བཅར་འདྲི་བྱེད་མཁན། ལྕགས་མོ་འཚོ།
དྲི་བ། ཐེངས་འདིར་འབྲུག་ཆུ་རྫོང་གི་ཆུ་ལོག་འདམ་རུད་ཀྱི་གནོད་འཚེའི་ཁྲོད་ཁྱེད་ཀྱི་གྲོང་ཚོ་དང་ནང་མིར་གནོད་འཚེ་བྱུང་ཡོད་དམ།
ལན། ཐེངས་འདིར་ངའི་ཕ་ཡུལ་ལ་གནོད་འཚེ་བྱུང་མེད། གཙོ་བོ་འབྲུག་ཆུ་རྫོང་མཁར་དུ་གནོད་འཚེ་བྱུང་བ་རེད། ངའི་ནང་མི་དང་གྲོགས་པོ་ཚོར་ཡང་གནོད་འཚེ་གང་ཡང་བྱུང་མེད།
དྲི་བ། ཐེངས་འདིའི་གནོད་ཚེའི་ཁྲོད་གཞུང་ཕྱོགས་ནས་མི་ཆིག་སྟོང་ལྷག་རྐྱེན་འདས་ཕྱིན་ཚུལ་དང་ས་གནས་མང་ཚོགས་ཁྲོད་ཁྲི་ལ་ཉེ་བ་གྲོངས་ཚུལ་བཤད་ཕྱོགས་གཉིས་ཡོད་པས་། ཁྱེད་ཐོས་པ་དང་མང་ཚོགས་ནང་གང་འདྲ་བཤད་ཀྱི་འདུག
ལན། མི་གྲངས་ཆིག་སྟོང་རྐྱེན་འདས་ཕྱིན་པ་ཟེར་བ་དེ་གཞུང་ཕྱོགས་ཀྱི་ཆེས་ཉུང་བའི་གྲངས་ཀ་རེད། ས་གནས་མང་ཚོགས་ཀྱིས་མི་གྲངས་བདུན་སྟོང་བརྒྱད་སྟོང་རྐྱེན་འདས་ཕྱིན་པར་ཡིད་ཆེས་བྱེད་ཀྱིན་འདུག
དྲི་བ། གནོད་འཚེ་བྱུང་སྐབས་ཁྱེད་རང་འབྲུག་ཆུ་ན་ཡོད་དམ་ས་ཁུལ་གཞན་ན་ཡོད
ལན། ཆུ་ལོག་འདམ་རུད་བྱུང་བའི་ཉིན་དེར་ང་རང་འབྲུག་ཆུ་རྫོང་ཐོག་ན་ཡོད། ང་རང་བྱ་བ་ཞིག་སྒྲུབ་རྒྱུའི་ཆེད་འབྲུག་ཆུ་རྫོང་ཐོག་ཕྱིན་པ་དང་ཏག་ཏག་ཉིན་དེའི་དགོང་མོར་ཆུ་ལོག་གི་གོད་ཆག་བྱུང་བ་རེད།
དྲི་བ། སྐབས་དེར་ཁྱེད་རང་འབྲུག་ཆུ་རྫོང་མཁར་ན་ཡོད་དམ།
ལན། ཡོད། སྐབས་དེར་ང་འབྲུག་ཆུ་རྫོང་ཐོག་ན་ཡོད།
དྲི་བ། སྐབས་དེའི་གནས་སྟངས་ཁྱེད་ཀྱིས་གསལ་པོ་བརྗོད་རོགས་གནོངས།
ལན། ཉིན་དེའི་དགོང་མོའི་དུས་ཚོད་བཅུ་གཅིག་ཙམ་ལ་ཆར་བ་བབས་སོང་ལ་ཆར་བ་དེ་འདྲ་ཆེན་པོ་མ་རེད་། དེ་ནས་ཅུང་འགོར་རྗེས་རི་མགོ་ནས་མར་ཆུ་ལོག་འདམ་རུད་ཆེན་པོ་དེ་བྱུང་བ་རེད།
དྲི་བ། དེས་ན་སྐབས་དེར་ཁྱེད་ཚོ་རྫོང་མཁར་ན་ཡོད་ན་གནོད་སྐྱོན་འདྲ་མ་ཐེབས་སམ།
