག་ཡབ་གདོང་འདྲེ་སྐད་གྲགས་ཆེ་ལ་ཞེད་སྣང་ཚ་པོ་འདིའི་སྐོར་སུའི་ཤེས། གཅིག་བྲིས་དང་་་་་་་་་་་་་
གདོང་འདྲེ་ཡིན་ས་མ་རེད། གདོན་འདྲེ་ཡིན་པ་འདྲ་འདུག གདོན་འདྲེ་ལ་སེམས་ལྡན་གྱིས་ཁྱབ་པ་མེད་པ་འདྲ། མེ་ཡིན་མཁན་གྱི་གདོན་འདྲེ་དེ་འདྲ་ཡང་ཡོད་བཟོ་འདུག
གདོན་འདྲེ་མེ་ཡི་གཟུགས་སུ་ཤར་ཡང་། དེ་མེ་ཡིན་མི་ཟེར་ཏེ། ཤ་ཁྲག་ཡིན་པའི་མི་མེད་པ་བཞིན་ནོ། །
ཀརྡོ་རབ་འབྱམས་པས་གསུངས་པ་འདི་དངོས་གནས་དཀའ་གནད་ཅིག་རེད།
གདོན་འདྲེ་མེ་ཡི་གཟུགས་སུ་ཤར་བའི་མེ་གཟུགས་དེ་མེ་ཡིན་མི་དགོས་ན། ཡིད་ལུས་ལེན་འདོད་ཀྱི་སེམས་པ་ཡིད་ལུས་སུ་ཤར་བའི་ཡིད་ཀྱི་རང་བཞིན་གྱི་ལུས་དེ་ཡང་གཟུགས་སུ་ཁས་ལེན་མི་ཐུབ་པར་འགྱུར། དེ་ལྟ་ན་དེ་བཞིན་གཤེགས་པའི་ཡེ་ཤེས་མཚན་དཔེར་ཤར་བའི་གཟུགས་བཀོད་དེ་ཡང་གཟུགས་ཅན་མིན་པར་འགྱུར་རོ།།
ཤ་ཁྲག་ཡིན་པའི་མི་མེད་པ་ཁྱོད་བདེན། འོན་ཀྱང་ཤ་ཁྲག་གི་གདགས་གཞི་ཅན་ཏུ་གྱུར་པ་དང་ཤ་ཁྲག་གི་གཟུགས་སུ་ཤར་བ་གཉིས་ལ་དབྱེ་ཁྱད་གནམ་སའི་བར་ཐག་ལས་ཀྱང་ཆེ་བ་དེ་ཁྱེད་ཀྱི་ཐུགས་ནས་བསྙེད་པར་མི་རུང་བའི་གནད་ཅིག་ཡིན་ནོ།།
བསྙེལ་བ་ཞེས་འབྲི་དགོས་སར་བསྙེད་པ་ཞེས་འབྲི་ནོར་བྱུང་འདུག་པས་བཅོས།
ཀརྡོ་རབ་འབྱམས་པ་ལགས་ལ་བཀའ་འདྲི་ཞུ་རྒྱུར།
ཡུལ་ཅན་བློ་ལ་མི་འདྲེ་རུ་སྣང་ན་འདྲེ་ཡིན་མི་དགོས་པར་བཞེད་དམ།
རྒྱུ་མཚན་འདྲེ་མེ་རུ་སྣང་ན་འདྲེ་མེ་ཡིན་མི་དགོས་པར་ཤ་ཁྲག་ཡིན་པའི་མེ་མེད་པར་རྒྱུ་མཚན་དུ་བཀོད་འདུག
འོན་འདྲེ་ཟེར་བ་དེ་གང་ཟག་རང་རང་གི་བློའི་ཡུལ་ལ་ཚུལ་མིན་གྱི་རྣམ་རྟོག་གི་སྣང་བ་འཇིགས་སུ་རུང་བ་ཞིག་ལ་འཇོག་པ་མ་ཡིན་ནམ།
མིན་ན་གང་ཟག་ཀུན་གྱིས་གཅིག་མཐུན་དུ་སྣང་བའི་འདྲེ་ཞིག་ཇི་ལྟར་འཇོག
གལ་སྲིད་གདོན་འདྲེ་བློ་བྱེ་བྲག་པ་ཞིག་གི་ཡུལ་དུ་འཇོག་པ་ལས་མཐུན་སྣང་དུ་གྲུབ་པའི་འདྲེ་ཞིག་བཞག་ཏུ་མེད་ན་འདྲེ་མེ་རུ་སྣང་བ་དེ་བློ་བྱེ་བྲག་པ་དེའི་ཡུལ་ལ་མེ་དང་འདྲེ་གཉིས་ཀ་དགོས་ཏེ།
བློ་དེ་ལ་ཚ་ཞིང་བསྲེག་པ་སྣང་སྟེ་མེ་སྣང་བས་སོ།། འདྲེ་ཡིན་པ་སྨོས་ཅི།
དེས་ན་དེ་འདྲའི་འདྲེ་དེ་ཚ་བ་མེ་དང་ཤ་ཁྲག་ཅན་གྱི་སེམས་ཅན་གཉིས་ཀར་ཁས་ལེན་དགོས་བྱུང་བ་མ་ཡིན་ནམ།
ཞེས་དོགས་པ་ཞིག་དྲིས་པ་ཡིན་པས་ཀརྡོ་རབ་འབྱམས་པ་དང་དྲ་གྲོགས་རྣམས་ཀྱིས་ལན་འདེབས་གནང་བར་ཞུ།
འོ་ཡ། གོང་གི་ལྷོ་ཕྲུག་སྣ་བོ་ཆེའི་སྒྲུང་ནང་གི་ཆིག་པ་ཟེར་བ་དེ་འཕྱི་བ་ཟེར་བ་འེ་ཡིན། འཕྱི་བ་ནི་ང་ཚོ་ཕྱོགས་ན་ཡང་མང་པོ་ཡོད། རྩ་ཐང་དང་རི་འབར་འབུར་ཡོད་སར་ཤིན་ཏུ་མང་། དེ་ལ་ཁྱད་ཆོས་ཁ་ཤས་ཡོད། དགུན་ཁར་ཁུང་ནང་ནས་ཟླ་ཤས་རིང་གཉིད་ཉལ་ནས་བསྡད་ཡོད། མི་ཚོས་བཤད་ན་འཕྱི་བས་སྒོམ་བརྒྱབ་ཡོད་པ་རེད་ཟེར། དབྱར་ཀར་བོད་ཟླ་བཞི་ནང་དུ་མར་བཏོན་ཡོང་། ཐོག་མར་ཁུང་ནས་ཕྱིར་ཡོངས་སྐབས་ཤིན་ཏུ་རྒྱགས་པ་ཡོད། འོན་ཀྱང་ཉིན་ཤས་རྗེས་ནས་སྐམ་པོ་ཆགས་འགྲོ བོད་ཟླ་དྲུག་པའི་ནང་དུ་སྲོག་ཆགས་དེ་ལ་ཚད་པ་ཟེར་བ་ན་ཚ་ཞིག་ན་བཞིན་ཡོད་པ་འདྲ་འདུག དེ་ནི་གཉན་རིམས་ཀྱི་ངོ་བོ་ཞིག་ཡིན་པ་འདྲ་འདུག མི་རྣམས་ཀྱིས་དེའི་སྐབས་སུ་འཕྱི་ཁུང་ཁ་འགྲོ་བ་དང་། འཕྱི་བའི་ཉེ་སར་འགྲོ་བར་འཛེམས་ཟོན་བྱེད། ལྷག་པར་དུ་དེའི་སྐབས་སུ་འཕྱི་བ་གསད་ནས་ཤ་ཟ་མི་རུང་། དེ་ནི་སྤྱོད་འཇུག་ན། དྲན་འགྱུར་བྱི་བའི་དུག་བཞིན་ནོ། ། ཟེར་བ་ཞིག་ཡོད་པ་དེ་རེད་ཟེར། དགུན་གྱི་དུས་སུ་འཕྱི་ཁུང་ན་ཡོད་དུས། བྱི་བ་སྟེ་ཙི་ཙི་ནས་ཁོ་ལ་སོ་བརྒྱབ་པ་དེ། ཕྱིས་སུ་དབྱར་ཀ་དུག་སོས་པ་རེད་ཟེར།
དེ་ནས་བོད་ཟླ་བདུན་པ་ཡོལ་ནས་འཕྱི་བའི་ཤ་ཟོས་ན་འགྲིག་གི་ཡོད་པ་རེད། ཞིམ་པོ་ཡོད་ལ་རྒྱགས་པ་ཡོད། ངེད་ཚོ་ས་ཆ་ན་འཕྱི་བའི་ཤ་བསྲེགས་སྟངས་ཞིག་ཡོད། ཁྱིམ་མི་རྣམས་ཀྱིས་ཁྱིམ་ཚང་ནང་ལ་འཕྱི་བའི་ཤ་ཁས་ཡོང་མི་འཇུག དེ་བས་ན་ལོ་གཞོན་རྣམས་ཀྱི་འཕྱི་བའི་ཤ་རི་འགོ་ནས་བསྲེགས་ནས་ཟ་གི་རེད། འཕྱི་བ་བསད་རྗེས་སུ་ཁོག་པ་གཤགས་ནས་ནང་དུ་རྡོ་ཚ་བོ་བླུགས། དེ་ནས་གྲོད་ཁོག་ཡང་བསྐྱར་བཙེམས་ནས་འཕྱི་བའི་ཕུང་པོ་དེ་མེ་སྟེང་དུ་འཕེན་གི་རེད། དེ་ནས་གང་འཚམ་ཞིག་ནས་ཕུང་བོ་དེ་རིལ་བུ་འདྲ་ཞིག་ཆགས་ཡོང་ནས་ཚོས་འགྲོ་གི་རེད། དེ་ནས་བླངས་ནས་ཁོག་སྟོང་ཁ་ཕྱེ་པའི་ནང་ན་ཞག་ཁུ་ཞིག་ཡོད་པ་དེ་ད་ཞིམ་ནི་རེད་ཡ། བསྲེགས་སྟངས་དེ་ནི་ཕྱི་རྒྱལ་གྱི་བྷ་བྷེ་ཁེའུ་འགྲན་ཟླ་མེད་ལ། བོད་ནང་དུ་སླ་ང་ནང་བཙོས་པའི་ལུག་ཤས་ཀྱང་འགྲན་ཟླ་མེད། འོན་ཀྱང་འདི་ལྟར་ངེད་ཚོས་རྡོ་བསྲེགས་རྒྱབ་ནས་འཕྱི་བའི་ཤ་ཟ་གི་ཡོད་པ་དེ་སྡེ་བའི་ནང་གི་རྒན་རྒོན་ཚོས་ཤེས་མི་ཉན། རྡུང་ནི་རེད།
འོ་ད་རུང་འཕྱི་བ་གསོད་སྐབས་ཁྱད་ཆོས་ཁ་ཤས་ཡོད། འཕྱི་བ་ལ་རྒྱུགས་པས་གཞུས་ནས་གསོད་སྐབས་ཡར་ལངས་ནས་བྱིས་པ་ཞིག་གིས་ཞུ་བ་བྱེད་པ་ལྟར་ལག་པ་གཉིས་ཀར་ནས་ཞུ་བ་བྱེད། ད་དུང་མཆན་འོག་སྟོན། ཁོའི་མཆན་འོག་ན་སྤུ་མེད། མི་རྣམས་ཀྱིས་བཤད་ན་འཕྱི་བ་དང་མི་གཉིས་སྔར་སྤུན་གྲོགས་ཡིན་ཟེར། ཁ་བཀར་འགྲོ་སྐབས་སུ་གཅིག་གཅིག་ལ་ལག་རྟགས་སྤྲོད་རེས་བྱས་པ་རེད་ཟེར། མིའི་མཆན་འོག་གི་སྤུ་ཚོམ་པུ་དེ་འཕྱི་བ་ལས་བྱུང་པ་རེད་ཟེར། ཡིན་ན་ཡང་མི་རྣམས་ཀྱིས་འཕྱི་བ་གསོད་སྐབས་མཆན་འོག་སྟོན་དབང་མ་བྱིན་པར་སྐེ་ལ་རྒྱུགས་པ་ཞིག་འཕྲད་དུ་བཞག་ནས་རྐང་པས་མནན། དེ་ནས་སྔ་མར་ཡར་བཀྱགས་ཙམ་བྱས་ན་འཕྱི་པའི་སྐེ་འཆུས་ནས་ལས་སླ་བོའི་ཐོག་ཤི་འགྲོ
ཨ་རི་གླིང་ཕྲན་ན་ཡོད་པའི་ (Prairie dog)དང (gopher)ཟེར་བའི་སྲོག་ཆགས་འདི་གཉིས་ཀ་ང་ཚོ་ཕ་ཡུལ་གྱི་འཕྱི་བ་དང་འདྲ། འོན་ཀྱང་འཕྱི་བ་དངོས་མ་དེ་(Prairie dog) ཡིན་པ་འདྲ་འདུག ད་དུང་འཕྱི་བོད་ཀྱི་འཕྱི་བ་དང་བྱ་ཆེན་གོ་བོ་ཀླད་དཀར་གཉིས་ལ་གྲོགས་པོའི་འབྲེལ་བ་ཤིན་ཏུ་ཟབ། འཕྱི་བ་རི་སྒང་ན་ཡོད་པས་ཆུ་རེག་གི་མེད་པ་རེད། འོན་ཀྱང་དུས་ཚོད་གང་འཚམ་རེའི་མཚམས་ནས་བྱ་ཆེན་གོ་བོ་ཀླད་དཀར་ཡོང་ནས་འཕྱི་བ་ཆུ་འཐུང་སར་འཁུར་འགྲོ་གི་ཡོད་པ་རེད་ཟེར། འདི་ནི་ངེད་ཚོ་ས་ཆའི་མི་རྣམས་ཀྱིས་བཤད་པ་ཞིག་རེད། ངས་ནི་རྩ་ནས་འཐུང་མ་མྱོང་། འོན་ཀྱང་དེ་དང་འདྲ་བ་ཞིག་ཡོད། དེ་ནི་འུག་པ་རེད། འུག་པས་བྱི་ལ་བཟུང་ནས་ཆུ་ཁར་ཁྱེར་ན་བཞག་ན། སྐྲག་ཞོར་སྐྲག་ཞོར་ལ་ཆུ་འཐུང་ནས། རང་གི་ཁོག་པ་རང་གིས་གཙང་མ་བཟོས་རྗེས། འུག་པས་ཟ་བར་བྱེད། འདི་ཚོ་སྲོག་ཆགས་སོ་སོས་ཆོ་ག་མ་འདྲ་བ་རེད་ཡ།
དམུ་ཐག་དཀར་པོ་ལགས། ཡང་བསྐྱར་ཕེབས་པར་དང་ཐོག་བཀྲིས་བདེ་ལེགས་ཞུ།
ཁྱེད་ཀྱི་མཆན་བུ་༧༨པར། “གདོན་འདྲེ་ལ་སེམས་ལྡན་གྱིས་ཁྱབ་པ་མེད་པ་འདྲ། མེ་ཡིན་མཁན་གྱི་གདོན་འདྲེ་དེ་འདྲ་ཡང་ཡོད་བཟོ་འདུག” གསུངས་པ་ལ། ངས་གདོན་འདྲེ་ཡིན་ན། སེམས་ལྡན་ཡིན་པས་ཁྱབ་པ་སྒྲུབ་འདོད་པ་ལས་འཕྲོས་པ་རེད།
དང་པོ། ཁྱེད་ཀྱི་མཆན་བུ་ནང་ལ་མེ་དང་མི་གཉིས་ཡིག་ནོར་མི་ཐེབས་ལ་བརྩོན་དགོས་འདུག
གཉིས་པ། ཁྱེད་ཀྱི་སེམས་ལྡན་ཡིན་པའི་མ་ཁྱབ་པའི་མུར། མེ་ཡིན་མཁན་གྱི་གདོན་འདྲེ་དེ་འདྲ་ཡང་ཡོད་བཟོ་འདུག གསུང་སྟངས་ལ་བལྟས་ན། རང་གིས་བཞག་པའི་མུ་ལ་དྭོགས་པ་ཡོད་པ་འདྲ།
