ཀའོ་སྦོ་ཧྲེང་བརྩམས།
ནགས་ཤོད་སད་མིས་བསྒྱུར།
༢༠༡༠ ལོའི་ཟླ་བ ༡༠ པའི་ཚེས ༨ ཉིན་ལུའུ་ཞའོ་པོ་ལ་ནོར་ཝེའི་ཞི་བདེའི་བྱ་དགའ་ཐོབ་པར་གོ་ལ་ཡོངས་ཀྱིས་དོ་སྣང་བྱུང་བ་དང་། རྒྱལ་ཡོངས་ཀྱི་མིག་ཡངས་སྤྱོད་བཟང་བ་ཚོ་དགའ་བ་ཆེན་པོས་ཁྱབ་ལ་དུས་ཐུང་ནང་རྒྱ་ནག་དམངས་གཙོ་ཐོབ་གཏན་ཁེལ་བ་ལྟར་སྣང་བ་མ་ཟད་གཅིག་བྱས་ན་སང་ཉིན་ནས་དམངས་གཙོ་བསྐྱོད་པར་སེམས། རྒྱལ་ཁབ་གཅིག་གི་འགྲོ་མིའི་ཐོབ་ཐང་དབུ་ཁྲིད་ནོར་ཝེར་ཞི་བདེའི་གཟེངས་རྟགས་ཐོབ་ཚེ་དོན་དམ་པས་རྒྱལ་ཁབ་དེ་ཉིད་དམངས་གཙོ་ཕྱོགས་རྒྱུར་ཡར་སྐུལ་གྱི་ནུས་པ་ག་ཙམ་ཐོན་སྲིད། དངོས་གནས་མྱུར་མགྱོགས་ངང་བློ་རྩལ་ཕྱུང་སྟེ་ལས་འགུལ་ལ་རེམ་ནས་སྒེར་གཅོད་མཇུག་བསྡུ་འགྲོ་འམ། དང་ཐོག་ང་ཚོས་རིག་པའི་གཞུང་ལུགས་མི་རྩོད་པར་ཉམས་མྱོང་གི་སྟེང་ནས་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོ་དང་རྒྱལ་ཁབ་དེ་དང་དེ་རང་དབང་ཐོབ་མིན་གྱི་གྲངས་ཐོ་འདིར་ཅིག་ལྟོས་དང་།
༡༩༣༥ ལོར་འཇར་མན་གྱི་གསར་འགོད་པ་ཨོ་ཤིས་ཨེ་ཚི་ཅིས་བཙོན་དོང་ནང་བྱ་དགའ་ཐོབ། ལོ ༡༠ རྗེས་འཇར་མན་རང་དབང་ཐོབ།
༡༩༧༥ ལོར་སུའུ་ལན་གྱི་ཨང་ཏེ་ལེ་སཱ་ཧ་ལོ་ཧྥུ་བྱ་དགའ་ཐོབ། ལོ ༡༦ རྗེས་སུའུ་ལན་འཐོར་ནས་རང་དབང་ཐོབ།
༡༩༨༣ ལོར་ཕོ་ལན་གྱི་ཝ་ཝན་ས་བྱ་དགའ་ཐོབ། ལོ ༦ རྗེས་ཕོ་ལན་རང་དབང་ཐོབ།
༡༩༨༤ ལོར་ལྷོ་ཨ་ཧྥེ་རི་ཁའི་ཌ་སི་མན་ཌི་ཋོས་ཋོས་བྱ་དགའ་ཐོབ། ལོ ༩ རྗེས་ལྷོ་ཨ་ཧྥེ་རི་ཁ་རང་དབང་ཐོབ།
༡༩༨༩ ལར་བོད་ཀྱི་ཏཱ་ལའི་བླ་མ་བྱ་དགའ་ཐོབ། ལོ ༢༡ རྗེས་བོད་སྔར་བཞིན་རང་དབང་མེད།
༡༩༩༡ ལོར་འབར་མའི་ཨང་སར་སོ་ཅིས་བྱ་དགའ་ཐོབ། ལོ ༢༠ རྗེས་འབར་མ་སྔར་བཞིན་རང་དབང་མེད།