ལན། སྐབས་དེར་ང་ཚོ་གྲོགས་པོ་འགའ་ཤས་མཉམ་དུ་ཁ བརྡ་བྱོས་ནས་བསྡད་ཡོད་ལ། ཆར་བ་བབས་པས་ཕྱི་ལོག་ལ་ཕྱིན་ཏེ་ལྟ་སྐབས་པེ་ལོང་ཅང༼འབྲུག་དཀར་གཙང་པོ་༽་ཡར་བྲུབས་ནས་ཡོང་བ་མཐོང་པས་དེ་དུས་ད་དུང་ཆུ་ལོག་འདམ་རུད་ཐོན་མེད་པས་ལམ་སང་ཁང་བའི་ནང་མ་བསྡད་པར་རྫོང་མཁར་དཀྱིལ་གྱི་གཞུང་ལམ་ཐོག་སོང་ནས་མཚན་གང་བོར་གཞོལ་ནས་བསྡད་པ་ཡིན།
དྲི་བ། དེ་དུས་ཆུ་ལོག་ཚབས་ཆེ་ཤོས་བྱུང་ས་གང་གང་རེད་དམ།
ལན། གཙོ་བོ་རྫོང་སློབ་ཆུང་དང་པོ་དང་། རྫོང་སྤྱི་བདེ་ལས་ཁུངས། རྫོང་བརྡ་འཕྲིན་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་དེ་ཚོ་རེད།
དྲི་བ། གནོད་འཚེ་བྱུང་སྐབས་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་དེ་དག་དབྱར་ཁའི་གུང་གསེང་གི་སྐབས་རེད་དམ།
ལན། རེད་། སློབ་གྲྭ་ཚང་མར་གུང་གསེང་ཕྱིན་ནས་ཕྱིར་འཚོགས་གྲབས་ཡོད་པའི་སྐབས་རེད།
དྲི་བ། གནོད་འཚེ་བྱུང་སྐབས་ཚབས་ཆེ་ཤོས་ཏེ་རྫོང་མཁར་གྱི་ལས་བྱེད་པ་རེད་དམ་ཡང་ན་མང་ཚོགས་རེད།
ལན། དེ་ནི་མང་ཚོགས་ཡིན་ཐག་ཆོད་རེད། གང་ལ་ཞེ་ན། ཆུ་ལོག་འདམ་རུད་ རི་མགོ་ནས་མར་ཐོན་དུས་ཐོག་མར་གྲོང་ཚོ་གཉིས་བརྒྱུད་དེ་ནས་འབྲུག་ཆུ་རྫོང་ཐོག་ལ་སླེབས་པ་རེད་ལ་གྲོང་ཚོ་གཅིག་ཁྱོན་ནས་རྩ་མེད་ཕྱིན་པ་རེད།
དྲི་བ། དེ་ཡེ་ལང་ཚོན་༼ཟླ་བའི་གྲོང་ཚོ་༽ཞེས་པ་དེ་རེད་དམ།སྤྱིར་བཏང་གྲོང་ཚོ་དེར་མི་གྲངས་ཅི་ཙམ་ཡོད་དམ།
ལན། རེད། དེ་ཡེ་ལང་ཚོན་རེད། ངས་གསལ་པོ་ཤེས་ཀྱི་མེད་མོད་གྲོང་ཚོ་དེ་གཉིས་རེ་རེར་ཉུང་མཐའ་མི་གྲངས་ཆིག་སྟོང་ཉིས་སྟོང་ཞིག་ཡོད་པ་རེད། ཡེ་ལང་ཚོན་གྱི་ནང་མི་གཅིག་གཉིས་ཞིག་དང་ཁང་པ་གཅིག་གཉིས་ཤིག་ལས་ཅི་ཡང་ལྷག་མེད་པར་རྩ་མེད་ཕྱིན་པ་རེད།