གསུམ་པ། སྤྱིར་མེ་ནི། འབྱུང་བ་ཡིན་ཡང་། འབྱུང་བ་ཡིན་པའི་རྒྱུ་མཚན་གྱིས་འདྲེ་སེམས་ལྡན་མིན་པ་ཡོད་པར་འདོད་པ་ཆ་མ་བཞག་པར།
བཞི་པ། མེ་ཡི་ཁ་མདོག་དམར་པོ་ལྟ་བུ་ལ་ཆ་འཛིན་གྱིས། འདྲེ་གཟུགས་ཅན་ཡིན་པ་ཅིག་ཡོད་པ་འདོད་དགོས་པས། མི་རྟ་གཟུགས་ཅན་མིན་པ་བཞིན། གདོན་འདྲེས་གནོད་དུས་མེར་སྣང་ཡང་། དེ་གདགས་གཞི་ཙམ་ཡིན་གྱི། དེ་ལ་བཏགས་པའི་བཏགས་ཆོས་ཀྱི་འདྲེ་ཡིན་ན། སེམས་ལྡན་གདོན་འདྲེ་ཅིག་ཡིན་དགོས་པར་བསྒྲུབས་པ་ཡིན།
དགོངས་དག་དམུ་ཐག་ལགས། འདྲི་བ་འདོན་ཁྱེད་དང་ལྷོ་ཕྲུག་སྣ་བོ་ཆེ་གཉིས་མཉམ་བསྲེས་བྱུང་འདུག
གང་ལྟར་ཡང་། སྤྱིར་གཟུགས་ལ། འདོ་ཁམས་ཀྱི་གཟུགས། གཟུགས་ཁམས་ཀྱི་གཟུགས། བར་སྲིད་ཀྱི་གཟུགས། སྨོན་ལམ་དབང་གིས་ཡིད་ལུས་ཀྱི་གཟུགས། ལོངས་སྤྲུལ་གཉིས་ཀྱི་མཚན་དཔེའི་གཟུགས། དེ་ཚོ་ལས་ཀྱང་ཕྲ་བ་སྔགས་ལུགས་ལ། སྒྱུ་ལུས། སྟོང་གཟུགས། འཇའ་ལུས་སོགས་ཀྱང་གཟུགས་ཅན་དུ་འདོད་དགོས་ཡོད་དྲན།
ངའི་མཆན་གྲངས་༦༨པར། “ངོ་བོའི་དབང་དུ་བྱས་ན། འོག་ཡི་དྭགས་ཀྱི་རིགས་ནས་མཐོ་ལྷ་མ་ཡིན་བར་དུ་ཡོད་པར་འདོད། དེས་ན་གཟུགས་མེད་ཞིག་ལ་བྱེད་ལས་བཟང་ངན་གྱིས་དབང་དུ་བཞག་དགོས་པས། ལྷ་འདྲེ་གཞི་གཐུན་ཡོད་དགོས་ཏེ། རང་གི་འདྲེ་རུ་རྩིས་པ་དེ། གཞན་གྱིས་ལྷར་རྩིས་ན། གཞི་གཅིག་ཉིད་ཀྱིས་ལྷ་གདོན་གཞིས་ཀའི་དོན་བྱེད་པ་ཡོད་པའི་ཕྱིར།”
མདོར་ན། འདྲེ་ནི་སེམས་ཅན་བྱེ་བྲག་པ་ཅིག ཡིན་དགོས་ཏེ། གདོན་འདྲེར་སྐྱེས་སྟངས་མང་ཆེ་བ། རང་ཤི་བརྒྱབ་པ་དང་། རང་གི་མིག་གི་མདུན་དུ་དགྲ་ཡིས་ག་ལེར་དམར་བསད་བཏང་བ་དང་། སྨོན་ལམ་ལོག་པས་དགྲ་ཤ་ལེན་འདོད་ངང་ལ་འཆི་བ་དང་། གློ་བུར་འཇིགས་དངངས་སྐྲག་བརྡབ་སྐྱོན་སོགས། འཆི་ཁ་མར་དངངས་འཇིགས་ངང་བཀྲོང་པའམ་འཆི་བ་ཚོའི་ནང་གདོན་འདྲེར་སྐྱེ་བ་མང་བ་མེད་དམ།
ཁ་དཔེ་ལ། སྐྱེས་ཐེངས་གཅིག་ལ་ཤི་ཐེངས། མི་ཡོང་བར་བྱ་དགོས་གདམས་ལུགས་བལྟས་ན། དཔེར་ན། མི་ཅིག འཆི་ཁ་མ་དེ། དེ་ནས་གདོན་འདྲེར་ལས་དབང་གིས་སྐྱེས་དུས། མི་དེ་གཞན་ཀུན་ལྟར་དེ་ཡི་སྐྱི་ཕྱི་མ་དེ་ཡི་བར་སྲིད་དེར་འགྲོ་ཐུབ་པར། ཚེ་འདི་ཡི་སྐྱོན་ཡོན་གཉིས་མི་བརྗེད་པར། དཔེར་ན་དགྲ་ཤ་ལེན་དགོས་ན་སྔར་མི་ལུས་སྐབས་ཀྱི་དགྲ་གཉེན་ངོ་ཤེས་མཁན་གྱི་གཟུགས་ཕྲ་བའི་ལུས་ཞིག་ལེན་དགོས་ལ། གཟུགས་ཅན་དེ་ཉིད་ཀྱིས་སྔར་གྱི་དགྲ་རྙིང་པ། ལས་རླུང་དམའ་བ་ཚོ་ལ་གནོད་ཐུབ་པ་དང་། ལས་དང་རླུང་རྟའམ། རྟོགས་པ་མཐོ་བ་སྔགས་འཆང་སོགས་ཀྱིས་སྦྱིན་སྲེག་མེར་བསྲེགས་ཐུབ་པ་སོགས་ཡོང་བགྱིད་ཡོད་པ་འདྲ།
དེས་ན། གནོད་སའི་མི་གཉིས་པོའི་མིག་ལམ་ལ་མེ་སོགས་ལུས་མི་སྡུག་པ་ཇི་འདྲ་ཞིག་སྣང་ཡང་འདྲེ་ཡིས་སྤྲུལ་འགྱུར་ལུས་མི་འདྲ་བ་སྣང་བ་ལས། མིག་ལམ་ལ་འདྲེ་ཁོ་རང་སྣང་བ་མི་སྲིད་དེ། སེམས་ཅན་ལྡན་མིན་འདུ་བྱེད་ཅིག་ཡིན་པའི་ཕྱིར་རོ། །
ཁ་དཔེ་ལ། སྐྱེས་ཐེངས་གཅིག་ལ་ཤི་ཐེངས་”གཉིས”། ལ་བཅོས་རོགས།
གཞོན་ནུ་ཟླ་མེད་ལགས།
ཁྱེད་རང་འཕྱི་བའི་ཤ་བཟའ་མཁན་ཞིག་ཡིན་ས་རེད།
ང་ཚོའི་པ་ཡུལ་ཕྱོགས་ལ་འཕྱི་བའི་ཤ་བཟའ་མཁན་ལ་རྩོག་ལྟ་གི་རེད།
འཕྱི་བ་སོགས་ཀྱི་ཤ་རིགས་ལ་ཤུལ་ཤ་ཞེས་ཟེར་ནས་རྩོག་བལྟ་གི་རེད།
ལྟས་ངན་འདི་ཚོས་བཤད་རྒྱུ་མ་རག་ནས་ཅི་བཤད་འདི་བཤད་མི་འདུག
བོད་ཡིག་འབྲི་ཤེས་པའི་དོན་གོ་འདི་འདྲ་ཞིག་ལས་མེད་ན་ཆོ་མི་འདུག
ད་ཁྱེ་ཚོར་བཤད་ཡ་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྷག་འདུག
ཤོད་དང་།
སྤྱོད་འཇུག་ལས། དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ངའི་རྒན་ལགས་་ཀྱིས་དོམ་ལ་འབྱར་སོང་སྙམ་པ་ཅིག་འདུག་ཀྱང་། འདིར་འཕྱི་བ་ལ་འབྱར་འདི་བློར་འཆར་བདེ་བ་འདུག
གཞོན་ནུ་ཟླ་མེད་ཀྱིས། ་་་རྒན་རྒོན་ཚོས་ཤེས་མི་ཉན། རྡུང་ནི་རེད། གསུངས་པ་དང་། ལ་སྟོད་བུ་ལགས་ཀྱིས། ་་་་་འཕྱི་བའི་ཤ་བཟའ་མཁན་ལ་རྩོག་ལྟ་གི་རེད། གསུངས་པ་ལྟར་ང་ཆུང་དུས་ཕ་མ་མཉམ་དུ་བཙན་བྱོལ་ཡོང་དུས་ལམ་ཁར་གད་སྟོད་ཟེར་བའི་ཡུལ་དེར་ཁྱི་ཡིས་བསད་པའི་འཕྱི་བའི་རོ་ལ་རྩེད་རོགས་མཉམ་དུ་རོ་འདོན་པའི་རྩེད་མོ་རྩེད་དུས་ཕ་མའི་ལག་པ་འཆང་ན་ཡང་། འགྲིག་བགྱིད་མ་རེད་ཟེར་ནས། རྣམ་རྟོག་བྱས་ནས་རྡུང་འདེགས་རག་འགྲོ་བྱས་མྱོང་། དྲན་པ་ཅིག་ལ་དེ་དུས་སྤྲང་པོ་འཁྱམ་པོའི་ཕ་ཡུལ་སྐད་དུ་ཡ་ཝེ་ཟེར་བ་དམངས་རིགས་རིགས་ངན་དུ་བརྩིས་སའི་དེ་ཚོས་རྒྱུག་པ་སྒང་ལ་རོ་དང་པགས་པ་བསྒྲོགས་ནས་འཁྱེར་འགྲོ་བ་མཐོང་མྱོང་། ཁོ་ཚོས་ཀྱང་ཤ་ཟ་བགྱིད་ཡོད་མེད་མི་ཤེས་ཀྱང་། པགས་པ་ཉོ་ཚོང་བྱེད་བགྱིད་ཡོད་པ་ཤོད་མི་དགོས་པ་རེད་འདུག
ཡང་འཕྱི་བ་བསད་རྗེས་སུ་ཁོག་པ་གཤགས་ནས་ནང་དུ་རྡོ་ཚ་བོ་བླུགས་ནས་མར་བསྲེགས་བཏང་ནས་ཟ་བ་སོག་རིགས་རྔོན་པའི་རིགས་འགས་འདི་འདྲ་བྱས་ནས་ཟ་བ་དངོས་བྱུང་གློག་བརྙན་ནང་དུ་མཐོང་བྱུང་།
ང་ཚོ་བོད་རིགས་ཀྱིས་ཤ་གང་བྱུང་མི་ཟ་བ་འདི་ཡོན་ཏན་ཅིག་རེད་འདུག གཞན་ཟ་མཁན་ལའང་རྣམ་རྟོག་རིགས་ངན་དུ་བརྩིས་པ་འདི་ཡང་བསམ་བློ་རྗེས་ལུས་རེད་འདུག་སྙམ་མོ། །
དྲན་འགྱུར་བྱི་བའི་དུག་བཞིན་ནོ།། སྤྱོད་འཇུག་གི་ཚིག་འདི་ནི་དབུ་སེམས་གཉིས་ཀྱི་རྩོད་པ་ཆེན་པོ་ཞིག་རེད། དབུ་མའི་ཚད་འགོག་ཟེར་བ་དེ་རེད། སེམས་ཙམ་པས་ནི་རང་རིག་ཚད་མ་ཟེར་བ་ཞིག་མེད་ན་དུས་ཕྱིས་སུ་ངས་དེ་དུས་མི་དེ་འདྲ་ཞིག་མཐོང་མྱོང་ཞེས་དྲན་པའི་ཡུལ་ཅན་དྲན་པ་དེ་ཅི་ལྟར་འོང་པ་རེད་ཅེས་དབུ་མ་བ་ལ་རྩོད། དབུ་མ་བ་ནས་སྔར་ཡུལ་ཅན་མྱོང་པའི་རང་རིག་མེད་ན་ཡང་། དུས་ཕྱིས་སུ་དྲན་པ་སྐྱེས་པ་མི་འགལ་ཏེ། དཔེར་ན་དགུན་གྱི་དུས་སུ་འཕྱི་བ་ཁུངས་ན་ཉལ་བ་ན། བྱི་བས་རྨིག་པ་སྟེ་སོ་རྒྱབ་ན་ཡང་། སྐབས་དེ་དུས་རྨིག་པ་མི་མྱོང་མོད། འོན་ཀྱང་དུས་ཕྱིས་དབྱར་ཟླ་དྲུག་པའི་ནང་དུ་འཕྱི་བ་ལ་བྱི་དུག་མྱོང་ཡོང་བ་དང་འདྲ་བར། དུས་ཕྱིས་ཡུལ་ཅན་དྲན་ཡོང་བ་མི་འགལ་ལོ་ཟེར་ནས་ལན་བཏབ་པ་རེད་ཟེར།
འོན་ཀྱང་དོག་པ་གཅིག་ཡོད་པ་ནི། སྤྱོད་འཇུག་རྩོམ་པ་པོ་ཞི་བ་ལྷ་ནི་རྒྱ་གར་གྱི་ཡུལ་དབུས་ཀྱི་མི་ཞིག་རེད། འཕྱི་བའི་དབྱར་དགུན་གྱི་ཁྱད་པར་ཇི་ལྟར་ཤེས་པ་ཡིན་ན། ཁོ་བོད་ལ་སོང་མ་མྱོང་ལ། རྒྱ་གར་ཡུལ་དབུས་ན་འཕྱི་བའི་དབྱར་དགུན་གྱི་སྤྱོད་པ་སོགས་མེད་པས་སོ།
ད་ཀརྡོ་ལ་དྲི་བ་གཅིག་ཡོད་པ་ནི། གལ་ཏེ་བྱི་དུག་ཕོག་ས་དེ་དོམ་ཡིན་པའི་དབང་དུ་བྱས་ནས་གཞུང་བཤད་ཅིག་བྱོས་དང་། གཅིག་བྱས་ན་གཞུང་དོན་དང་གཞོལ་བ་ཡོད་ཀྱི་རེད། ངས་ནི་སྤྱོད་འཇུག་འགྲེལ་བ་ཁ་ཤས་བལྟ་མྱོང་མོད། འོན་ཀྱང་དོམ་ལ་སྦྱར་བ་མཐོང་མ་མྱོང་། འཕྱི་བ་ལ་སྦྱར་བ་ཡང་གསལ་ཁ་མེད་མོད། འབྲས་སྤུངས་གི་དགེ་རྒན་རྒན་རབས་པ་ཚོས་བྱི་དུག་ཕོག་ས་དེ་འཕྱི་བ་ལ་སྦྱར་ནས་བཤད་པ་གནང་གི་འདུག
འདི་དབུ་མ་བའི་རང་རིག་ཚད་མ་འགོག་པའི་རིགས་པའི་རྣམ་གྲངས་དྲག་གྲས་ཞིག་གི་ཁུངས་ཡིན་པས་སྤྱོད་འཇུག་འགྲེལ་བ་ཙམ་དུ་མ་ཟད། དབུ་མའི་གཞུང་གཞན་དཔེར་ན་དབུ་མ་འཇུག་པའི་ཚད་འགོག་ལྟ་བུ་ལ་མཚོན་ན་ཡང་སྤྱོད་འཇུག་གི་གཞུང་འདི་དྲང་ནས་བཤད་པ་གནང་ཡོང་གི་རེད།
