བོད ལྷ་ཀླུ་གཉན་གསུམ།
བྱ་བ་ཆེ་ཆུང་གང་ལ་ཡིན་ཡང་ཨ་གསར་བྱེད་རྒྱུར་དགའ་བའི་གོམས་གཤིས་འདི་སུ་ལ་ཡོད་ན། དེ་ནི་ད་གཟོད་སྤྱི་ཚོགས་གང་ཞིག་གི་ཁྲོད་དུ་ཕམ་ཁ་ཉོ་མཁན་གྱི་མི་རིགས་དེ་ཡིན་ཟེར་ན་མ་ཆོག་པ་མེད་པ་ཡིན། མི་རིགས་ཤིག་གི་ངོས་ནས་བཤད་ན། ཨ་གསར་བྱེད་རྒྱུ་དེ་ནི་གཏམ་ཀུ་རེ་བྱས་པ་དང་གཏན་ནས་མི་འདྲ་བ་ཡིན།
མི་རིགས་ཤིག་སྡུག་ལ་ཐུག་ནས། འཆི་གསོན་གྱི་གནས་སྟངས་སྐྱོ་བོ་དེ་ཡི་ཁྲོད་དུ་ལྷུང་ཡོད་སྐབས། སུ་ཞིག་མི་རིགས་དེ་ཡི་ཁོངས་སུ་སྐྱེས་ཡོད་པ་ཡིན་ན། ཐོག་མར་རང་ངོས་ནས་མི་རིགས་དེ་ཡི་འགན་འཁུར་བ་ལ་དགེ་སྐྱོན་གང་ཡོད་མེད་དང་། མི་རིགས་དེ་མུ་མཐུད་དུ་འཛམ་གླིང་གི་མི་སྡེའི་སྤྱི་ཚོགས་འདིར་གནས་པ་ལ་དོན་སྙིང་ཡོད་མེད་དེར་བསམ་གཞིགས་ཞིབ་མོ་ཞིག་བྱེད་དགོས་པ་ཡིན།
དེ་ཡང་མི་རིགས་གཞན་དག་དང་བསྡུར་ནས་བལྟ་དགོས་པ་ལས། རང་གི་མི་རིགས་ཀྱི་མིག་ཤེལ་ཆུང་ཆུང་ཞིག་གོན་ནས་བལྟས་པ་ཡིན་ན། ནོར་འཁྲུལ་ཡང་མི་ཤེས་ས་མང་པོ་ཞིག་ནས་ཡོང་རྒྱུར་གདོན་མི་ཟ་བ་དེ་ཡིན། ལྟ་སྟངས་ཀྱི་ཕྱོགས་ནས། ལས་སླ་བོའི་སྒོ་ནས་ལྟ་ཚུལ་ཞིག་ཡོད་པ་དེ་ནི། མིའི་རིགས་འདི་སུ་ཡིན་ཡང་རང་ལ་དགའ་བ་ནི་བཤད་མི་དགོས་པ་དེ་ཡིན་ལ། རང་ཉིད་ལ་དགའ་བ་དེ་ཡང་། རང་ཉིད་ལ་དཀའ་ངལ་མེད་པ་དང་འཚོ་བ་རྙོག་དྲ་མེད་པ་ཞིག་བྱུང་ན། བུ་ཕྲུག་ཚོའི་མ་འོངས་པ་དེ་ཡང་ཕན་ཚུན་ལ་བྱམས་བརྩེ་ཡོད་པ་ཞིག་བྱུང་ན་བསམ་པ་དེ་ཡིན་ཟེར་ན་མ་ཆོག་པ་མེད་ལ། དེ་ཡང་འགྲོ་བ་མིའི་རྨང་གཞི་རུ་བརྩི་དགོས་པ་ཡིན།
ད་གཟོད་འདི་ལྟར་བལྟས་པ་ཡིན་ན། ང་ཚོ་ནི་བོད་མི་ཡིན་ལ། བོད་སྐད་བཤད་ཤེས་པ་དང་བོད་སྐད་ཀྱི་སྟེང་ནས་རང་གི་བདེ་སྡུག་ཚང་མ་སྨྲ་ཐུབ་ མཁན་དང་བོད་ཡིག་གི་སྟེང་ནས་རང་གི་བདེ་སྡུག་གླུ་རུ་ལེན་མཁན་གྱི་གྲངས་སུ་ཡོད་དུས། མི་རིགས་འདིའི་ཁྱད་ཆོས་ཆེས་མི་ཉུང་བ་ཞིག དམིགས་བསལ་གྱིས་འཚོ་བའི་དགོས་མཁོའི་ཁྲོད་མེད་དུ་མི་རུང་བའི་རང་གི་སྐད་ཁོ་ནའི་སྟེང་ནས་རོལ་མྱོང་བྱེད་ཐུབ་ཀྱི་ཡོད་པ་ཡིན། དེ་ཙམ་གྱིས་རང་གི་སྐད་ཀྱིས་རང་ལ་བཞག་པའི་བག་ཆགས་དེ་དག་ལས། མི་ལ་བརྩི་བཀུར་གྱི་སྐོར། བསམ་ཤེས་ཀྱི་སྐོར། ཆེ་བཀུར་ཆུང་བྱམས་ཀྱི་སྒྲིག་སྲོལ། བྱམས་བརྩེའི་རང་བཞིན་གྱི་སེམས་གཤིས་སོགས། ང་ཚོས་རང་གི་སྐད། བོད་སྐད་དང་བོད་ཡིག་འདི་བརྒྱུད་དེ་ཐོབ་པ་ཡིན་ལ། འདི་ཉིད་ཀྱིས་ང་ཚོར་འཚོ་གནས་བསྐྲུན་པ་ཡིན།