དྲི་བ། གནོད་འཚེ་བྱུང་པའི་རྗེས་སུ་བླ་བྲང་དང་ཐེ་བོ་སོགས་ཀྱི་བོད་ཁུལ་གྱི་སེར་སྐྱ་མང་ཚོགས་འབྲུག་ཆུ་རྫོང་ལ་རོགས་སྐྱོར་དུ་འགྲོ་རྩིས་བྱས་ཀྱང་བཀག་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དེ་ཐོས་སོང་ངམ་དེ་ལྟར་རེད་དམ།
ལན། སྐབས་དེར་གནས་སྟངས་ཉེན་ཁའི་འོག་ཡོད་པས་མི་ཚང་མ་བཀག་ནས་རྫོང་མཁར་ལ་ཡོང་གི་འཇོག་གི་མེད་པ་འདྲ།
དྲི་བ། སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་མཚན་གོང་ཆུ་ལོག་བྱུང་རྗེས་ཁྱེད་ཚོ་ཇི་ལྟར་བྲོས་ནས་ཐར་སོང་ངམ།
ལན། དགོང་མོ་དེར་ང་ཚོ་ཕྱི་ལ་བྲོས་ཏེ་རྫོང་སྲིད་གཞུང་གི་ཐང་ཆེན་དུ་མཚན་གང་པོར་བསྡད་པ་ཡིན། ཕྱི་ཉིན་ནམ་ལངས་ནས་བལྟ་དུས་ཚང་མ་ཆུའི་བསྣུབས་འདུག་ལ། ཟ་འཐུང་བཙོང་སའི་ཚོང་ཁང་སོགས་ཆུ་འོག་བསྣུབས་འདུག དེ་ནས་ང་ཚོ་ག་ས་གར་སོང་ནས་ཟ་འཐུང་རེ་བཙལ་ཡང་མ་རྙེད། སྐབས་དེར་དམག་མི་སླེབས་ནས་བེམ་པོ་ས་འོག་ནས་སློག་བཞིན་འདུག ངས་བེམ་པོ་མང་པོ་མང་པོ་མཐོང་སོང་།
དྲི་བ། དེས་ན་ཁྱེད་ཀྱིས་བེམ་པོ་ག་ཚོད་མཐོང་སོང་།
ལན། ང་ཚུར་ཡོང་བའི་ལམ་བར་དུ་ཉུང་མཐའ་བེམ་པོ་བཅུ་ཕྲག་ཁ་ཤས་མཐོང་སོང་། དེའང་ངས་བསམ་བཞིན་དུ་ཕར་ཚུར་ལྟ་དུས་རིག་པ་མ་ཡིན་པར་ལམ་ལ་འགྲོ་དུས་ཐད་ཀར་མིག་ལམ་བརྒྱུད་ཡོང་བ་རེད།མི་མང་པོའི་བེམ་པོ་མཐོང་སོང་། ཉིན་གཉིས་པའམ་གསུམ་པར་ང་ཕྱིར་ང་ཚོའི་ཞང་ལ་ལོག་པ་ཡིན།
དྲི་བ། ཁྱེད་ཀྱིས་རྣམ་པ་དེ་དག་མཐོང་དུས་སྐྲག་སྣང་སྐྱེས་ཀྱི་འདུག་གམ།
ལན། སྐྲག་སྣང་ཞེ་དྲག་སྐྱེས་ཀྱི་མི་འདུག་མོད་།ཡིན་ནའང་ལྟ་བས་མི་བཟོད་པ་ཞིག་རེད།
དྲི་བ། ཐེངས་འདིའི་གོད་ཆག་ཁྲོད་ཁྱེད་ཀྱི་ནང་མི་ཉེ་འབྲེལ་དང་གྲོགས་པོ་ངོ་ཤེས་དེ་འདྲ་མ་འཚམས་པའི་གནས་ཚུལ་འདྲ་བྱུང་ཡོད་དམ།