ལ་སྟོད་ཀྱིས་བཤད་པ་དེ་བདེན་པ་རེད། ང་ལ་མཚོན་ན་ཆུང་ཆུང་སྐབས་སུ་བྱིས་པ་མ་རབས་གྲས་ན་ཡོད་པ་རེད། བྱིས་པ་མ་རབས་ཚོས་ལས་ཀ་ག་རེ་ལས་ཀི་ཡོད་ན་ང་དེར་སླེབས་ཡོད་པ་རེད། ཐ་ན་སྐྱུང་ཀ་མཆུ་ཏོ་དམར་པོ་ཅན་དེའི་ཤ་ཡང་ཟ་མྱོང་། ཡུལ་སྲོལ་བྱས་ནས་སྐྱུང་ཀའི་ཤ་མི་ཟ། རྫ་ཁའི་གོལ་ཡག་གི་ཤ་ཟ་མྱོང་། བྱ་གང་ཟེར་བའི་ཤིང་ནགས་ནང་གི་བྱ་ཆེན་པོ་དེའི་ཤ་ཡང་ཟ་མྱོང་། འདི་ཚང་མ་ངའི་ཨ་མྱེས་སྟེ། ཨ་མའི་ཕ་དེས་རྩ་ནས་ཤེས་ཉན་གྱི་མ་རེད། དེ་མིན་ངའི་འགྲོ་འདུག་དེ་ཕ་མ་གཉིས་ཀྱིས་ཚོད་འཛིན་བྱེད་བཞིན་ཡོད་མོད། འོན་ཀྱང་ཕ་མ་གཉིས་ཀ་ལས་ཀ་སོང་ཤུལ་ན། ང་ལ་ཐོབ་པ་ནི་བྱིས་པའི་རང་དབང་དེ་རེད། དེའི་སྐབས་སུ་རང་དབང་དེ་བེད་སྤྱོད་བཏང་བའི་ས་མཚམས་ལ་ཚད་བཀག་ཡོད་ཀྱི་མ་རེད། ངས་འཕྱི་བའི་ཤ་ཟ་མྱོང་། རྡོ་བསྲེགས་བརྒྱབ་ནས་ཟ་མྱོང་།
འབའ་མང་ར་ན་འཕྱི་བ་གསོད་མཁན་མི་རྒན་ཞིག་ཡོད་པ་རེད་ཟེར། ཁོང་གིས་གདུགས་དཀར་ཁ་དོན་བྱེད་བཞིན་བྱེད་བཞིན་འཕྱི་བ་གསོད་པར་དགའ་ཟེར། སྐྱེ་སྨན་ཞིག་གིས་ཁོང་གི་གདུགས་དཀར་གྱི་འདོན་པ་དེ་ཁ་བསྒྱུར་ནས་འདི་ལྟར་བཏོན་པ་རེད་ཟེར། རྒྱ་ནག་སྐད་དུ། ཧ་ལ་ཧ་ཏི་། བོད་སྐད་དུ། ཚིལ་དཀར་པོ་ཅན་གཞན་གྱི་ཟ་མི་ཐུབ་པ་ཀླད་རྫོགས་པ་ཆེན་མོ་ཞེས་བྱ་བའི་གཟུངས། ཞེས་པ་ནས། གདོང་རྒན་སྟེང་ནས་རྣམ་པར་རྒྱུགས་མ། ། འཇབ་ཅིང་འཇབ་ཅིང་རྗེས་སུ་རྙེག་མ།། སློག་པའི་ཐུལ་བ་འོག་ཏུ་བཏིངས་མ།། མཛུག་གུ་མན་ཤུ་༼མན་ཤུ་ནི་མེ་མདའི་མཛུ་གུ་མནོན་སའི་མིང་༽ནང་དུ་རྒྱུས་མ།། རྐག་སེ་བཏང་ནས་འཕྱི་བ་གསོད་མ།། སོགས་གདུགས་དཀར་ཡག་པོ་དེ་འདྲ་འདོན་རྒྱུ་ཡོད་པ་རེད།
གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་དེ་རང་རེད། ངས་ཟེར་བ་དེ་འཕྱི་བ་རང་ཡིན། སྤྱོད་འཇུག་གི་དྲན་པའི་རྟགས་ལས་མྱོང་བྱེད་སྒྲུབ་པའི་དཔེར་བཀོད་པའི་འཕྱི་བ་དེ་ཡིན་སྲིད།
འོན་ཀྱང་སྤྱོད་འཇུག་གི་དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་པའི་བྱི་བ་དེ་ནི་འཕྱི་བ་ཡིན་མི་སྲིད། གཞུང་ལུགས་སུ་གསལ་ཁ་གཙང་སང་བ་ཞིག་ནི་མི་འདུག འགའ་ཞིག་གིས་འདིིའི་བྱི་བ་དེ་བྱི་དུག་དྲན་མཁན་གྱི་འཕྱི་བར་སྦྱོར་བ་དང་། ཡང་འགས་བྱི་བ་དེ་བྱི་དུག་གཏོང་མཁན་དེ་དང་བྱི་དུག་དྲན་མཁན་དེ་ནི་ད་ལྟ་ང་ཚོས་གླེང་བཞིན་པའི་འཕྱི་བ་ཟེར་བ་དེ་ཡིན་ཟེར་སྲོལ་འདུག ཕྱི་མ་འདི་ལེགས་པར་སྣང་སྟེ། འཕྱི་བ་དགུན་དུས་ས་ཁུང་དུ་གཉིད་ནས་ཕྱིར་ཐོན་ཡོང་བའི་དཔེ་མེད་ལ་དཔྱིད་དུས་འབྲུག་སྒྲ་ཐོག་མར་སྒྲོག་པའི་ཚེ་ཁུང་བུ་ལས་ཕྱི་རོལ་དུ་ཐོན་བཞིན་ཡོད། ང་ཚོའི་རྒན་རྒོན་ཚོས་འབྲུག་སྒྲ་འདིས་འཕྱི་བ་གཉིད་ལས་སློང་བཞིན་ཡོད་ཟེར་སྲོལ་འདུག དེས་ན་འབྲུག་སྒྲ་བསྒྲགས་པ་དང་བྱི་དུག་ཞུགས་པ་དྲན་ཟེར་བ་འབྱོར་བར་སྣང་ངོ་། །
བྱི་བ་ནི་ཙི་ཙིའི་མིང་ཡིན།
གཞོན་ནུ་ཟླ་མེད། རྒྱ་གར་ཡུལ་པ་བ་ཞིག་གིས་བཀོད་པའི་དཔེ་ཡིན་ན། དཔེ་དེས་བསྟན་རྒྱུ་གང་དེ་ངེས་པར་རྒྱ་གར་རང་དུ་ཡོད་དགོས་པར་བསམ་ན་ནི་ཅུང་གུ་དོག་རང་དྲགས་པ་མིན་ནམ། ང་ཚོའི་བོད་རྒན་ཚོའི་སྙན་ངག་གི་ཉམས་འགྱུར་འདོན་ས་ཡོད་ན་མེད་ནའི་སེངྒེ་དང་གླང་ཆེན་། རྨ་བྱ་སོགས་ཀྱི་དཔེ་དེ་ཚོ་་་་་་་་་་ཨཱ།
འཕྱི་ནད་འདི་འགོས་སླ་ལ་འཆི་རྐྱེན་བྱེད་སླ་བའི་ཤིན་ཏུ་ཚབས་ཅན་གྱི་རིམས་ནད་ཅིག་རེད།
སྤྱི་ལོ་དགུ་ཅུ་གོ་གཉིས་གོ་གསུམ་གྱི་སྐབས་ཤིག་ཏུ་ཡིན། ངའི་ཡུལ་གྱི་རྔོན་པའི་ཁྱིམ་ཚང་ཞིག་གི་ལང་འཚོ་དར་བབ་ཀྱི་བུ་བཞི་དང་མི་ཚང་གི་ཕ་རྒན་བཅས་མི་ལྔ་གཅིག་རིམ་གཅིག་འཕྲོར་འཕྱི་ནད་ཟེར་བའི་འགོས་ནད་འདིས་རྐྱེན་ལམ་དུ་བཏང་སོང་། ཁོང་ཚོ་འཆི་དུས་ཀྱི་ནད་རྟགས་ནི་ངོ་གདོང་སླ་ངའི་ཞབས་མཐིལ་ལྟར་ནག་རྐྱང་ཆགས། མགོ་ནས་རྐང་རྩེ་བར་གྱི་ཡན་ལག་ཡོངས་རྫོགས་རྐྱལ་པ་ལྟར་སྐྲང་ཞིང་སྦོས་པར་འགྱུར་གྱིན་འདུག་ཟེར། ཐོག་མའི་ཆར་མགོ་ལ་ཟུག་གཟེར་གནོན་མི་ཐུབ་པ་ཞིག་རྒྱག་གི་ཡོད་པར་བཤད།
ཁྱད་མཚར་བ་ཞིག་ལ་ཁོང་ཚོའི་ཁྱིམ་ཚང་གི་ཨ་མ་དང་བུ་མོ་གཉིས་ཁོང་ཚོ་ནད་ཀྱིས་མནར་བའི་རིང་ཁྱིམ་གཅིག་ཏུ་མཉམ་ཟ་མཉམ་འཐུང་གིས་བསྡད་ཡོད་ཀྱང་ནད་གཞི་དེ་འགོས་མི་འདུག སྐབས་དེ་དུས་ང་ཚོ་དམངས་གཙུགས་སློབ་གྲྭའི་སློབ་མ་རྣམས་སོ་སོའི་ཁྱིམ་ཚང་གི་གཉེན་ཉེ་དང་ཐུག་འཕྲད་ཀྱི་འབྲེལ་བ་བཅད་ཅིང་། བཟའ་བཅའི་རིགས་སློབ་གྲྭ་རང་ནས་སྤྲད་པ་དྲན་གསོས་ཀྱི་འདུག ང་ཚོར་འཇིགས་སྣང་ཞིག་བྱུང་བ་ནི་རིམས་ནད་དེ་འགོག་སྲུང་གི་བྱ་བར་ནུས་པ་མ་ཐོན་པར་ཁྱབ་གདལ་དུ་ཕྱིན་ཚེ་ང་ཚོའི་ཡུལ་ལུང་གི་གྲོང་སྡེ་ཁག་གནམ་ཐོག་ནས་མེ་མཚོན་འཕངས་ཏེ་ཤུལ་མེད་དུ་གཏང་རྒྱུ་རེད་ཟེར།
གང་ལྟར་སྐབས་དེར་ལ་རྩེ་དང་ལུང་མདོ་ཡོངས་རྫོགས་ཀྱི་འགྲོ་ལམ་བཀག་སྟེ་ཡུལ་མི་ཕྱི་བསྐྱོད་དང་ཕྱི་མི་ནང་འཛུལ་གྱི་འབྲེལ་ཐག་ཡོངས་རྫོགས་དབུས་གཞུང་ནས་བཅད་པ་རེད། མེར་བསྲེགས་གཏོང་མིན་མི་ཤེས་ཀྱང་ཉེན་ཁ་ནི་ཧ་ཅང་ཆེན་པོ་ཡིན་པ་འདྲ།
འཕྱི་ནད་འཕོགས་པའི་གྲོང་སྡེ་དང་ཁྱིམ་ཚང་མེར་བསྲེགས་གཏོང་བའི་ལམ་སྲོལ་འདི་དུས་འགྱུར་མ་བྱུང་སྔོན་གྱི་ཆེས་རིང་དུས་ཤིག་ནས་ཡོད་པ་བཤད་སྲོལ་འདུག ང་ཚོའི་ཡུལ་གྱི་མི་མེད་ལུང་སྟོང་དང་ད་ལྟའི་གྲོང་སྡེ་ཁག་གི་ཁད་རིང་ས་དག་ཏུ་ལོ་རབས་བརྒྱ་ཕྲག་འགའ་ཞིག་ཕྱིན་སྙྱམ་བྱེད་པའི་ཁང་རུལ་དེ་འདྲ་ཡོད། རྒན་རབས་པ་ཚོས་བཤད་ན་དེ་ཚོ་ནི་སྔོན་དུས་འཕྱི་ནད་བྱུང་བའི་ཁྱིམ་ཚང་རིགས་ཤིག་ཡུལ་དེ་གའམ་ཡུལ་གཞན་གྱི་མིས་མེར་བསྲེགས་བཏང་བའི་འཇིགས་ཤུལ་ཡིན་ཟེར།
ཐེངས་དེའི་ནད་རིམས་དེའི་སྐད་གྲགས་རྩེད་ཐང་དང་རང་སྐྱོང་ལྗོངས་སོགས་སུ་ཁྱབ། རང་སྐྱོང་ལྗོངས་རང་ནས་སྨན་པ་དང་རྟོག་ཞིབ་པ་སོགས་ཧ་ཅང་མང་པོ་ཞིག་བཏང་འདུག ཁོང་ཚོའི་ལག་རྩལ་གྱིས་ཡིན་ནམ་གང་ལྟར་ནད་གཞི་བཅོས་ཐུབ་པ་བྱུང་ཡོད། འོན་ཀྱང་ལོ་དེར་ཆེས་མི་ལེགས་པའི་ལྟས་ངན་ཞིག་ང་ཚོའི་ཡུལ་གྱི་སྤྲང་ཁྱི་དང་ཙི་ཙི། རི་བོང་དང་འཕྱི་བ་སོགས་ཀྱི་མགོ་ཐོག་ནས་ཤར།
ཏང་གི་བཀའ་བཀོད་ལྟར་འབྲོག་ཁྱི་ཕུད་པའི་དེ་མིན་གྱི་བདག་མེད་ཁྱི་འཁྱམ་གྱི་རིགས་དང་ཞིང་ཁའི་ཙི་ཙི། རི་བོང་དང་འཕྱི་བ་སོགས་ཡོད་ཚད་གསོད་དགོས་པའི་དྲིལ་བསྒྲགས། རྫས་དུག་འབེལ་འབེལ་ལྷུག་ལྷུག་ཏུ་བཀྲམས། མཐོང་ཚད་བསད། གསོད་མང་ཤོས་ལ་གནང་སྦྱིན་དང་ངོ་བསྟོད་ཀྱང་བྱས། ཙི་ཁུང་དང་འཕྱི་ཁུང་ཡོད་ཚད་དུ་རྫས་དུག་བླུགས་ཏེ་ཁུང་སྒོ་ས་བཀག་བཏང་། ཙི་ཙི་དང་ཨ་བྲ་སོགས་ལ་ཡང་འཕྱི་ནད་ཀྱི་རིམས་ནད་འདི་གཅིག་མཚུངས་སུ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཏང་གི་བྱེད་སྟངས་འདི་དངོས་གནས་བསམ་ཞིབ་ནན་ཏན་མ་བྱས་པའི་ཧོལ་རྒྱུགས་རང་རེད། དེང་དུས་སྐྱེ་ཁམས་མ་ལག་གི་འཕེལ་འགྱུར་དང་ནང་ཁུལ་གཅིག་ལ་གཅིག་བརྟེན་གྱི་ཆེས་རྙོག་འཛིངས་ཀྱི་ལྟོས་གྲུབ་དེར་བསམ་ན་འདི་ལྟར་ཡོད་ཚད་གསོད་དགོས་པ་དང་གཏུབས་དགོས་པ་ཞིག་མེད་པའི་ཐོག འདི་ལྟར་ཐལ་ཆའི་བྱ་སྤྱོད་ལག་བསྟར་གྱི་འབྲས་བུ་དེས་སྐྱེ་ཁམས་ཁོར་ཡུག་སྤྱིའི་འཕེལ་འགྱུར་ལ་མི་ལེགས་པའི་ཤཱུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།