༢༠༠༣ ལོར་དབྱིས་རན་གྱི་ཤིས་ཨར་ལན་བྱ་དགའ་ཐོབ། ལོ ༧ རྗེས་དབྱིས་རན་སྔར་བཞིན་རང་དབང་མེད།
༢༠༡༠ ལོར་རྒྱ་ནག་གི་ལུའུ་ཞའོ་པོ་བྱ་དགའ་ཐོབ། རྒྱ་ནག་སྔར་བཞིན་རང་མེད།
གོང་གསལ་ཐོ་གཞུང་ནས་ང་ཚོས་གསལ་པོ་ཤེས་རྟོགས་ཐུབ་རྒྱུར་རང་དབང་ཟེར་བ་འདི་ནོར་ཝེའི་ཞི་བདེའི་བྱ་དགའ་ཐོབ་པ་དང་མཉམ་འགྲོགས་ཡོང་གི་མེད། སྒེར་གཅོད་མཇུག་སྡུད་ཐུབ་མིན་དེ་ནི་བྱ་དགའི་རྗེས་ནས་མི་དམངས་ཀྱི་ངོ་རྒོལ་ལ་རག་ལས་པ་དང་། རང་དབང་འཐོབ་མིན་གྱི་རྩ་བའི་འགན་ཐེག་ཅིག་ཀྱང་རེད། ནོར་ཝེའི་བྱ་དགའ་ཐོབ་པ་དང་བྱ་བ་ཐམས་ཅད་ལེགས་གྲུབ་ཟིན་པ་ལྟར་དུ་བསམ་མི་རུང་། དོན་ངོ་མར་རང་དབང་འཐོབ་མིན་གྱི་ཆེས་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ནི་སླད་མའི་ལོ་ཤས་ནང་གི་འཐབ་རྩོད་ལ་རག་ལས་ཡོད།
ཡིན་ནའང་ནོར་ཝེའི་ཞི་བདེའི་བྱ་དགའ་འདི་འགྱུར་འདེད་དངོས་རྫས་ཆེ་ཤོས་ཤིག་དང་གཙོ་གལ་ཆེ་ཤོས་དེ་ཡིན་པ་བློ་དོགས་ཅི་ལ་དགོས། དེ་ནི་ཕོ་ལན་དང་ལྷོ་ཨ་ཧྥེ་རི་ཁའི་ལོ་རྒྱུས་ཀྱིས་ཁ་གསལ་གོ་བདེ་ཆགས་ཡོད། རྒྱལ་ཁབ་འདི་གཉིས་ཀྱི་དབུ་ཁྲིད་ལ་བྱ་དགའ་འདི་ཐོབ་པས་རྗེས་མའི་ལོ ༡༠ ནང་རང་དབང་མངོན་འགྱུར་བྱུང་བ་རེད། ཕྲན་པ་སློབ་ཆེན་ན་ཡོད་དུས་ཤར་ཕྱོགས་དཔེ་སྐྲུན་ཁང་ནང་མ་ནས་དཔར་བའི ༼ཝ་ཝན་སའི་ལོ་རྒྱུས༽བཀླགས་མྱོང་། དེའི་ཁྲོད་བག་ཆགས་ཆེས་ཟབ་ཤོས་ཤིག་ནི་ཝ་ཝན་ས་བྱ་དགའ་འདི་ཐོབ་རྗེས་རྒྱལ་ཡོངས་དགའ་བདེས་མྱོས་པ་དང་ཁོ་པར་ཕོ་ལན་མི་དམངས་ཀྱིས་ཟད་མི་ཤེས་པའི་བསྔགས་པ་ཐོབ་ཡོད། ཕོ་ལན་དམངས་གཙོའི་ལས་འགུལ་ལ་འཛམ་གླིང་ཡོངས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་བྱས་པས། ད་གཟོད་ཕོ་ལན་དམངས་གཙོའི་ལས་འགུལ་རྒྱལ་ཁ་ལ་ཕྱོགས་ནས་ཉིན་རེར་ལེ་དབར་སྟོང་ཕྲག་ལ་བསྐྱོད་པ་རེད། ལོ ༦ རྗེས་ཕོ་ལན་མཐའ་མའི་རང་དབང་ཐོབ་པ་རེད། འོན་ཏེ། རྒྱ་ནག་ཕོ་ལན་གཉིས་པ་ཞིག་ཆགས་ཐུབ་མིན་ནི་དྲི་གཞི་ཞིག་རེད།