ལན། ངའི་ནང་མི་གཉེན་ཉེ་གྲོགས་པོ་ཚོར་གོད་ཆག་གང་ཡང་བྱུང་མ་སོང༌། དགོང་མོར་དེར་ང་ཚོ་གྲོགས་པོ་ཁ་ཤས་ངའི་ཕུ་བོའི་ཁང་པའི་ནང་བསྡད་ཡོད་ཀྱང་མཚན་མོར་ཕྱི་ལོག་ལ་འཆམ་འཆམ་སོང་པས་གནོད་སྐྱོན་ཐེབས་མ་སོང་། གལ་སྲིད་ཁང་པའི་ནང་ཉལ་ཡོད་ན་ཤི་ཚར་བ་རེད། ཁང་པ་ཆུས་ཁུར་སོང་བ་རེད།དེ་ནས་ཉིན་གསུམ་པར་ང་རང་འབྲུག་ཆུ་རྫོང་དང་ཁ་གྱེས་ནས་ང་ཚོའི་གྲོང་ཚོའི་ནང་ཕྱིན་པ་ཡིན།
དྲི་བ། དེའི་རྗེས་ནས་ཁྱེད་ཀྱིས་ག་རེ་བྱས་པ་ཡིན་ནམ།
ལན། དེ་ནས་སྡེ་བའི་ནང་ཉིན་ཁ་ཤསབསྡད་རྗེས་སློབ་གྲྭ་འཚོགས་ལ་ཉེ་བས་རྐྱེན། ཕྱིར་འབྲུག་ཆུ་རྫོང་ཐོག་གི་བཞི་མདོ་བརྒྱུད་ནས་སོང་བ་ཡིན། དེ་དུས་ད་དུང་བེམ་པོ་ཁ་ཤས་མཐོང་རྒྱུ་ཡོད་ནའང་། བེམ་པོ་རུལ་ཏེ་དྲི་ངན་བྲོ་བས། རིམས་ནད་ཕོག་པར་དོག་ནས་སློག་ཏུ་འཇུག་གི་མེད།
དྲི་བ། སྐབས་དེར་གཞུང་གིས་མངག་པའི་དམག་མི་དང་དྲག་ཆས་ཉེན་རྟོག་པ་མ་གཏོགས། སྒེར་ངོས་ནས་དྭངས་བླངས་བྱེད་མཁན་མང་པོ་ཡོད་དམ།
ལན། སུ་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་དམིགས་བསལ་དྲག་ཆས་དམག་མི་འདུག ཞི་ཨན་སོགས་ནས་མགྱོགས་ཐུག་དང་གཏེར་ཆུ་སོགས་བསྐྱལ་ཡོང་མཁན་ཡང་འདུག
དྲི་བ། ད་ལྟ་ཁྱེད་ཀྱིས་གསུང་བ་དེ་གཞུང་ཕྱོགས་ནས་མངག་པ་རེད་མོད། ངའི་དྲི་བ་ནི་མང་ཚོགས་རང་ངོས་ནས་དྭངས་བླངས་ཐོག་རོགས་སྐྱོར་ལ་ཡོང་བ་དཔེར་ན་བོད་ཁུལ་གྱི་དགེ་འདུན་པ་དེ་འདྲ་མཐོང་རྒྱུ་ཡོད་དམ།