དུས་དེ་ནས་བཟུང་འཕྱི་ཤ་ལ་ཕུག་དང་མཉམ་དུ་རྡོག་བཙོས་བྱེད་པའི་འཚོ་བ་དེ་རེ་ཞིག་ངའི་ཡུལ་ནས་མཇུག་བསྒྲིལ་འདུག འོན་ཀྱང་འཕྱི་ལྤགས་ཐང་ཁུག་བཟོ་བའི་སྲོལ་རྒྱུན་དེ་དེང་སང་ཡང་མུ་མཐུད་ནས་ཡོད་པ་འདྲ། འཕྱི་ཤ་དང་ཕག་ཤ་གཉིས་ལ་གཙང་བཙོག་གི་ཚད་མཉམ་པར་བརྩི། འབྲོག་ཁུལ་དུ་ཡིན་ན་འཕྱི་ཕག་གི་ཤ་རིགས་སྦྲ་ནང་དུ་བཙོ་སྲོལ་མེད། ངེས་པར་སྦྲ་ལས་ཁད་རིང་སའི་སར་བཙོ་བར་འགྲོ་དགོས། འོན་ཀྱང་ང་ཚོའི་འབྲོག་རྒན་ཚོས་འགྱིགས་རིགས་དང་རྫས་ངན་མེར་བསྲེགས་བྱ་རྒྱུར་འཛེམས་ཆ་བྱེད་པ་ཞིག་དྲན་གསོས་ཀྱི་མི་འདུག
ཁྱད་མཚར་བ་ལ། འབྲོག་ལྷ་དང་ཀླུ་བཙན་ཟེར་བ་དེ་ཚོ་རྫས་ངན་འདི་ལྟ་བུའི་དྲི་མ་འཐུལ་བས་གནོད་པ་མི་ཕོག་ས་ཞིག་ལ་འཕྱི་ཤ་དང་ཕག་ཤ་མེར་བསྲེགས་ཀྱི་དྲི་མས་གནོད་སྐྱོན་ཤོར་ཆོག་ཆོག་གི་ཟེ་རེ་ཅན་འདི་འདྲ་བ་ཞིག་ཆགས་དགོས་པ་ཅི་བྱས་པ་ཡིན་ནམ།
ཏང་གི་བྱེད་སྟངས་ཞེས་པའི་དོན་རྒྱ་གཞུང་གི་བྱེད་སྟངས་ཟེར་བ་རེད། རེད་དམ།
ཀ་རྡོ་ལགས་ཀྱི་དགེ་རྒན་དེས། །
དྲན་འགྱུར་དོམ་གྱི་དུག་བཞིན་ནོ། །
ཞེས་པའི་སྤྱོད་འཇུག་གཟིགས་པ་འདྲ། །
ལྷོ་ཕྲུག་སྣ་བོའི་བཤད་པ་དེ་དེ་བཞིན་ནོ། ངས་ཀྱང་ཞི་བ་ལྷ་ལ་དོག་སློང་བྱེད་ཁུལ་བྱས་ཡོད་པ་དེ་ཀརྡོའི་དོམ་ལ་བཤད་པ་དེ་གསལ་བོར་ཡོང་བའི་ཆེད་དུ་ཡིན། དེ་མ་གཏོགས་ང་རང་གིས་གང་སྦྱང་པ་དེ་ལ་གཏན་འཁེལ་ཟིན་རྗེས་ཚད་མ་འཛིན་མཁན་ཞིག་ཡིན་པས་ཞི་བ་ལྷ་ལ་དོག་པ་ནམ་ཡང་མེད། དོམ་ལ་སྦྱར་ཟེར་བ་དེ་ངོ་ནས་གོ་མ་མྱོང་། ཚད་འགོག་འདི་དཔེ་ཁྲིད་རྒྱས་པ་བྱས་ནས་ཐེངས་གསུམ་ལ་ཉན་མྱོང་། དེ་བས་ན་ཞི་བ་ལྷ་ལ་ང་དོགས་པ་དུས་ནམ་ཡང་ཟ་གི་མ་རེད།
གཞོན་ནུ་ཟླ་མེད་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ངོ་མ་བདེན་པ་རེད།
ཆུང་བྱིས་པའི་དུས་ཅི་ཟ་ཅི་འཐུང་མེད་ཅིང་ཟས་ལ་བཟང་ངན་སོགས་འཛིན་པ་གང་ཡང་མེད་ཅིང་ལྷག་པར་དུ།
གདམས་པ་ཟབ་མོ་འགའ་ཞིག་ནས་ཟས་ནོར་དང་ནོར་ལོངས་སྤྱོད་ལ་ཆགས་ཞེན་དང་བྲལ་བ་བྱིས་པ་ལྟ་བུ་ཞིག་དགོས་ཞེས་ཀྱང་གོ་མྱོང།
སེམས་ཙམ་པས་རང་རིག་སྒྲུབ་བྱེད་ཀྱི་དཔེ་ཡོད་ན་མེད་ན་ནི་འཕྱི་བ་རེད།
དགུན་དུས་འཕྱི་བ་དང་དྲེད་མོང་ལས་སོགས་ས་ཁུང་དུ་གཉིད་ཉལ་བ་མིན་པར་ལྷན་སྐྱེས་སམ་རིགས་ཀྱིས་བསྡུས་པའི་སེམས་ཅན་དེ་དག་ལ་ཏིང་ངེ་འཛིན་ཞིག་ཡོད་པར་བཤད་ཅིང།
དེས་ན།དགུས་དུས་སུ་འཕྱི་བ་དེ་དག་ལུས་གཡོ་འགུལ་མེད་པར་ཏིང་ངེ་ལྷ་སྐྱེས་ཀྱི་ཏིང་ངེ་འཛིན་ནམ་བསམ་གཏན་གྱི་ངང་ལ་བསྡོད་པས་དགུན་དུས་སུ་སྦྲུལ་དུག་ཅན་གྱིས་སྨུགས་པ་ཡིན་ནའང་རེག་ཚོར་རྐྱེན་པོ་མེད་ཅིང་ལུར་ཚོར་ཚ་ཙམ་ལས་དེ་ཙམ་གྱིས་ཚོར་སྣང་ཆེན་པོ་མེད།
ཕྱིས་ནམ་ཟླ་དཔྱིད་ཀའི་དུས་སུ་འབྲུག་སྐད་སྒྲོགས་པ་དང་འཕྱི་བ་བསམ་གཏམ་ལས་ལང་པའི་དུས་ཡིན་པས་གཞི་ནས་རང་ལུས་ལ་སྔར་དགུན་དུས་སུ་སྦྲུལ་དུག་ཅན་གྱིས་སྭོ་རྒྱབ་པར་དྲན་ཚོར་ཞིག་སྐྱེས་པར་བཤད་པ་དེ།
དུས་ཕྱིས་དྲན་པའི་རྟགས་ལས་རང་མྱོང་རང་རིག་གི་ཤེས་པ་ཡོད་པར་སྒྲུབ་ཀྱི་ཡོད།
བོད་སྟོད་ཕྱོགས་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་མི་རྣམས་ཀྱིས་འཕྱི་བ་དང་རྟ་རྐྱང་ལས་སོགས་ཡ་སྭོ་ཅན་གྱི་ཤ་རིགས་ལ་ཤུལ་ཤ་ཞེས་ཟེར་ཞིང་བཟའ་སྲོལ་མེད།
ཤ་དེ་རིགས་བཟའ་མཁན་གྱི་མི་ལ་ཤུལ་དྲི་ཞེས་དྲི་ངན་ཞིག་བྲོ་སྲོལ་ཡོད་པས་མི་རྣམས་ཀྱིས་རྩོག་ཏུ་ལྟ་གི་ཡོད།
འོན་ཀྱང་བོད་ལ་དུས་འགྱུར་བྱུང་སྐབས་མི་མང་པོས་ཟས་མེད་པས་ཤ་དེ་རིགས་ཀྱང་མ་ཟས་རང་ཟས་ཐུག་ཡོད་པར་བཤད།
དུས་ཚོད་བྱུང་ན་ཁ་སྔོན་ངས་འདྲེ་དང་གདོན་གྱི་རྣམ་གྲངས་ཤིག་བཤད་ཡོད།
དེ་ཚོར་འགྲེལ་བཤད་འདྲ་བྱུང་ན་བསམ་ཡོད།
ལེགས་པར་ཉོན་ཅིག་མེ་དཀར་ལགས། །
དྲན་འགྱུར་འཕྱི་བའི་དུག་བཞིན་ལྟར། །
དྲན་འགྱུར་དོམ་གྱི་དུག་བཞིན་འདི། །
དྲན་འགྱུར་བྱི་བའི་དུག་དང་འཁྲུལ། །
ཕྱག་དཔེའི་དགེ་རྒན་རིན་པོ་ཆེས། །
གསུངས་པ་འདི་ཉིད་བདེན་པ་འདུག །
ཚད་འགོག་དཔེ་འཁྲིད་ཐེངས་གསུམ་རྗེས། །
ད་དུང་ཐེངས་གསུམ་གསན་དགོས་འདུག །
ད་ཡང་བསྐྱར་འདྲེའི་སྐོར་བཤད་ན་ཨ་རི་ན་ (ghost hunters) ཟེར་བའི་འདྲེ་འཛིན་ཚོགས་པ་ཞིག་ཡོད་པ་འདྲ་འདུག ཚོགས་པ་དེ་དང་སང་འཛམ་གླིང་གང་སར་སྐད་གྲགས་འདྲ་ཡོད་ས་རེད། འོན་ཀྱང་ཁོང་ཚོས་འདྲེ་ཡོད་སའི་ཁང་པའི་ནང་སོང་ནས་དཔར་རྒྱག་པ་དང་། སྒྲ་ལེན་པ་སོགས་བྱེད་པ་ལས་འདྲེ་འདུལ་ཐུབ་ཀྱི་མེད་པ་འདྲ་འདུག http://www.youtube.com/watch?v=sKiL0rU9td4&feature=player_embedded#! འདི་བརྒྱུད་ནས་ཁོང་ཚོའི་ལྟད་མོ་ལ་བལྟ་ཐུབ།
འདྲེ་འཛིན་ཚོགས་པ་འདིས་འདྲེ་གང་མང་ཞིག་གི་གཟུགས་བརྙན་དང་སྒྲ་སྐད་ཕབ་ལེན་བྱས་དང་བྱེད་བཞིན་པའི་སྒང་རེད། ང་ཚོའི་ས་གནས་འདིའི་གྲོང་ཁྱེར་གྱི་མི་མང་ཁྲོམ་ར་དེར་ཡང་མཚན་དཀྱིལ་དུ་འདྲེ་ཡོད་པའི་སྐད་གྲགས་ཡོད་ཅིང་། སྐབས་རེར་ཕ་མ་རེ་འགས་རྩ་འཛུགས་བྱས་ཏེ་རང་རང་གི་ཕྲུ་གུ་ཁྲིད་ནས་ནམ་གུང་དེ་རུ་འདྲེ་ལ་ལྟ་ཉན་བྱེད་དུ་འགྲོ་སྲོལ་འདུག
ཀརྡོ་རབ་འབྱམས་པ་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱིས་གཟུགས་ཕྲ་རགས་ཀྱི་འཇོག་སྟངས་འདིས་ཕྲན་ལ་དོན་དངོས་ཀྱི་བློ་བསྐྱེད་གསར་བ་མང་པོ་བྱུང།
གསོ་རིག་གི་གཞུང་རྣམས་ནས་གདོན་འདྲེ་དང་དེས་གནོད་པ་ལས་བྱུང་བའི་གདོན་ནད་ངོས་འཛིན་སྐབས།
རང་རྒྱུད་ཀྱི་གཉིས་འཛིན་ཀུན་བརྟགས་དང་གཟུགས་མེད་གནོད་བྱེད་ཀྱི་གདོན་འདྲེ་གཉིས་ཚོགས་པ་ལས། སེམས་ཅན་རྣམས་ཀྱི་བླ་ཚེ་སྲོག་གསུམ་ལ་གནོད་པར་འདོད་ཀྱི་ཡོད། སྐུ་ཉིད་ཀྱིས་རྩ་བའི་གདོན་འདྲེ་ཟེར་བ་བློ་ལ་འཆར་ཚུལ་དང་དེས་ལུས་སེམས་ལ་གནོད་རྐྱེན་འབྱུང་ཚུལ་སོགས་ཅི་འདྲ་ཡིན་མིན་ཐད།
ཟབ་མོ་ནང་དོན་ནས་གསུང་སྟངས་དང་སྐུ་ཉིད་སྒེར་གྱིས་དགོངས་ཚུལ་ཅི་འདྲ་ཡོད་དམ། ཞེས་འདྲི་རྒྱུ་དེ་ཡིན།
ད་ང་ཚོས་འདྲེ་ཙ་ར་གཅོད་དང་དེ་ཐོབ་ན་ལྷ། ཀླུ། གཉན། ཞི་བདག་སོགས་དུ་མ་ཞིག་རང་བཞིན་གྱིས་རྙེད་སྲིད།
ངའི་མཆན་བུ་༨༦པར། མི་དེ་གཞན་ཀུན་ལྟར་དེ་ཡི་སྐྱི་༼སྐྱེ་བ་༽ཕྱི་མ་དེ་ཡི་བར་སྲིད་དེར་འགྲོ་༼མ༽ཐུབ་པར། ལ་བཅོས་ནས་ཀློག་རོགས་གནང་།
དམུ་ཐག་དཀར་པོ་ལགས་ཀྱིས། ཟབ་མོ་ནང་དོན་ནས་གསུང་སྟངས་དང་སྐུ་ཉིད་སྒེར་གྱིས་དགོངས་ཚུལ་ཅི་འདྲ་ཡོད་དམ། ཞེས་པའི་ལན་དུ། ཟབ་མོ་ནང་དོན་ནང་ལ་གོང་གི་༦༨པར་མདོ་ལུགས་སུ་བྱིས་པ་བུམ་ ཆུང་སོགས་སུ་བྱིས་པའི་གདོན་ཆེན་བཅོ་ལྔ་སོགས་དང་། སྔགས་ལུགས་ལ་གཅོད་གཞུང་སོགས་ནང་འདྲེ་གདོན་མཐའ་ཡས་པ་ཅིག་གསུངས་འདུག་དང་།
ད་དུང་ཅུང་ཟད་བསྣན་ན། བཅོམ་ལྡན་འདས་ཀྱིས། ཡི་དྭགས་ཨ་མ་ཞིག་ལ་ཕྲུ་གུ་༥༠༠ཙམ་སྐྱེས་པ་འདིས་མི་ཡི་ཕྲུ་གུ་མང་པོར་ཚེ་སྲོག་ལ་ཤིན་ཏུ་གནོད་ཆེ་བས་མ་དེ་ཡི་ཕྲུ་གུ་གཅིག་གནས་སྐབས་རིང་བཅོམ་ལྡན་འདས་ཀྱིས། རང་གི་ལྷུང་བཟེད་ཁ་བུབ་པའི་འོག་ཏུ་སྦས་ནས་མཐར་ཡི་དྭགས་མོ་དེ་བཏུལ་བའི་ལོ་རྒྱུས་སོགས་ཡོད། སློབ་དཔོན་རིན་པོ་ཆེའི་བརྒྱགས་བརྔན་ལྷ་བསངས་ནང་ལྷ་འདྲེའི་མང་པོའི་མཚན་དང་གནས་བཞོན་པ་སོགས་གསུངས་པ་མང་ངོ་། ཆོས་ལུགས་ཚང་མའི་ནང་ལ་ལྷ་འདྲེ་ཡོད་པའི་ལུང་མང་པོ་ཡོད་པ་ཐམས་ཅད་ཡིད་ཆེས་དཀའ་ནའང་གང་མང་ལྟ་ཀློག་དགོས་པ་གལ་ཆེར་མཐོང་།