ལུའུ་ཞའོ་པོ་ལ་བྱ་དགའ་འདི་ཐོབ་པ་དང་ང་ཚོས་བསྲན་མི་ཐུབ་པར་རྒྱ་ནག་ནམ་རང་དབང་ཐོབ་གི་རེད་ཅེས་དཀོན་མཆོག་ལ་སྐད་ཆ་འདྲི་དགོས་བྱུང་། གཅིག་བྱས་ན་ཕོ་ལན་ལས་ཀྱང་མགྱོགས་ཀྱི་རེད། ལོ ༥ ནང་གཅིག་སྡུད་སྲིད་དབང་འདི་སྲན་ཕུང་འཐོར་བ་ལྟ་བུ་ཞིག་ཡོང་མི་སྲིད་པ་མིན། གལ་ཏེ་ནོར་ཝེའི་བྱ་དགའ་འདི་དངོས་གནས “ཆབ་སྲིད་ཀྱི་རྡུལ་ཕྲན་འབར་མདེལ ” ཞིག་ཡིན་ཚེ། ང་ཚོ་རྒྱ་ནག་པ་ཚོས་འདིའི་ནུས་པ་དང་ས་ཆོད་མཐར་སོན་ཞིག་ལ་བསྐྱལ་དགོས།
མཇུག་མཐར། ང་ཚོས་བསྡོམས་རྒྱག་དགོས་པ་ཞིག་ནི། ང་ཚོས་ད་དུང་ཡང་མུ་མཐུད་དུ་སྐུ་ཞབས་ལུའུ་ཞའོ་པོ་ལ་ནོར་ཝེའི་བྱ་དགའ་ཐོབ་པའི་གོ་སྐབས་འདི་དང་བསྟུན་ནས་འབད་འཐབ་བྱ་དགོས་ལ་ལས་འགུལ་ཡང་སྤེལ་དགོས་པ་ཙམ་མ་ཟད། ཇི་སྲིད་སྒེར་སྡེམ་སྲིད་གཞུང་འདི་ཐོར་ཞིག་ལ་སོང་བ་དང་མི་དམངས་ལ་རང་དབང་མ་ཐོབ་པའི་ཉིན་མི་དེའི་བར་དུ་མུ་ནས་མུར་རྣམ་པ་དང་བརྗོད་དོན་འདྲ་མིན་གྱི་ཐོག་ནས་འཚེ་མེད་ཞི་བའི་ལས་འགུལ་འབད་པ་བྱ་དགོས་ངེས་ཡིན།
༼ལུའུ་ཞའོ་པོ་ལ་ནོར་ཝེའི་ཞི་བདེའི་བྱ་དགའ་ཐོབ་པའི་ཉིན་མ་ལྔ་པ་རུ།༽
ནོ་སྦེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ལ་དབྱེ་ཞིབ་བྱེད་ན་འདི་འདྲའི་རྩོམ་ཡིག་ཀློག་དགོས་རྒྱུ་གལ་ཆེན་པོ་ཞིག་རེད། ངས་ནམ་རྒྱུན་རང་ཉིད་ཀྱི་མིག་རྒྱ་དེ་ཆབ་སྲིད་ཀྱི་ཕྱོགས་སུ་གྲོག་མའི་མིག་ལས་ཀྱང་ཆུང་ཞིང་རྒྱང་ཐག་ཐུང་བ་ཞིག་འདུག་པར་བློ་ཕམ་ཚད་མེད་བྱེད་བཞིན་ཡོད།