ལན། ངས་ཐེ་བོ་ཕྱོགས་ཀྱི་གྲྭ་བ་གཅིག་གཉིས་རེ་མཐོང་སོང་། གསལ་པོ་ཤེས་མ་སོང་། ཧ་ལམ་མང་པོ་ཡོད་ན་ཐང་།ངས་གཅིག་གཉིས་ཤིག་གིས་རོགས་རམ་བྱེད་པ་མཐོང་སོང་། དེ་ནས་འབྲུག་ཆུ་རྫོང་གི་ཞང་སོ་སོ་ནས་ཡོང་བའི་དྭངས་བླངས་བྱེད་མཁན་མང་པོ་འདུག ས་ཆ་གཞན་པ་ནས་ཡོང་ཡོད་སྲིད་དེ་ངས་གསལ་པོ་ཤེས་མ་སོང་། ང་ཚོ་འབྲུག་ཆུ་རྫོང་གི་ཏང་ཡོན་ཚང་མ་རྫོང་ཐོག་ཏུ་ངེས་པར་དུ་དྭངས་བླངས་ཐོག་རོགས་སྐྱོར་བྱེད་པར་འགྲོ་དགོས་པ་རེད།
དྲི་བ། དེས་ན་འབྲུག་ཆུ་རྫོང་ཐོག་ལ་འགྲོ་སའི་ལམ་ཁ་བཀག་ནས་འགྲོ་རུ་འཇུག་གི་མེད་པ་བདེན་ནམ།
ལན། ང་འབྲུག་ཆུ་རྫོང་ནས་ཡོང་དུས་ད་དུང་པེ་ལོང་ཅང་༼འབྲུག་དཀར་གཙང་པོ་༽བྲུབས་ནས་ལམ་ཁ་ཆུའི་ནང་འཐིམས་པས་འགག་སྒོ་ནས་ཚང་མ་བཀག་འདུག།རྗེས་སུ་ངས་སློབ་གྲ་ནས་བརྙན་འཕྲིན་ཐོག་གཙང་པོ་ག་ལེར་ཇེ་ཆུང་དུ་སོང་བ་དང་ལམ་ཁ་བསྐྱར་གསོ་བྱེད་པ་མཐོང་སོང༌།
དྲི་བ། ཀན་ལྷོ་ཁུལ་གྱི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁང་ཡང་ན་ཀན་སུའི་ཞིང་ཆེན་གྱི་རླུང་བརྙན་འཕྲིན་ཁང་གིས་ས་གནས་དངོས་སུ་སོང་ནས་བཅར་འདྲི་བྱེད་པའི་གནས་ཚུལ་མཐོང་སོང་ངམ།
ལན། ཀན་སུའུ་བརྙན་འཕྲིན་ཁང་དང་ཀན་ལྷོའི་བརྙན་འཕྲིན་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་ས་གནས་སུ་ཡོད་པ་ངས་མཐོང་སོང་། ཀན་ལྷོའི་བརྙན་འཕྲིན་ཁང་གིས་ས་གནས་ཀྱི་གནས་ཚུལ་བརྙན་པར་དུ་ལེན་པ་མ་གཏོགས་མཐོང་མ་སོང་། ཀན་སུའུ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐུད་ལམ་དང་པོ་ནས་ས་གནས་སུ་བཅར་འདྲི་བྱེད་པ་མཐོང་སོང་།ཡིན་ནའང་བོད་སྐད་མ་རེད་ཚང་མ་རྒྱ་སྐད་ནང་རེད།
དྲི་བ། ཁྱེད་ཀྱིས་བོད་སྐད་བཤད་ཤེས་སམ།
ལན། ང་ཚོ་འབྲུག་ཆུ་འདི་ཕྱོགས་ནས་བོད་སྐད་ཉན་ན་ཅུང་ཙམ་ཧ་གོ་གི་ཡོད་།ཡིན་ནའང་བཤད་ཤེས་མཁན་ཉུང་ཉུང་རེད། ང་ཚོ་འབྲུག་ཆུ་རྫོང་རང་གི་སྐད་གདངས་ཏེ་མ་འདྲ་བ་ཞིག་རེད།