གདོན་འདྲེ་ཡོད་དགོས་པའི་མཐའ་གཞན་འགོག་པའི་རིགས་པ་གཅིག་ནི། མི་དང་དུད་འགྲོ་མིན་པའི་གསུམ་པ་སྲོག་ཆགས་སམ། གཟུགས་མེད། རྣམ་ཤེས་ཙམ་མམ། གཟུགས་ཅན་ཕྲ་མོའི་ལུས་ཅན་ཞིག་ཡོད་དམ་མེད། ཡོད་ན་འདི་འདྲའི་རིགས་ཅིག་མི་ལ་གནོད་པའི་འདྲེ་ཅིག་ཡོད་པར་འདོད་ན། ལུང་དང་རིགས་པ་གང་གིས་ཀྱང་གནོད་མི་ཐུབ་ལགས།
ཁྱེད་ཀྱི་གསོ་རིག་ལུང་འདྲེན། རང་རྒྱུད་ཀྱི་གཉིས་འཛིན་ཀུན་བརྟགས་དང་གཟུགས་མེད་གནོད་བྱེད་ཀྱི་གདོན་འདྲེ་གཉིས་ཚོགས་པ་ལས། གསུངས་པ་འདིའི་ནང་དོན་གྲོང་གསེབ་པ་ཅི་ཡང་མི་ཤེས་མཁན་ཅིག་གིས་གོ་ཐུབ་པར་ང་རང་གི་བསམ་ཚོད་ཅིག་གིས་ནང་དོན་བཀྲལ་ན། གནོད་སའི་མི་འདི་ཡི་མིག་ལམ་དུའམ། རྨི་ལམ་མམ། མ་མཐར་ཡང་རྣམ་རྟོག་ལ། མི་དང་དུད་འགྲོ་མ་ཡིན་པའི་གཟུགས་ཅན་འགུལ་བ་༼གདོན་འདྲེ༽ཞིག་སྣང་ནས། དེས་མི་དེ་ན་བ་དང་། འཇིགས་པ་ཙམ་མ་ཟད། དེའི་རྐྱེན་བྱས་ནས་ཐ་ན་འཆི་རྐྱེན་དུ་འགྱུར་བ་རེད་སྙམ། ནད་པ་དེ་དང་འདྲེ་དེ་ཡི་བར་ལ་བུ་ལོན་ལན་ཆགས་ལྟ་བུའི་ལས་འབྲེལ་ཅིག་མེད་ན་མི་འབྱུང་བར་ནང་པའི་གཞུང་སྤྱི་ཡི་འགྲོ་ལུགས་རེད།
འདི་ནི་ངའི་སྒེར་གྱི་བསམ་ཚུལ་དང་། སྒེར་གྱི་ཉམས་མྱོང་གི་དབང་དུ་བྱས་ན། རང་ལོ་༢༥བརྒལ་བའི་རྗེས་སུ་
ལྷ་འདྲེ་སྣང་འཕྲད་ཉམས་མྱོང་ཚར་གསུམ་ཙམ་བྱུང་མྱོང་ཡང་། འདི་ཡི་སྐོར་ཁ་བརྡའི་ནང་ལ་ཁྲོམ་བསྒྲགས་བྱ་མི་རུང་སྙམ་པ་འདིས་འཇིགས་ནས་འདིར་མ་བྲིས།
དམུ་ཐག་དཀར་པོ་ལགས་སམ། སུ་རུང་ཞིག་གིས་བླ། ཚེ་དང་སྲོག་གསུམ་གྱི་ངོ་བོའི་ཁྱད་པར་རམ་མཚན་ཉིད་མཚན་གཞི་བཅས་གསུངས་རོགས་གནོངས།
ཁ་བརྡ་དྲྭ་རྒྱའི་ནང་མཆན་འགོད་པ་འགའ་རེས་གསང་སྔགས་བླ་མེད་ཀྱི་ནང་ཆ་ཡོངས་རྫོགས་བསྔོགས་ནས་བརྒྱ་འདུས་ཁྲོམ་ལ་བཀྲམས་ཚར་བ་རེད། ཁྱེད་རང་ཀརྡོ་རབས་འབྱམས་པ་རང་གི་འཕྲུལ་སྣང་གི་མྱོང་བ་བན་བུན་ལ་ཤར་བའི་འདྲེ་མཐོང་གི་མྱོང་སྣང་འདིར་འཆད་རྒྱུར་འཇིགས་གསུངས་ན་དེ་ནི་སྙིང་ཤ་བསྟན་ནས་ངོ་ཤ་བསྟན་རྒྱུར་འཛེམས་ཆ་བྱེད་པའི་ངང་ཚུལ་ཙམ་དུ་ཁོ་བོ་འདོད་དོ།། ཧ་ཧ་སྐུ་རྩེད་ཡིན་ཏོ།།
སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པ་ལྟར་དྲོད་དང་རྣམ་ཤེས་གང་རུང་གི་རྟེན་བྱེད་པའི་ཚེ། སྲོག་གི་མཚན་ཉིད་དུ་མཁས་པས་བཤད་དོ། །
གསལ་བར་བཤད་ན་སྲོག་གམ་ཚེ་ཞེས་པ་དེ་དྲོད་དང་རྣམ་ཤེས་གང་རུང་གི་རྟེན་བྱེད་པའི་ནུས་པ་ཞིག་གི་སྟེང་ནས་ངོས་འཛིན་དགོས་སམ་སྙམ། བླ་ཟེར་བ་ནི་དེ་འདྲའི་རྟེན་དུ་ངོས་འཛིན་པའི་ནུས་པ་དེ་དང་རྣམ་ཤེས་སམ་དྲོད་ཀྱི་དབར་འབྲེལ་བ་འཛིན་པར་བྱེད་པའི་ནུས་པ་ཞིག་ལ་ངོས་འཛིན་དགོས།
འགའ་ཞིག་བླ་དང་སྲོག་གཅིག་ཏུ་ངོས་འཛིན་པ་འདུག་ཀྱང་། བླ་འཁྱར་ནས་སྲོག་མ་ཆད་པའི་སེམས་ལྡན་ཡོད་ཕྱིར་འཁྲུལ་ལོ།།
ནུས་པ་ཟེར་བ་འདི་མཐོང་རྒྱུ་མེད་པའི་ཡོད་ཡོད་མང་པོ་དམ་བཅའ་བྱེད་མཁན་ཚོའི་སྐྱབས་བཅོལ་ས་ཡོད་ན་མེད་ན་དེ་རེད། དེང་སང་འཇིའུ་ཆོས་ལུགས་པ་ཚོས་ཀྱང་དཀོན་མཆོག་ཟེར་བ་ནུས་པ་ཞིག་གི་སྟེང་ནས་ངོས་འཛིན་གྱི་འདུག ང་ཚོས་རྟག་གཅིག་རང་དབང་བའི་དཀོན་མཆོག་ལ་བཏང་བའི་གནོད་བྱེད་དེ་ཚོར་ཁོང་ཚོས་ཁོང་དགོད་བྱེད་ཀྱིན་འདུག ཚན་རིག་པའི་ཤེས་བྱའི་ཁྱབ་ཁོངས་ནང་དུ་ཡང་ནུས་པ་ཟེར་བ་འདི་གལ་ཆེན་ཞིག་ཡིན་པ་འདྲ། དེས་ན་ང་ཚོས་ཚེ་སྲོག་ཟེར་བའི་ཡ་མཚན་པོ་འདི་ཡང་ནུས་པ་ཞིག་གི་སྒང་ལ་བཞག་བཞག་ན་སྐབས་ཤིག་རིང་མགོ་རྒྱན་རྒྱན་བྱས་ཏེ་བསྡད་རྒྱུ་ཡོང་ངེས།
ཨ་རོགས་ཆ་ཀ
ད་འདྲེ་སྒྲུང་མཚམས་བཞག་ན་ཧྲ་གི་པྭ།
ནུས་པ་ཟེར་བ་དེ་ཕལ་ཆེར་འདི་འདྲ་ཞིག་མིན་འགྲོ།
གཟུགས་བརྙན་མཐོང་ཐུབ་པ་དེ་མིག་གི་ནུས་པ་དང་།
སྒྲ་སྙན་གོ་ཐུབ་པ་དེ་རྣ་བའི་ནུས་པ།
དེ་བཞིན་་་རོལ་མངར་མྱོང་ཐུབ་པ་དེ་ལྕེའི་ནུས་པ་དང་། དྲི་ཞིམ་སྣོམ་པ་ཐུབ་དེ་སྣའི་ནུས་པ་སོགས་ཀྱིས་མཚོན། གཞན་རྣམས་དེ་དང་འདྲ་སེ་ཡོད་པ་མིན་ནམ།
བླ་ཡིད་སེམས་གསུམ།
༡་་་་་་་་ཀུན་གཞི་ལ་བག་ཆགས་བསགས་པས་བླ། བླ་དང་བླ་རྟགས་བླ་རི་བླ་གནས་སོགས་རྒྱས་པར་འབྲི་དགོས། བླ་ནི་འདུ་བྱེད་ཀུན་ཏུ་གཡོ་བ་དེ་བག་ཆགས་ཀྱི་རྗེས་སུ་འབྲེང་ཞིང༌། ཀུན་གཞི་ལ་ལས་སོགས་པའོ།
༢་་་་་་ཡིད་ནི། ཡུལ་སོ་སོར་འབྱེད་ཅིང་གཅོད་པར་བྱེད་པ་ཡིན་ལ། རྩ་སྟེ་ནང་གི་དོན་ལྔ་ལ་གནས་བཅས་པ་སྒོ་ལྔ་ལ་བྱེ་བྲག་སོ་སོར་ཁྱད་འབྱེད་པའོ།
༣་་་་་་་སེམས་ནི། ཤེས་རིག་དེ་དབུགས་ལ་བརྟེན། ཁྲག་ལ་ཞོན། རྩ་ལ་ཁྱབ་པར་མགོ་འཇུག་ཀུན་ཏུ་རྒྱུ་བ་དང༌། སྒོ་ལྔ་ལ་བརྟེན་ནས་ཡུལ་ལྔ་ལ་གཅོད་པས་ཡིད་ཤེས་དང་བདག་ཏུ་འཛིན་པ་ཉོན་ཡིད་ཀྱི་རྣམ་ཤེས་ཡིན་ཏེ། རྟེན་སྙིང་ལ་བཅས་པར་སེམས་ཀྱི་རྟེན་མོ་ཁབ་བསྒྲེངས་པ་ཙམ་ཅིག་སྙིང་དཀྱིལ་དུ་གནས། སྒོ་ལྔ་ནས་ཐོན་ཏེ་ཡུལ་ལྔ་ལ་སྤྱོད་པའོ། གཞན་ཡང་་་་་་་་སེམས་ནི་ཀུན་གཞིའི་བག་ལ་ཞ།
་་་་་་་་་་་་་་་་་་་ཡིད་ནི་ནམ་མཁའི་བྱ་བཞིན་ཕུར།
་་་་་་་་་་་་་་་་་བླ་ནི་ཟ་འདྲེ་བཤད་མས་ཁྲིད་ནས། སྡུག་བསྔལ་སྣ་ཚོགས་ཉས་སུ་མྱོང་བར་འདོད་དོ་ཞེས་གསུངས་སོ་ སེམས་རྒྱུད་གཅིག་ལ་དུམ་བུ་གསུམ་དུ་འཆད། བླ་དང་ཡིད་དང་སེམས་དང་གསུམ་དུ་འཛིན།
མདོར་བསྡུས་ཤིག་ལས་རྒྱས་བཤད་བྱེད་རྒྱུར་དྲྭ་རྒྱའི་ཤོང་ཚད་ལ་བསམ་ནས་མ་བྲིས།
མདོ་ལྷ་ཁམས་པ་ལགས།
ད་དུང་ངེད་ཚོས་འདྲེ་ཡི་སྐོར་ལ་དེ་ཙམ་གྱིས་སྣེ་བསྡུ་དགོས་པའི་དུས་ལ་སླེབ་མི་འདུག་སྙམས།
འཇིག་རྟེན་འདི་ཡི་མི་རྣམས་་འདྲེ་ཡོད་པར་ཁས་ལན་ཀྱང་རུང་མི་ལན་ཀྱང་རུང།
ཐམས་ཅད་འདྲེ་ཞེས་ཡོད་རྒྱུར་སྙམས་ནས་མཚན་མོར་དུར་ཁྲོད་དང་འཇིགས་རུང་གི་ས་གནས་རྣམས་སུ་འགྲོ་སྐྱོད་བྱེད་རྒྱུར་དྭོགས་པ་དང་བཅས་ཏེ་འགྲོ་མཁན་ཕལ་ཆེར་ཡིན་མཁན་ཤ་སྟག་རེད།
དེས་ན་ང་ཚོའི་འཇིགས་སའི་གནས་དེ་ག་འདྲེ་ཡིན་མིན་གྱི་ཐག་ཆོད་ནན་མོ་ཞིག་བྱེད་དགོས།
གལ་ཏེ་མེད་ན་མེད་པའི་ཐག་ཆོད་དང་ཡོད་ན་ཡོད་པའི་ཐག་ཆོད་གཅིག་བྱུང་ན་ངེས་ཤེས་བརྙེད་དེ།
འདི་བྱ་འདི་བྱེད་ཀྱི་ཐབས་ལམ་ཞིག་བརྙེད་སྲིད་པས་དེས་ན་ད་དུང་ཡང་དེ་ཡི་སྐོར་ལ་ཤོད་རོགས།
ལྷོ་ཕྲུག་སྣ་བོ་ཆེ་ལགས་ཀྱིས་ལེགས་བཤད་དང་རང་གི་བསམ་ཚུལ་གསུངས་པ་ལ་ཐུགས་རྗེ་ཆེ། ད་དུང་མང་ཙམ་དཔྱད་རྩོམ་ཐུབ་ན་ཀློག་མཁན་མང་པོ་ཞིག་ལ་ཕན་པའང་སྲིད། བླ་སྲོག་ཚེ་གསུམ་སོ་སོར་ཡོད་པས་དབང་དུ་བྱས་ནས་འབྲི་བར་འཚལ། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།
དམུ་ཐག་དཀར་པོ་ནས། ་་་་ཚོགས་པ་ལས། སེམས་ཅན་རྣམས་ཀྱི་བླ་ཚེ་སྲོག་གསུམ་ལ་གནོད་་་་་ སྨན་གཞུང་ཁུངས་གཏུགས་པ་དང་། ང་ཡང་བློ་སྲོག་ཚེ་གསུམ་སོ་སོར་ཡོད་ཚུལ་ཤེས་འདོད་པ་ལ། ༡༠༩༽ ལྷོ་ཕྲུག་སྣ་བོ་ཆེ་ནས། སྙིང་ཤ་བསྟན་ནས་ངོ་ཤ་སྦས་ཚིག་རྩེད་ཞོར་དུ་། མཛོད་རྩའི་གནས་གཉིས་པ་དབང་པོའི་ལེའུའི། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ལུང་དྲངས་ནས། སྲོག་ནི་ཚེ་ཡིན་ཞེས་པས། ཚེ་སྲོག་གཅིག་ཏུ་སྒྲུབ་བྱེད་ལུང་རྙིང་འདིས་ང་ལ་ཕན་མ་སོང་། དེའི་འོག་ལ། ༡༡༢༽ ལ་སྟོད་བུ་ནས། བླ་ཡིད་སེམས་གསུམ། གསུམ་སོ་སོར་འབྱེད་ཐབས་གནང་འདུག ༡༡༣༽ ལ་སྟོད་བུ་ནས། ་་་་། དེས་ན་ང་ཚོའི་འཇིགས་སའི་གནས་དེ་ག་འདྲ་ཡིན་མིན་གྱི་ཐག་ཆོད་ནན་མོ་ཞིག་བྱེད་དགོས། ཞེས་པ་ལྟར།