འགྱུར་བཟང་། དོན་སྙིང་ལྡན་པའི་དཔྱད་རྩོམ་ཞིག་རེད། ལོ་རྒྱུས་ལ་ཕྱོགས་སྡོམ་དང་རང་ལྟ་གསལ་སྟོན། ཀློག་པ་པོའི་བློ་སྒོ་འབྱེད་པར་ཕན་པ་སོགས་དཔེ་ཡག་པོ་འདུག དུས་བབ་དཔྱད་རྩོམ་འདི་འདྲ་མང་ཙམ་ངོ་སྤྲོད་གནང་རོགས།
ང་ཚོའི་ཡི་གེ་བ་ཚོས་ཀྱང་བོད་དོན་དང་འབྲེལ་བའི་དོན་དག་སྐབས་བསྟུན་གླེང་སློང་དབྱེ་ཞིབ་ཟབ་པའི་རྩོམ་ཚད་གཞི་འདི་ཙམ་ལ་སླེབས་པ་མང་པོ་སྤེལ་ཐུབ་ན་བོད་མི་ཀློག་པ་པོ་ཚོའི་ལྟ་རྒྱ་བློ་རྒྱ་ཆེར་བསྐྱེད་པར་ཕན་པ་ཡོང་བ་འདུག ང་ཚོའི་ཡི་གེ་བ་ཚོས་དེ་ཕྱོགས་ལ་འབད་པ་ལྷོད་མེད་དང་བསམ་ནུས་གཅིག་སྤུངས་བྱེད་རན་ཐག་ཆོད་འདུག
རེད། ནོར་བྷེལ་བྱ་དགའ་དེས་དམངས་གཙོའི་ལམ་དུ་འགྲོ་བ་དང་མང་ཚོགས་ལ་རང་དབང་ཐོབ་པར་སྐུལ་འདེད་ལྷད་མེད་ཐོན་པ་དང་དེས་དགེ་ཕྱོགས་ལ་བརྩོན་པའི་སྟོབས་ཤུགས་གཅིག་འགྲིལ་བཟོ་བར་ནུས་པ་གཞལ་བར་དཀའ་བ་ཐོན་གྱི་ཡོད་འདུག ང་ཚོ་བོད་མིའི་ངོས་ནས་བཤད་ན་89ལོར་༸གོང་ས་མཆོག་ནས་བྱ་དགའ་དེ་བཞེས་ལ། བོད་མིའི་སེམས་ནུས་སྔར་ལས་ལྷག་པར་རྡོག་རྩ་གཅིག་འགྲིལ་བྱུང་མོད། རྐྱེན་རྩ་ཆེན་པོའམ་བར་ཆད་ཆེ་ཤོས་དེ་ནི་རྗེས་མའི་ལོ་ཤས་ནང་རྒྱལ་སྤྱིའི་ཁོར་ཡུག་གི་རླུང་བུ་རྒྱུགས་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་པ་དེས་བོད་དོན་ལམ་ལྷོང་མ་བྱུང་བ་དང་། རྒྱ་དམར་གྱིས་89སློབ་མའི་ལས་འགུལ་དྲག་གནོན་བྱས་པ་དེས་རྒྱ་དམངས་འཇིགས་སྣང་གི་གཡང་དུ་ལྷུང་ནས་རང་དབང་བརྩོན་ལེན་གྱི་ཡོ་ལངས་ཡང་རེ་ཞིག་འཇམ་མེར་བབས་པ་དེ་ཡང་བོད་དོན་ལམ་ལྷོང་མ་བྱུང་བ་རེད་བསམ། སྐབས་དེར་མང་ཚོགས་ཀྱི་མངོན་འདོད་དྲག་གནོན་བྱེད་མཁན་རྒྱ་དམར་དེ་ལ་རྒྱལ་སྤྱིའི་ཕྱོགས་ནས་ཁ་གཏད་ཇི་ལྟར་གཅོག་པའི་ཐད་ལྟ་བ་མི་མཐུན་པ་མང་པོ་ཡོད་པ་ལས། མཐར་ཐུག་དཔལ་འབྱོར་ཡར་རྒྱས་བཏང་ནས་རིམ་བཞིན་ཞི་བའི་ངང་ནས་འགྱུར་བ་གཏོང་རྒྱུ་དེ་ལག་ལེན་བྱས་འདུག