དེང་སང་ང་ཚོས་རང་ཉིད་ཀྱི་འཚོ་གནས་དང་འབྲེལ་བའི་ལས་དབང་འདིའི་ཐད་ལ་བསམ་བློ་གཏོང་བ་ནས། རང་ཉིད་ཀྱིས་བརྒྱུད་མྱོང་མཐོང་གསུམ་གྱི་ལམ་ཁར་ཞུགས་ཐེངས་རེར། རང་ཉིད་ཀྱིས་རང་གི་འཚོ་གནས་དང་འབྲེལ་བའི་མི་རིགས་འདི་ལ་འགན་ཞིག་ལེན་དགོས་པ་ དེ་ནི། ཡིན་གཅིག་མིན་གཅིག་རྐུབ་སྟེགས་རྫིག་པོ་ཞིག་དང་། ལས་ཁུངས་མིང་ཅན་ཞིག་གི་ནང་དུ་སྡོད་ཐུབ་པ་དེ་ཙམ་ལ་ངོས་འཛིན་བྱས་ན་མི་འགྲིག་པར། འདི་ཉིད་ཀྱིས་མི་རིགས་འདིའི་ལུས་སེམས་གཉིས་ཀ་གསོ་ཐུབ་པའི་ཆེས་རྨད་བྱུང་གི་རིན་ཐང་གཞལ་དུ་དཀའ་བའི་གནས་ལུགས་ཤིག་ང་ཚོར་གནང་བ་དེས་ཆེད་དུ། ང་ཚོས་རང་རང་གི་ཉིན་རེའི་འཚོ་བ་དེ་ཡང་། མི་རིགས་འདི་ལ་འགན་ལེན་མི་བྱེད་ཐུ་མེད་དུ་གྱུར་ཡོད་པ་དགཟོད་ཁས་ལེན་དགོས་ཐུག་ཡོད།
ཁས་ལེན་དེ་ལྟར་བྱས་རྗེས་ཀྱི་ང་ཚོས་གཏན་ནས་ཨ་གསར་ཟེར་བའི་ཐ་སྙད་དེ་རང་གི་འགྲོ་འདུག་སྤྱོད་གསུམ་དང་གཏན་གྱེས་བྱེད་རྒྱུ་ལས་སླ་བོ་མེད་ཀྱང་། ལས་སྣེ་གང་ཞིག་ལ་མ་ཞུགས་གོང་དེར་བསམ་བློ་ཏན་ཏན་ཞིག་གཏོང་དགོས་པ་དེ་ཡིན། མཐའ་དོན་ངས་ཞུ་འདོད་པ་དེ་ནི། ང་ཚོ་སྟེ། དྲ་ཐོག་སོ་སོ་ན་ཡོད་པའི་བོད་མི་སྤུན་ཟླ་ཚོས། ཟིན་བྲིས་སྤེལ་བའི་ཚེ་ཐག་ཐུང་བ། མཆན་བུ་འདེབས་པ་དེ་ཡང་འགན་མི་འཁུར་བ། ལྷག་པར་དུ་ཟིན་བྲིས་དག རང་ཉིད་དུས་ཚོད་ཆུད་ཟོས་སུ་གཏོང་ས་ལྟ་བུ་ཞིག་ཆགས་ན་དངོས་ནས་སེམས་པ་སྐྱོ་བོ་རེད་ལ། ཟིན་བྲིས་གཉེར་མ་ཐག བསྐལ་བ་ཇི་སྲིད་བར་དུ་བོད་ཡིག་གི་དྲ་ཚིགས་དག་ལ་ཞབས་འདེགས་ཞུ་རབས་གླེང་ནས། ཟླ་ངོ་ཁ་ཤས་དང་ཉི་མ་ཁ་ཤས་ཀྱི་རྗེས་སུ་གོ་མེད་ཚོར་མེད་ཀྱི་སྤུན་ཟླ་ཨ་གསར་ཅན་དེ་དག་ལ་རེ་སྐུལ་ཞིག་དང་འབོད་སྐུལ་ཞིག་ཞུ་བ་ཡིན།
ཁ་ཤས་ཀྱི་དེང་སང་དྲ་ཐོག་གི་བོད་ཡིག་དྲ་ཚིགས་དག་ན་སྐད་ཆ་རིན་ཐང་ཅན་མི་འདུག་ཟེར་ནས་ཉོབ་སྣང་གི་སྐོར་གསུང་། དེ་འདྲ་ཡིན་ན། སྤུན་ཟླ་དེ་ཡི་རིགས་ཀྱིས་དྲ་ཐོག་ལ་དམིགས་བསལ་གྱི་སྐད་ཆ་རེ་འཁུར་ནས་ཕེབས་ཤོག་དང་། སྤུན་ཟླ་གཞན་དག་གིས་ད་གཟོད་ཁྱེད་ཀྱི་སྐད་ཆ་ལ་གོང་ཚད་རྒྱགས་ངེས་ཡིན།