སྲོག་གཅོད་ནད་དགུ་བཤད་པའི་ནང་ནས། དགུ་པ་དེ་འབྱུང་པོའི་གདོན་གྱི་རྣམ་པར་འཚེ་བས་འཆི་རྐྱེན་དུ་འགྱུར་བ་བཤད་པ་ལྟར་ན། འདི་ལྟར། བླ་སྲོག་ཚེ་གསུམ་ཚེ་ནི་དུས། །སེམས་ཅན་སྲོག་ནི་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །བླ་ནི་སྲོག་གི་ངར་ཆ་སྟེ། །དེ་ལ་གདོན་འདྲེས་གནོད་པར་སླ། །ཞེས་པ་ལྟ་བུར་འདོད་ན་ལུང་རིགས་གང་གིས་གནོད་དམ།
བླ་སྲོག་ཆད་རྒྱུ་འདི་ཚོར་དུས་ཚད་མང་དྲག་ལེ་ཨེ་རེད།
འདི་ཚོ་དངོས་གནས་དུས་ཚོད་སྟོང་པ་རང་རེད་རྩོད་གཞི་མེད་པའི་རྩོད་པ་བརྒྱབ་གནས་བསྡད།
གཙང་བུ་དང་བདུད་ནག་གཉིས་ལ།
མཁས་དབང་དོར་ཞི་མཆོག་གིས།
བྱང་བསྟན་ཕུག་དང་མིག་སེར་མིག་ལམ་དུ།།
གསེར་ཞགས་འཁྱུག་པའི་འོད་ཀྱིས་ཅི་ཞིག་བྱ།།
ཞེས་པ་ལྟར་བྱུང་བསྟན་ཕུག་པ་དང་འུག་པ་གཉིས་ལ་ཉི་འོད་ཀྱིས་ཕན་མི་ཐོགས་པ།
ཉི་འོད་ཀྱི་སྐྱོན་མིན་པར་བྲག་ཕུག་དང་འུག་པ་གཉིས་སྐལ་བ་དམན་པའི་སྐྱོན་དུ་བཤད།
ཡང་བསྐྱར་ཐང་རྙེད་ཇོ་རུས།
འདི་གོ་ན་རྣ་བའི་བདུད་རྩི་ཡིན།།
མ་གོ་གླུ་ལ་འབྲེལ་བ་མེད།།
ཅེས་གླུ་འདི་བླངས་ཏེ་ཇོ་རུ་འབྲོག་མོའི་རུམ་ནང་དྲི་མ་འཐུལ་ལེ་འཛུལ་སོང་ངོ།།
ཇོ་རུ་འབྲོག་མོའི་རུམ་ནང་དྲི་མ་འཐུལ་ལེ་འཛུལ་སོང་བས་བྱ་སྤྱོད་འདི་ཚོར་སྙིང་པོ་མེད་པར་ཤེས་ནས་
བདུག་ནག་ངེད་གཉིས་ཀྱིས་བཤད་པ་ཡིན།
ལས་གང་ལ་ཐུག་ཀྱང་དྲི་མ་འཐིལ་མི་འཇུག་སེམས་ཐག་ཡིན། དམུ་ཐག་ལགས།
ཇོ་རུ་འབྲོག་མོའི་རུམ་ནང་དྲི་མ་འཐུལ་ལེ་དམུ་ཐག་ལ་འཇུས་ནས་འཛུལ་སོང་བ་ཨེ་རེད། འདི་ཡང་སྙིང་པོ་མེད་པ་ཞིག་རེད།
དྲ་གྲོགས་ཚོ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་ཞེས་མངོན་པ་ལས་བཤད་པ་ནི།
ནང་པའི་གྲུབ་མཐའ་བཞིའི་ནང་མཚན་བྱེ་བྲག་སྨྲ་བས་འདོད་པ་ཙམ་ལས་ཐམས་ཅད་ལ་ཁྱབ་པ་ཞིག་མ་རེད། ཨེ་གོ་ཐལ།
མཆན་ཚང་མ་བཀླགས་ལོང་མ་བྱུང་ཡང་འདྲེ་སྒྲུང་འདིའི་གཤམ་དུ་བླ་ཚེ་སྲོག་གསུམ་གྱི་སྐོར་ལ་གླེང་མོལ་བྱེད་ཀྱི་ཡོད་པ་འདྲ་བའི་སྐད་ཆ་རེ་མཐོང་རྒྱུ་འདུག
སྤྱིར་ཚེ་ནི་སྲོག་ཡིན་པ་དང་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་པའི་གསུང་སྲོལ་དེ་རྒྱུད་བཞིའི་ཚེ་རྩ་གསུམ་བཤད་པའི་སྐབས་སུ་འགྲེལ་པ་གང་མང་ན་ཡོད་ལ། སྐབས་འདིར་ཚེ་ཞེས་པ་ལུས་སེམས་མཉམ་གནས་ཀྱི་དུས་ཚོད་གང་ཡོད་པ་དེ་ལ་གོ་དགོས་པ་དང་། བླ་ནི་བླ་གནས་ཞེས་ཚེས་གྲངས་དང་དཔག་པའི་འཕོ་ཚུལ་གསུང་བ་བཞིན་ཡིན་པ་གང་ཞིག ལུས་ཟུངས་ཚང་མའི་མཐར་ཐུག་གི་མདངས་ཞེས་པ་དེ་དང་དོན་གཅིག་ཡིན། དཔེ་མར་མེ་ཞིག་ལ་བཞག་ནས་གསུང་སྲོལ་འདི་འདྲ་ཞིག་ཡོད། མར་ཁུ་དང་འདྲ་བའི་ཚེ། སྡོང་རྐང་དང་འདྲ་བའི་སྲོག མེ་ལྕེ་དང་འདྲ་བའི་བླ་སྟེ་དེ་གསུམ་ནི་སེམས་ཅན་རྣམས་ཀྱི་རྟེན་གྱི་དབང་པོ་འཚོ་བར་བྱེད་པའི་རྐྱེན་གསུམ་ཡིན་ཚུལ་བཤད།
ད་དུང་འདིའི་སྐོར་ལ་མཐོང་ཐོས་ཕྲན་བུ་རེ་ཡོད་ཀྱང་དཔེ་ཀློག་བྱེད་ལོང་ཁྱོན་ནས་མེད་པའི་མི་ཁོམ་པ་དགུ་བ་ཞིག་གི་གནས་སུ་ལྷུང་ནས་ཡོད་པས་དེ་ཙམ་བྱ། ལྷན་རྒྱས་ནས་མུ་མཐུད་བླ་ཚེ་སྲོག་གསུམ་སོ་སོ་ཡིན་མིན་དང་ངོ་བོ། བྱེད་ལས་བཅས་ལ་བགྲོ་གླེང་གནང་རོགས། ང་ཚོའི་དཔྱད་གཞི་དེ་ལུས་རགས་པའི་གནས་ལུགས་བཤད་མཁན་སྨན་གཞུང་དང་ལུས་ཕྲ་བའི་གནས་ལུགས་གསུང་མཁན་རྩ་རླུང་ཐིག་ལེའི་རྣམ་གཞག་སོགས་བསྡུར་ཏེ་གཟིགས་ན་བློ་སྐྱེད་གསར་བ་རེ་འཐོབ་སྲིད་སྙམ།
སྨན་གཞུང་ལྟར་ན། གནོད་བྱ་ལུས་ཟུངས་བདུན་དང་དྲི་མ་གསུམ། གནོད་བྱེད་ཉེས་པ་གསུམ་བཅས་སུ་མ་འདུས་པའི་གཟུགས་ཅན་གྱི་དངོས་པོ་ཞིག་ལུས་འདིར་མེད་ཚུལ་གསུངས་པས། གཟུགས་སུ་འདོད་དགོས་པའི་བླ་ཚེ་སྲོག་གསུམ་པོ་དེ་དག་ལས་གང་དུ་འདུ་མིན་སོགས་ནས་ཀྱང་གླེང་མོལ་བྱ་རོགས།
གཙང་བུ་ལགས་ལན་འདེབས་གནང་བ་ཐུགས་རྗེ།
མངོན་པ་མཛོད་ལས། ཚེ་ནི་སྲོག་ཡིན་དྲོད་དང་ནི།། རྣམ་ཤེས་རྟེན་གང་ཡིན་པའོ།།
ཞེས་ཚེ་འཇོག་ཚུལ་འདི་ཐེག་དམན་བྱེ་བྲག་སྨྲ་བའི་འདོད་ཚུལ་ཙམ་ལས་གྲུབ་མཐའ་གོང་མའི་འདོད་པ་མིན་
པར་ཐག་བཅད་པ་ནི་སྔ་དྲགས་པར་སྣང།
གསོ་རིག་གི་གཞུང་སོགས་སུ་ཚེ་ངོས་འཛིན་ཚུལ་དེ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེའི་ལུགས་དང་མཐུན་པར་བཤད་ཀྱི་ཡོད།
དེ་ནི་གསང་སྔགས་རྣལ་འབྱོར་བླ་མེད་ཀྱི་ལུགས་ལྟར་འཆད་ཀྱི་ཡོད་ན།
དེ་ཡང་བྱེ་བྲག་སྨྲ་བ་ཡིན་ན་ཧ་ཅང་ཐལ།
གང་ལྟར་མཛོད་ལུགས་ཀྱི་གསུང་ཚུལ་འདི་བྱེ་སྨྲའི་ལུགས་ཡིན་ན། གྲུབ་མཐའ་གོང་མ་རྣམས་ཀྱིས་ཚེ་ངོས་འཛིན་བྱེད་ཚུལ་ཇི་ལྟར་ཡིན། འདིའི་སྐོར་གང་འཚམས་འགྲེལ་བཤད་རྒྱས་པར་གནང་རོགས་ཞུ་རྒྱུ་བཅས།
མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་པའི་གཞལ་བྱ་ལྐོག་གྱུར་གྱི་རིགས་ལ་དཔྱད་པ་བྱེད་སྐབས་ཐམས་ཅད་ཁ་མཐུན་སྣ་མཐུན་ཞིག་ཡོང་རྒྱུ་ཡོད་ན་འཇིག་རྟེན་ཐོག་འཁྲུན་ཐག་ཆོད་རྒྱུ་མེད་པའི་གྲུབ་མཐའི་ཀླན་ཀ་འདི་ཚོ་ཡོང་དོན་མེད། འོན་ཀྱང་རིགས་པའི་ཁུངས་གང་ལ་བཙན་ཞིང་མྱོང་བའི་སྟོབས་སུ་ལ་ཆེ་བ་དེ་ཁས་ལེན་ཞིང་དེ་ལ་ཡོད་རྟོེན་བྱེད་པ་རྣམ་དཔྱོད་ཅན་གྱི་ལས་སུ་བྱ་བ་ཡིན། འདི་གཅིག་རེད།
ང་ཚོས་སྤྱིར་སྟངས་ཀྱི་སྐད་ཆ་ཤོད་སྐབས་དངོས་པོའི་གནས་ཚུལ་ལ་ཐོད་ཐུག་ཤོས་དང་ལུང་རིགས་ཀྱི་གནོད་པ་ཉུང་ཤོས་ཀྱི་གཏམ་དང་དོན་དག་སྨྲ་དགོས་པ་ཡིན་གྱི། ཟེར་སྒྲོས་དང་བཤད་སྒྲོས་ཡོད་ཚད་ཅི་ཡིན་འདི་ཡིན་མེད་པར་སྐྱོར་གྱིན་བསྡད་ན་འཆོལ་གཏམ་ཙམ་ཞིག་ཏུ་ནི་འགྱུར་དུ་རུང་གི་ཡིན་ལུགས་གཏན་ལ་འབེབ་པའི་ཁུངས་སུ་ནི་ཅི་ལྟར་འགྲོ་སྙམ། འདི་གཉིས་པ་དེ་ཡིན།
ངའི་ཤེས་ཚོད་ལྟར་ན་མངོན་པ་འོག་མའི་ལུགས་ཀྱི་བཞེད་པ་མཐུན་མིན་གྱི་རིགས་ཕལ་ཆེར་ཞིག་གྲུབ་མཐའ་གོང་ལུགས་ལ་ཁས་ལེན་པ་མི་རུང་བ་ཀུན་ལ་གྲགས་ཤིང་གྲུབ་པ་དེ་ལྟ་ནའང་། འདོད་ཚུལ་རིགས་མང་དག་ཅིག་ནི་མ་གི་གནས་མ་བུ་པའི་སྡེ་པ་ནས་ཡ་གི་ཐལ་འགྱུར་བའི་བར་བསྣར་མི་དགོས་སྐུམ་མི་དགོས། བསྣན་མི་དགོས་འཕྲི་མི་དགོས་པར་གྲུ་བཞི་ལམ་འཁྱེར་གྱིས་ཁས་ལེན་དུ་རུང་བ་རིགས་པས་བསྒྲུབ་ནུས་ཤིང་། ལུང་རྣམ་དག་གིས་ཡང་ནས་ཡང་དུ་བསྟན་པའི་དོན་དག་རིགས་ཤིག་ཡིན།
དེས་ན་ཚེ་སྲོག་ཟེར་བའི་དངོས་པོ་དེ་ཡང་འདི་ག་རང་སྟེ། གཞིའི་ལྟ་བ་ཕྲ་རུ་སོང་བ་དང་མཉམ་དུ་ཚེ་སྲོག་གི་ངོ་བོ་ཡང་ཕྲ་རུ་དང་མ་འདྲ་རུ་འགྲོ་རྒྱུ་ཡོད་པ་ཞིག་ཏུ་ཁོ་བོ་མི་བསམ། གལ་ཏེ་མི་འདྲ་བའི་བཤད་པ་ཞིག་རྒྱ་གར་མཁས་པས་བརྒྱབས་ཤིང་བོད་མཁས་པས་བརྩམས་ནས་འདུག་གོ་ཟེར་རྒྱུ་ཞིག་ཡོད་ན་ནི་བསྟན་བཅོས་ཀྱི་མཚན་དང་བཅས་པ་སྟོན་རོགས། བློ་བསྐྱེད་ལྗིད་ཅན་ཞིག་ཏུ་འགྱུར་ངེས།
ཁོ་བོ་ནི་གོང་དུ་སྐབས་ཤིག་བཤད་ཟིན་པའི་དོན་དེ་གར་ཡིད་ཆེས་པར་བྱེད་དེ། ཚེ་སྲོག་ཟེར་བ་གཟུགས་ཅན་མིན་པར་ཐག་ཆོད་ཅིང་རྣམ་ཤེས་ཀྱང་ཡིན་དགོས་པའི་རྒྱུ་མཚན་ཅི་ཡང་རྙེད་དུ་མེད། དེ་ལྟ་ན་ཚེ་སྲོག་ཟེར་བ་ནི་སངས་རྒྱས་གཉིས་པ་དབྱིག་གཉེན་ཞབས་ཀྱིས་ཇི་ལྟར་ངོས་འཛིན་མཛད་འདུག་པ་དེ་ག་རང་སྟེ། དྲོད་དང་རྣམ་ཤེས་གང་རུང་གི་རྟེན་བྱེད་པའི་ནུས་པ་ཞིག་གོ ། དེ་འདྲའི་ནུས་པ་དེ་དང་རྣམ་ཤེས་ཀྱི་དབར་རྟེན་བརྟེན་པའི་འབྲེལ་བ་འཛིན་པར་བྱེད་པའི་ནུས་པ་ཞིག་ལ་བླ་ཟེར་བ་ཡིན་ནོ།།