དེ་ལ་མི་མང་པོས་ངོ་རྒོལ་བྱས་ལ་ཐབས་ཤེས་དེས་མང་ཚོགས་ཀྱི་རྔུལ་ཁྲག་དང་ཚེ་སྲོག་བཅོམ་མཁན་རྒྱ་དམར་བཤན་པ་དེ་ཚོར་སྲོག་རྩ་ཟིན་པའི་དབུགས་རྒྱུན་མཐུད་པར་ངོས་ཟིན་པ་རེད། དེང་སྐབས་རྒྱ་དམར་སྲོག་ཁ་ལོན་པ་མ་ཚད་རྒྱགས་ཤ་ལངས་ནས། འཛམ་གླིང་སྟོབས་ལྡན་རྒྱལ་ཁབ་མང་པོ་ཡང་རང་གིས་བྲོ་གང་འཁྲབ་རྒྱ་དམར་གྱི་རྔ་ལ་བལྟ་དགོས་པའི་ཚད་ལ་སླེབས་ཡོད་དུས། ཁོ་ཚོ་ཡང་གཉིད་མཐུག་པོ་དེ་ནས་ཧོབ་སད་བརྒྱབ་ཡོད་པ་འདྲ། རྒྱ་དམར་ཁྲག་དམར་འཛར་རེ་དེའི་ཁ་རླངས་དྲག་པོ་དེའི་ངར་ཤ་ཚོར་ཡོད་པ་འདུག ཡག་པོ་རེད། ལིའུ་ལ་བྱ་དགའ་དེ་ཐོབ་པ་དེས་རྒྱ་ནག་གི་དམངས་གཙོ་དང་རང་དབང་། མིའི་ཐོབ་ཐང་རྩོད་མཁན་ཚོ་རྡོག་རྩ་འགྲིལ་བར་ཕན་པ་ཆེན་པོ་བྱུང་ངེས་ལ། སྟོབས་ཤུགས་དེ་འཕེལ་རྒྱས་ཡག་པོ་བྱུང་ན་གནམ་ངོ་བཟང་ནས་བཟང་དུ་རེད། ད་ཆ་རྒྱ་ནག་གི་ཤེས་ལྡན་པ་མང་པོས་ལིའུ་གློད་གྲོལ་ཡོང་བར་ཤུགས་རྒྱག་གིན་འདུག གལ་སྲིད་རྒྱ་གཞུང་དེ་ཕྱི་ནང་གཉིས་ཀྱི་གནོན་ཤུགས་མ་བཟོད་པར་གློད་དགོས་ཐུག་ན། རང་དབང་བརྩོན་ལེན་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ལ་དེའི་དབང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་ཚ་རླབས་ཤིག་མྱུར་དུ་རྒྱ་ནག་ཡུལ་འཕྱུར་བཟོ་ཡོད་པ་དང་། གལ་སྲིད་རྒྱ་གཞུང་གིས་མགོ་མཁྲེགས་ཀླད་མྱགས་ཀྱིས་མ་གློད་པར་བསྡད་ན། དེས་ཀྱང་རང་དབང་བརྩོན་ལེན་པ་དང་མང་ཚོགས་ཚོའི་ངར་ཤུགས་འཕེལ་བ་དང་རྒྱལ་སྤྱིའི་གནོན་ཤུགས་ཀྱང་ཆེ་ནས་ཆེ་རུ་འགྲོ་རུ་རེད། གང་ལྟར་ངོ་ལྟས་བཟང་པོ་འདུག