དྲི་བ། ཁྱེད་ཀྱི་ཆེས་གསུང་འདོད་པའི་སྐད་ཆ་ཁ་ཤས་འབྲུག་ཆུའི་སྐད་གདངས་ནང་གསུང་ན་ཆོག་གམ།
ལན། བཀྲ་ཤིས་བདེ་ལེགས། ཁྱེད་ཚོས་ང་ཚོར་སེམས་ཁུར་དང་དོ་སྣང་བྱས་ཏེ་སྐད་ཆ་དྲིས་པར་ངས་བཀའ་དྲིན་ཆེ་ཞུ་གི་ཡོད་། ཁྱེད་ཚོས་དཀའ་ལས་ཁག་སོང་།
དྲི་བ། མཐའ་མ་དེར་ཁྱེད་ཀྱིས་ཆེས་གསུང་འདོད་པ་ཅི་ཞིག་ཡོད་དམ་ཅུང་གསུང་རོགས་གནང་།
ལན། ང་ལ་དམིགས་བསལ་བཤད་རྒྱུ་མེད། འབྲུག་ཆུ་འདི་ཕྱོགས་ནས་མང་ཚོགས་ཀྱི་འཚོ་བ་ཧ་ཅང་དབུལ་ཕོངས་རེད། དེའི་ཁྲོད་ང་ཚོའི་སྡེ་བ་ད་དུང་འདུས་མེད་།ང་ཚོ་ད་དུང་ཅུང་ཙམ་ཡག་པོའི་གྲས་རེད། འཚོ་བའི་ཆ་རྐྱེན་ཅུང་འགྲིག་བསྡད་པ་དང་ཞེ་དྲག་སྐྱོ་བོ་མ་རེད། ཡིན་ནའང་འབྲུག་ཆུ་རྫོང་གི་ས་ཆ་ཁ་ཤས་དངོས་གནས་དབུལ་ཕོངས་དང་འཚོ་བ་སྐྱོ་བོ་རེད། གལ་སྲིད་ཁྱེད་ཚོས་ཁོང་ཚོར་རོགས་རམ་དང་དེའི་ཐད་ཁྱབ་སྒྲག་དོ་སྣང་རེ་བྱེད་ཐུབ་ན་ཡག་པོ་འདུག་དེ་ངས་རེ་བ་ཡིན།
དྲི་བ། ཁྱེད་ཀྱིས་བཤད་པའི་སྐྱོ་བོ་ས་ཆ་དེ་ཚོ་གྲོང་གསེབ་ཟེར་གྱི་ཡོད་པ་རེད་དམ། རྫོང་མཁར་རེད།
ལན། གྲོང་གསེབ་རེད་། རྫོང་མཁར་གྱི་སྤྱིར་བཏང་གི་མང་ཚོགས་དེ་ཚོའང་ཧ་ཅང་དབུལ་པོ་རེད།མང་ཚོགས་ཀྱི་ཁང་པ་དེ་ཚོའང་ཧ་ཅང་སྐྱོ་པོ་རེད།
དྲི་བ། ཁྱེད་ཀྱིས་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ། སློབ་སྦྱོང་ཡག་པོ་བྱོས་། ད་བདེ་མོ་བྱོས།
ལན། ཡ་ཡ། བདེ་མོ་བྱོས།
(བཅར་འདྲིའི་དུས་ཚོད། 2010-09-27
བཅར་འདྲི་ཞུ་ཡུལ། བོད་ནང་སློབ་གཉེར་བྱེད་བཞིན་པའི་འབྲུག་ཆུའི་ས་ཁུལ་གྱི་སློབ་མ་ཞིག
བཅར་འདྲི་བྱེད་སའི་གནས། ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན།
ཨེ་ཞེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁ་པར་བཅར་འདྲི།)