རྟེན་ནུས་པ་དེ་དང་བརྟེན་པ་རྣམ་ཤེས་ཀྱི་དབར་རྟེན་དང་བརྟེན་པའི་འབྲེལ་བ་ཚུལ་ཇི་ལྟ་བ་བཞིན་འཛིན་པའི་ནུས་པ་ཉམས་ཞན་དུ་ཕྱིན་པ་དེའི་ཚེ་སྲོག་ལྡན་དེའི་བླ་འཁྱམས་པར་བཤད་པ་ཡིན། དེ་ལྟར་བཤད་པ་ལེགས་ཀྱི། རྩིས་རིག་གི་གཞུང་ལུགས་ནས་ཀུན་གཞི་དང་ཉོན་ཡིད་སོགས་ཀྱི་འབྲེལ་དང་སྦྱར་ནས་བཤད་པ་གོང་གི་མཆན་འདེབས་ཤིག་གིས་དྲངས་པ་དེ་འདྲ་བ་ཞིག་ཁས་ལེན་པ་ནི་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། ཀུན་གཞི་དང་ཉོན་ཡིད་སོགས་རྩ་འགོག་གཏོང་བའི་རིགས་པའི་ཐོག་མདེལ་བརྒྱ་ཕྲག་གི་གནོད་པའི་རི་ཉིལ་བར་འགྱུར་བའི་ཕྱིར་རོ། །
མ་གཞི་དཔལ་ན་ལེནྡྲའི་ལྔ་རིག་པ་རྣམས་ཀྱིས་གཞུང་ལུགས་སུ་བླ་ཟེར་བའི་ཡ་མཚན་པོ་ཞིག་ཡོད་པའི་འགྲེལ་ཅི་ཡང་མཇལ་དུ་མི་འདུག་པས་འདི་བོན་པོའི་འདོད་ཚུལ་ཞིག་རྩིས་རིག་གི་བསྟན་བཅོས་སུ་བསླེབས། གང་འཚམ་ཞིག་ནས་བོད་པའི་སྲོག་སྙིང་དང་འདྲེས་སོང་ཞིག་ཡིན་ལས་མི་ཆེ་འམ།
གང་མཚམས་ཤིག་ནས་་་་་་་་་་་་་་་་་ཞེས་པར་བཅོས་སོ།།
དངོས་གནས་མིའི་གོམས་སྲོལ་ཟེར་བ་ཁྱད་མཚར་པོ་རེད།
བླ་ཟེར་བའི་སྐད་ཆ་དེའི་རྗེས་སུ་འབྲངས་ནས་འཇིག་རྟེན་རྨོངས་རྒན་ཚོས་ཀྱང་རྩ་བ་ལ་ཡལ་ག་དང་ཡལ་ག་ལ་ལོ་མའི་དཔེ་ལྟར་གཏམ་ལ་མཇུག་མ་ཐོགས་པའི་སྐད་ཆ་རྫོགས་མེད་དེ་འདྲ་འཆད་རྒྱུ་ཡོད། ངའི་ཡུལ་ལུང་ན་མི་ཞིག་འཆི་ལ་ཉེ་བར་ཡོད་ཚེ། ས་སྲོད་ཀྱི་དུས་དུ་ཡུལ་དེའི་ཉེ་ཁོར་ན་བླ་སྐད་ཟེར་བའི་སྐད་ཅིག་བརྒྱག་རྒྱུ་ཡོད་ཟེར། དེ་ནི་མི་དེའི་བླ་གདོན་འདྲེས་བདས་ནས་འཁྱམས་དུས་སུ་བརྒྱབས་པའི་སྐད་ཡིན་པར་བཤད། འདི་ལྟ་ན་བླ་ཟེར་བ་དེར་སྐད་ཀྱང་བརྒྱག་རྒྱུ་ཡོད་པའི་བཟོ་འདྲ་ཞིག་འདུག
ཝ་མོ་གྲ་རྒྱས་ནས་བརྒྱལ་བའི་ཚེ་བརྒྱབ་པའི་ཝ་སྐད་དེར་ཡང་བླ་སྐད་ཟེར།
ཝ་མོའི་བླ་སྐད་ཡིན་ནམ་ཟུག་སྐད་འདི་རི་སྤྱང་གི་དགུ་ཟུག་ལས་ཀྱང་སྐྱི་གཡའ་བ་ཞིག་ཡོད།
དགུ་ཟུག་ཟེར་ན་ཨ་ཕོ་སྤྱང་ཀིའི་བུ་ག་དགུ་ཀ་ནས་ཐོན་པའི་སྐད་ཡིན་པར་རྒན་རྒོན་ཚོས་གླེང་གིན་འདུག
བསམ་གཏན་པའི་སྤྱིལ་བུ་ལས་ཀྱང་ལྷིང་འཇགས་པའི་མཐོ་སྒང་གི་མཚན་མོའི་སྦྲ་ནང་ནས། ཟླ་འོད་ཀྱི་བཀྲག་མདངས་ཅུང་ཟད་འཕྲོས་པའི་གནམ་འོག་གི་ལ་རྩེ་ཞིག་ནས་གློ་བུར་དུ་གྲགས་འོང་པའི་རི་སྤྱང་གི་དགུ་ཟུག་དེ་གོ་དུས། སྙིང་གི་དཀྱིལ་དང་རུས་པའི་གཏིང་རིམ་ཞིག་ནས་སྐྱོ་སྣང་ཟེར་བ་བརྡ་དང་ཐ་སྙད་ཀྱིས་ནམ་གཞར་ཡང་མཚོན་མི་ནུས་པ་ཞིག་སྐྱེ་ཡིན་ཡོད།
སྐྱོ་སྣང་འདི་འདྲ་བ་ཞིག་ད་དུང་ས་ཕྱོགས་གང་དུ་གནས་སྐབས་ཅི་འདྲ་བ་ཞིག་གི་སྐབས་སུ་སྐྱེ་རྒྱུ་ཡོད་ན། དམྱལ་བའི་འཕྲང་ལམ་འགྲིམས་དུས། ཨཱཨཱ ཕལ་ཆེར་འདི་འདྲ་ཞིག་ཏན་ཏན་ཡོད་ངེས།
སེམས་ནི་ལས་ཀྱི་རྗེས་སུ་འབྲངས། །
བླ་ནི་དུར་ས་དེ་རུ་གནས། །
ཆགས་མེད་ཀྱི་གསུང་ངོ་།
ད་དུང་འཇུ་མི་ཕམ་པས་བཀའ་བརྒྱད་རྣམ་བཤད་དངོས་གྲུབ་སྙིང་པོ་ལས་བླ་ནི་རླུང་སེམས་ཕྱི་རོལ་དུ་འཕོ་བའི་ཆ་དང་། ཚེ་ནི་རླུང་སེམས་ལུས་དང་ལྷན་ཅིག་གནས་པའི་ཡུན། སྲོག་ནི་གནས་པའི་ཆ་བཅས་ལ་གསུངས་ཡོད་ཀྱང་ཚིག་ཅི་བཞིན་དྲན་གྱི་མི་འདུག དྲ་གྲོགས་ཚོར་གོ་བའི་ས་བོན་དུ་ཕུལ།
ཆགས་མེད་ཀྱིས་སྤྱིར་བཏང་ལྟར་བཤད་པ་དང་མི་ཕམ་པས་སྔགས་ཀྱི་འཆད་སྟངས་གནང་བཞིན་འདུག་སྙམ། མ་གཞི་འདི་རིགས་ཀྱི་སེམས་དང་འབྲེལ་བའི་དཀའ་གནད་མང་པོ་ཞིག་སྔགས་དང་རྫོགས་ཆེན་ལྟ་བུས་བཤད་ན་ངེས་པ་ཆེ་རུ་ཆེ་རུ་འགྲོ་གི་རེད་དེ།
རྫོགས་ཆེན་ལྟར་བཤད་ཟེར་བ་དེ་ཚང་མ་ཡོད་མིན་མེད་མིན་ཡིན་ཟེར་དགོས་ཞེས་པའི་དོན་ནི་མིན། འོན་ཀྱང་ཐུན་མིན་གྱི་འཆད་ཐབས་རྒྱ་ཆེ་ལ་གཏིང་ཟབ་པ་དག་གིས་དཀྲོལ་དགོས་པའི་དོན་ཡིན། དཔེར་ན་གཞིའི་འཁྲུལ་ཚུལ་ལྟ་བུར་ཡང་། མདོ་ལས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། རྐྱེན་རྣམས་ཚོགས་ན་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང་། ཞེས་དང་། སྔགས་བླ་མེད་སྤྱི་ལས། རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །ཞེས་གསུངས་པ་ལྟ་བུར་རྫོགས་ཆེན་དུ་གཞིའི་འཁྲུལ་ཚུལ་རྣམ་པ་བདུན་གྱིས་བཤད་པ་ལྟ་བུ་རེད། འདི་དག་གི་ཆོས་སྐད་ཚིག་མཛོད་ཆེན་མོ་དག་ཏུ་ཡང་འཚོལ་མི་ཐུབ། སྐད་ཆ་ཉོག་སོང་།
བླ་ཚེ་སྲོག་གསུམ་གྱི་སྐོར་འདི་ངེས་པར་གལ་ཆེན་པོའ་ིབརྗོད་གཞི་ཞིག་རེད། ཁྱད་དུ་སྔགས་ཀྱི་སྐབས་སུ།
ཚང་མས་ཐུགས་སྣང་གནང་རོགས།
དྲ་གྲོགས་ཚོས་སྲོག་ཚེ་ཡིན་པར་ཀུན་མཁྱེན་གཉིས་པས་གསུངས་པ་རང་ལ་ངེས་འཛིན་བྱེད་པ་ནི་ཅུང་མི་འགྲིག
རྒྱུ་མཚན་ནི་གདགས་པའི་བསྟན་བཅོས་ལས། སྲོག་གང་ཞེ་ན། ཁམས་གསུམ་གྱི་ཚེའོ་ཞེས་གསུངས་པས་སོ།།
དེ་ཙམ་མ་ཟད་དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་འདིས།་།གང་ཚེ་ལུས་ནི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་གསུངས་པས་སོ། །
རྫ་ཚེ་རིང་བཀྲ་ཤིས་ལགས། བཀའ་བརྒྱུད་རྙིང་མ་ལ་གོམས་པ་ཡོད་མཁན་ཞིག་དང་། ས་སྐྱ་བའི་ཆོས་སྐོར་མི་ཤེས་པ་འདྲ།
དམུ་ཐག་དཀར་པོས་གང་ལྟར་མཛོད་ལུགས་ཀྱི་གསུང་ཚུལ་འདི་བྱེ་སྨྲའི་ལུགས་ཡིན་ན། གྲུབ་མཐའ་གོང་མ་རྣམས་ཀྱིས་ཚེ་ངོས་འཛིན་བྱེད་ཚུལ་ཇི་ལྟར་ཡིན། འདིའི་སྐོར་གང་འཚམས་འགྲེལ་བཤད་རྒྱས་པར་གནང་རོགས་ཞུ་རྒྱུ་བཅས། ལབ་འདུག
དམུ་ཐག་ལགས། མདོ་སྡེ་བས་ཡིད་ཀྱི་རྣམ་ཤེས་ས་བོན་དང་བཅས་པ་རིས་མཐུན་གནས་པ་ལ་སྲོག་གི་དབང་པོ་དང་། སེམས་ཙམ་པས་ལས་ཀྱི་སྟོབས་ཀྱིས་ཀུན་གཞི་རྣམ་ཤེས་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོ་ཞེས་བཞེད་ཀྱི་རེད། རྒྱས་པ་དགོས་ན་རྗེས་མར་བྲི་ཆོག
དེ་མིན་སྔགས་བླ་མེད་ཀྱི་འདོད་པ་ད་དུང་སྦྱོང་མེད་པས་ཞུ་ཚད་མ་ཐུབ་ལགས།
རེད། གཙང་ཁའི་བུ་ལགས་ནས་མཛོད་འགྲེལ་མངོན་པའི་རྒྱན་དུ་གསུངས་ཡོད་སྙམ་གྱི་ལུང་ཁག་ཅིག་དྲངས་འདུག ཡིན་ནའང་ཡིད་ཀྱི་རྣམ་ཤེས་ས་བོན་དང་བཅས་པ་རིས་མཐུན་གནས་པ་ཟེར་བ་འདི་དང་། ཀུན་གཞི་རྣམ་ཤེས་རིས་མཐུན་གནས་པ་ཟེར་བ་འདི་གཉིས་ཀྱི་མཛུབ་མོ་འཛུགས་སའི་དངོས་པོ་དེ་ག་རེ་རེད། ངའི་འཆར་སྒོའི་ནང་དེ་འདྲའི་ཤེས་པ་གཉིས་ལུས་དང་མི་འབྲལ་བར་རིས་མཐུན་རྒྱུན་མཐུད་ཀྱིས་འཛིན་པར་བྱེད་པའི་ནུས་པ་ཞིག་མ་གཏོགས་འཆར་གྱི་མི་འདུག
ངས་བཤད་པའི་ནུས་པ་དེ་ཡང་མ་ཡིན་མཁན། ཡིད་ཀྱི་རྣམ་ཤེས་དང་ཀུན་གཞི་ཡང་མ་ཡིན་མཁན་གྱི་རིས་མཐུན་གནས་པ་ཟེར་བ་ཞིག་ཡོད་ན་སྟོན་རོགས་མཛོད། མདོ་སེམས་གཉིས་ཀ་ཡོད་ཚད་བཏགས་དོན་བཙལ་ནས་མཛུབ་བཙུགས་ཀྱིས་བསྟན་དུ་ཡོད་དགོས་པ་ཁས་ལེན་མཁན་ཡིན་པའི་ཆ་ནས་འདི་ཡང་སྤྱི་སྤམ་མིན་པར་མཛུབ་བཙུགས་ཀྱིས་ངོས་འཛིན་གནང་རྒྱུ་ཡོད་ཤག
རྫ་ཚེ་རིང་བཀྲ་ཤིས་ཞུ་བ་ནས་མཁས་གྲུབ་ཆགས་མེད་ཀྱི་གསུང་དུམ་ཞིག་དང་ཀུན་མཁྱེན་མི་ཕམ་པའི་གསུང་གི་སྐྱེས་བསྩལ་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་གོང་དུ་གཙང་ཁའི་བུར་ཞུས་ཟིན་ལྟར་ཀུན་མཁྱེན་མི་ཕམ་པའི་རླུང་སེམས་ཕྱི་རོལ་དུ་འཕོ་བའི་ཆ་ཞེས་པ་འདིས་ཀྱང་གསལ་ཁ་གཙང་སང་བའི་དོན་ཞིག་སྟོན་གྱི་མི་འདུག དགེ་ལྡན་པའི་དཔེ་ཆ་བའི་ཁྲོད་ཐོགས་རེག་བྲལ་བའི་ཆ། དགག་བྱ་བཀག་པའི་ཆ། རྒྱུ་རྐྱེན་གྱིས་གཞིག་པའི་ཆ་ཟེར་བ་ལྟ་བུ་ཆ་ཟེར་བའི་ཚིག་འདི་དང་འབྲེལ་ཡོང་དུས་བསྟན་དོན་གང་དེ་འགྱུར་མེད་རྟག་པའི་ཆོས་ཤིག་ཏུ་ངོས་འཛིན་པའི་སྲོལ་རྒྱུན་ཞིག་ཡོད། ཁོ་བོར་ཡང་ཁྱེད་ནས་དྲངས་པའི་ཕྱི་རོལ་དུ་འཕོ་བའི་ཆ་ཟེར་བ་མཇལ་དུས་འགྱུར་མེད་ཀྱི་ཆོས་ཤིག་ཡིན་སྙམ་གྱི་སྣང་བ་འཆར་བཞིན་འདུག
བླ་འགྱུར་མེད་ཡིན་མི་སྲིད། བླ་འཆད་རྒྱུ་ཡོད། བླ་འཁྱམས་རྒྱུ་ཡོད། བླ་འགུག་རྒྱུ་ཡོད།
འོ་ན་རླུང་སེམས་ཕྱི་རོལ་དུ་འཕོ་བའི་ཆ་ཟེར་ན་ག་རེ་རེད། འདིའི་ཕྱི་རོལ་དེ་ནང་རོལ་གང་ལ་བརྟེན་ནས་བཞག་པའི་ཕྱི་རོལ་དེ་ཡིན་ན། འཇིག་རྟེན་ཕལ་མིའི་ཁ་འདྲིས་སེམས་འདྲིས་སུ་སོང་བའི་དོན་དག་འདི་ཚོ་ཕྲ་རུ་ཕྲ་རུ་ཟབ་ཏུ་ཟབ་ཏུ་འགྲོ་གི་ཡོད་པ་མིན་ནམ།
ཚེ་སྲོག་བླ་གསུམ་གྱི་སྐད་ཆ་འདི་འཇིག་རྟེན་སྤྱི་ཁྱབ་ཀྱི་ཤེས་རིག་གི་ཁོངས་སུ་གཏོགས་ཕྱིར། འཇིག་རྟེན་པའི་མྱོང་བ་དང་འཇིག་རྟེན་པའི་ངོས་འཛིན་བྱ་ཕྱོགས་ཀྱི་སྟེང་ནས་ཀྱང་ངོ་བོ་འཇོག་ཐུབ་པའི་སྐབས་ཤིག་ཡོད་སྲིད། དེ་བས་སྔགས་དང་རྒྱུད་ལ་ཁུངས་གཏུགས་དགོས་པ་ཞིག་མཐོང་གི་མེད། གསང་སྔགས་བླ་མེད་ཀྱི་གསང་བ་དེ་ཚོ་གསང་བ་རང་གི་ངོ་བོར་འཇོག་ཐུབ་ན་ལེགས་པ་མེད་དམ། དགོས་པ་ཕྲན་ཚེགས་ཀྱི་ཆེད་དུ་སྙིང་ནོར་ལ་གཅེས་ཆུང་བྱ་རྒྱུ་འདི་་་་་་་་་་་་ཨ་ཙི་ད་མང་དྲགས་སོང་། དགོངས་དག
ལྷོ་ཕྲུག་སྣ་བོ་ཆེ་ལགས།
ཡིད་ཀྱི་རྣམ་ཤེས་ས་ བོན་དང་བཅས་པ་རིས་མཐུན་གནས་པ་ཟེར་བ་འདི་དང་། ཀུན་གཞི་རྣམ་ཤེས་རིས་མཐུན་གནས་པ་ཟེར་བ་འདི་གཉིས་ཀྱི་མཛུབ་མོ་འཛུགས་སའི་ དངོས་པོ་དེ་ལ་སྲོག་ཅེས་བཏགས་པ་རེད། སྲོག་དེ་ནི་ཁྱོད་རང་གིས་གསུངས་པ་བཞིན་ནུས་པ་ཞིག་ཀྱང་མ་རེད་ལ་རྣམ་ཤེས་ཀྱང་མ་རེད།
སྲོག་ཅེས་པ་དེ་ཚེ་འདིའི་ལས་ཀྱིས་འདུས་བྱས་པ་ཞིག་དང་། ཚེ་ནི་ཚེ་སྔ་མའི་ལས་ཀྱིས་འདུས་བྱས་པ་ཞིག་ཏུ་མདོ་སྡེས་འདོད།
དེ་མིན་ངས་འདི་འདྲ་ཞིག་རེད་ཅེས་བཤད་པ་ཙམ་ལས་མཛུབ་མོ་བཙུགས་ནས་བསྟན་རྒྱུ་ཡོད་པའི་རབ་བའི་དངོས་པོ་རྡོག་རྡོག་ཅིག་མ་རེད།
མདོ་སེམས་རང་རྒྱུད་པ་སོགས་ཡོད་ཚད་གདགས་གཞི་ངོས་ནས་ཡོད་པས་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ནས་ཡོད་དགོས་ངེས་ཀྱང་། ཐམས་ཅད་མཛུབ་མོ་བཙུགས་ནས་བསྟན་དུ་ཡོད་དགོས་ པ་ཞིག་ཁས་ལེན་མི་འོས།
དཔེར་མཚོན་ཙམ་ཞུ་ན། གྲུབ་མཐའ་སྨྲ་བ་དེ་དག་ཐམས་ཅད་ཀྱིས་རབ་རྡུལ་གྱིས་གྲུབ་པའི་དམྱལ་ཁམས་བཅོ་བརྒྱད་པོ་ཡོད་པར་ཁས་ལེན་ཀྱང་མཛུབ་མོ་བཙུགས་ནས་བསྟན་རྒྱུ་མ་རྙེད་ནས་ད་ལྟའི་བར་དུ་ལུས་ཡོད་དོ། །
ཁ་ལས་མིག་མགྱོགས་ནས་ང་མ་བཤད་པའི་སྔོན་ནས་མིག་གིས་བཤད་འདུག རྒྱུ་མཚན་ཐམས་ཅད་འདྲ་བས་དེའི་འཐུས་པར་བྱས། འོན་ཏེ་ངས་ཁས་ལེན་མི་འདོད་པ་ཞིག་ནི་རབ་རྡུལ་གྱིས་གྲུབ་པའི་དམྱལ་ཁམས་བཅོ་ བརྒྱད་པོ་ཡོད་པ་ཞེས་པ་འདི་རེད། དམྱལ་བ་ཞེས་པ་འདི་ནི་ལས་སྣང་ཞིག་ལས་ཕར་ཤོག་དེར་རྡོག་རྡོག་ཅིག་རྩ་བ་ནས་ཁས་ལེན་མི་འདོད་ཞུ་རྒྱུ་ཡིན།
བཅོས། ངས་མ་ བཤད་པའི་
བཀུར་འོས་གཙང་ཁ་ལགས།
དམྱལ་ཁམས་བཅོ་བརྒྱད་པོ་་ཡོད་མ་རེད་་་་ཨེ།
ངོ་ནས་མེད་ན་་་ཁུངས་ཅིག་དྲངས་ན་ག་འདྲའི་འདུག་ལགས།
དེ་ཡང་་དོགས་གནས་ཅིག་ཏན་ཏན་རེད།
དེ་བཞིན་དག་ཞིང་དང་་་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་ཡང་དེ་དང་ཆ་འདྲ་བ་མ་ལགས་སམ།
རྐང་རུས་ཀྱི་ཤ་ཚོན་མུར་འབྲད་མ་ཟིན་གོང་ནས་རྩིབས་རུས་ཀྱི་ཤ་ཚོན་མུར་འབྲད་ལ་མཆོངས། དེ་ཡང་མ་ཟིན་གོང་ནས་འགྲམ་རུས་མུར་བར་རྔམས་པ་ཇི་བཞིན། ང་ཚོའི་བརྒལ་བརྟག་ཟེར་རམ་ཡང་ན་བགྲོ་གླེང་འདི་ཡང་འདི་ནང་བཞིན་ཞིག་ཆགས་འགྲོ་གི། དང་པོ་གདོན་འདྲེའི་ངོ་བོ་འཚོལ་བའི་སྐད་བརྒྱབས། བར་དུ་སྤྱོད་འཇུག་གི་གཞུང་དོན་ལ་རྩོད་པ་བརྩད། དེ་ནས་བླ་ཚེ་སྲོག་གསུམ་གྱི་རང་བཞིན་གཏན་ལ་འབེབ་པའི་འུར་བསྒྲགས། ཐ་མ་དམྱལ་ཁམས་བཅོ་བརྒྱད་ཀྱི་ངོས་འཛིན་ཇི་བྱེད་ཀྱི་ཐོག་ཏུ་འབབ་འགྲོ་གི།
འདི་ཚོ་ཚང་མར་རང་ལུགས་ཇི་འཇོག་གི་སྐད་ཆ་གཙང་མ་ཞིག་དང་སྡོམ་ཚིག་མཁྲེགས་པོ་ཞིག་འཇོག་མཁན་ནི་ཕལ་ཆེར་བྱུང་མ་སོང་། གཞན་གྱི་ཟེར་སྒྲོས་ཐན་ཐུན་རེ་སྐྱོར་བ་དང་གསུང་རབས་ཀྱི་ལུང་ཚིག་དམ་དུམ་རེ་འདྲེན་ཅི་ཐུབ་བྱེད་ཅིང་། རང་ལུགས་སུ་འདོད་པའི་སྐད་ཆ་གཙང་མ་ཞིག་དང་ཐག་ཆོད་ཀྱི་གྲུབ་དོན་ཡིན་སྙམ་པ་ཞིག་ཅི་ཡང་བསྟན་དུ་མེད་པ་འདིས་གཅིག་སྟོན་གྱི་འདུག དེ་ག་རེ་རེད།
སྣ་བོ་ལགས། རྗེས་སུ་རིམ་གྱིས་རྩོམ་པ་ཞིབ་ཏུ་འཐག་ཆོག་གི་རེད།
དྲ་གྲོགས་རྣམས་ལ་ཞུ་རྒྱུ། མཆིམས་འཇམ་པའི་དབྱངས་ཀྱི་བླ་མ་མཆིམས་ཐམས་ཅད་མཁྱེན་པའི་རྣམ་ཐར་མཁྱེན་མཁན་ཡོད་ན་ཐུགས་རྗེ་གཟིགས་གསུངས་རོགས་ཞུ། དེ་བཞིན་མཆིམས་ནམ་མཁའ་གྲགས་དང་མཆིམས་འཇམ་པའི་དབྱངས་གཅིག་ཡིན་ཚུལ་མཁས་པའི་མིང་མཛོད་དུ་གསུངས་འདུག་ཀྱང་བཅོམ་ལྡན་རིག་རལ་ཁོང་གི་སློབ་མར་བཞག་འདུག གསུངས་སྲོལ་ཞིག་ལ་མཆིམས་རིགས་རལ་གྱི་སློབ་མ་གསུངས་ཀྱི། ནམ་མཁའ་གྲགས་དང་མཆིམས་འཇམ་གཉིས་གཅིག་ཡིན་ན་བོད་རྒྱ་ཚིགས་མཛོད་ཀྱི་ལོ་ཚིགས་དང་མི་མཐུན་པས་ཁོང་གི་རྣམ་ཐར་དང་སྐུ་ཚེ་ལོ་ཚིགས། མཆིམས་ཡོན་ཏན་འབར་བའི་ལོ་ཚིིགས་བཅས་གསུང་རོགས་ཞུ། །
བརྩམས་པའི་བསྟན་བཅོས་ལ་བལྟ་རྒྱུ་མ་གཏོགས་རྩོམ་མཁན་གང་ཟག་གི་རྣམ་ཐར་ལ་མི་བལྟ་བའི་རྒྱུན་གཤིས་ངན་པ་འདི་རང་རེའི་ཐོས་བསམ་པ་མང་པོ་ཞིག་ལ་སྤང་མི་ནུས་པའི་ཚུལ་དུ་འདུག ང་ཡང་དེ་དེ་བཞིན་ཡིན། རང་གིས་ལོ་ངོ་བཅུ་ཕྲག་རིང་ཐོས་བསམ་བྱ་སའི་ཡིག་ཆ་རྩོམ་མཁན་གྱི་མཁས་པ་དེའི་མཛད་པ་རྣམ་ཐར་རྒྱ་ཆེ་བ་ལྟ་ཞོག་འཁྲུངས་འདས་ཙམ་ཞིག་ཀྱང་ཤོད་རྒྱུ་མི་འདུག
སྐྱོན་ཆ་འདིས་རང་རེའི་དོན་གྱི་མཁས་པ་མང་པོ་ཞིག་ཕྱི་མི་ཚོས་མཁས་པའི་གྲས་སུ་ངོས་འཛིན་མི་བྱེད་པའི་སྐབས་ཤིག་ཡོང་གི་ཡོད་པ་འདྲ། དེང་རབས་ཀྱི་ཕྱི་མི་ཚོར་སངས་རྒྱས་པའི་མཁས་པ་ཟེར་དུས་སངས་རྒྱས་ཀྱི་འཁྲུངས་འདས་དང་། རྒྱུན་འཛིན་སློབ་མ་དང་མཁས་གྲུབ་ཚོ་དུས་རབས་གང་ཞིག་ཏུ་ས་གནས་ག་ལ་བར་མཛད་པ་ཅི་འདྲ་ཞིག་དང་བཅས་ཏེ་བྱོན་པའི་ལོ་རྒྱུས་སོགས་བཤད་རྒྱུ་ངེས་པར་ཡོད་དགོས་པའི་ལྟ་སྟངས་ཤིག་ཡོད། གནས་སྟངས་འདི་འདྲའི་སྐབས་བསྟན་པ་སྐྱོན་མེད་ཀྱི་རྟགས་ལས་སྐུ་བཞིའི་བདག་ཉིད་ཀྱི་སྟོན་པ་ངོ་སྤྲོད་མཁན་དེ་ལས། ལོ་ཚིགས་དང་འཁྲུངས་འདས་སོགས་ཀྱི་རྣམ་དབྱེ་ལ་མཁས་པའི་ལོ་རྒྱུས་ཐོག་གི་སྟོན་པ་དང་བསྟན་པ་ངོ་སྤྲོད་མཁན་ཚོ་སྐད་གྲགས་དང་ཆེ་མཐོང་ལེགས་པ་འབྱུང་གིན་ཡོད།
གཙང་ཁའི་བུ་ལགས་ཀྱི་དྲི་བར་ལན་འདེབས་ཐུབ་པ་བྱུང་མ་སོང་། ཁྱེད་ཀྱིས་དྲི་བ་དེས་རྗེས་མ་ངེས་པར་བླ་མ་གོང་མ་ཚོའི་རྣམ་ཐར་མང་ཙམ་མཇལ་དགོས་པ་འདྲ་སྙམ་པའི་སེམས་ཚོར་ཞིག་ཐོལ་གྱིས་བྱུང་བ་དང་བསྟུན་སྐད་ཆ་འདི་བཤད་ཐལ་ལོ།།
ཨ་ལགས་ཀླུ་སྨྱོན། སྤོབས་པ། གཞོན་ནུ་ཟླ་མེད། རྫ་ཚེ་རིང་བཀྲ་ཤིས་དབུས་མཁྱེན་ལྡན་ཚོས་ངེས་པར་དུ་དོ་སྣང་ཞིག་གནང་རོགས། ང་ལ་དཔྱད་གཞི་རྒྱས་པ་ཞིག་མེད་པས་དཀའ་ངལ་འདུག་ན་རྣམ་ལྷན་སོགས་ཀྱིས་རོགས་རམ་སྐྱབས་འཇུག་གནང་རོགས་ཞུ།