ད་ལོའི་སྤྱི་ཟླ་༤པའི་ཚེས་༢༤ཉིན་རྒྱ་ནག་གཞུང་གིས་༼རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་༽གྱི་ནག་ཉེས་འོག་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞོགས་དུང་ངམ་བཀྲ་རྒྱལ་ལགས་འཛིན་བཟུང་བྱས་ཏེ། ཟི་ལིང་གྲོང་ཁྱེར་ལྟ་སྲུང་ཁང་དང་པོའི་ནང་བཙོན་འཇུག་བྱས་ཡོད་ལ། ཟླ་བ་འདིའི་ཚེས་༡༤ཉིན་གྱི་ཕྱི་དྲོར་ཁག་ཐེག་བཀའ་སྒུག་གི་གནས་སྟངས་འོག་གློད་གྲོལ་ཐོབ་ཡོད་འདུག
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་ཀྱིས་ད་ལྟ་པེན་ཅིན་དུ་གནས་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལ་བཅར་འདྲི་དུས་སུ་ངོ་སྤྲོད་བྱས་བ་ལྟར་ན། བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱལ་ལགས་མཚོ་སྔོན་ཟི་ལིང་དུ་ལོ་ཕྱེད་རིང་བཙོན་འཇུག་བཀག་ཉར་བྱས་རྗེས་ད་ལྟ་ཁག་ཐེག་བཀའ་སྒུག་འོག་གློད་གྲོལ་བཏང་ཡོད་ལ། འོད་ཟེར་ཀྱིས་མུ་མཐུད་དུ་གསུང་དོན། བཀྲ་རྒྱལ་ལགས་ཁ་སང་༩ཚེས་༡༤ཉིན་)ཁག་ཐེག་བཀའ་སྒུག་འོག་གློད་གྲོལ་ཐོབ་པ་རེད། གནས་སྟངས་འདི་ཁོང་གི་པེ་ཅིན་གྱི་གྲགས་ཅན་ཁེ་དབང་སྲུང་སྐྱོབ་ཁྲིམས་རྩོད་པ་ལི་ཧྥང་ཕེན་གྱིས་ང་ལ་བརྗོད་བྱུང་། ཁ་སང་བཀྲ་རྒྱལ་ལགས་ཟི་ལིང་བཙོན་ཁང་ནས་ཁག་ཐེག་བཀའ་སྒུག་གི་གནས་སྟངས་འོག་ད་ལྟ་རང་ཁྱིམ་ལ་སླེབས་ཡོད་ལ། མིག་སྔར་ཁོང་གི་གཟུགས་གཞིའི་གནས་སྟངས་ཕྱོགས་ནས་ཅུང་ལེགས་པོ་རེད་ཟེར།
ད་ལྟ་དགུང་ལོ་༤༧ཡིན་པའི་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གི་རྕོམ་སྒྲིག་པ་དང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱལ་ལགས་ཀྱིས་སྤྱི་ལོ་༢༠༠༨ལོའི་བོད་མིའི་ཞི་རྒོལ་ཆེན་མོ་གཙོ་བོར་འཁོད་པའི་༼གནམ་ས་གོ་འབྱེད་༽ཅེས་པའི་དཔེ་དེབ་ཅིག་བྲིས་ནས་འགྲེམ་སྤེལ་བྱས་པར་བརྟེན་འཛིན་བཟུང་བཀག་ཉར་བྱས་རྗེས། སྤྱི་བདེ་ལས་ཁུངས་ཀྱིས་བཀྲ་རྒྱལ་གྱི་གྱོད་དོན་དེ་ཁྲིམས་ཞིབ་ཁང་ལ་རྩིས་སྤྲོད་བྱས་ཏེ། སྐབས་དེར་བཀྲ་རྒྱལ་གྱི་ནང་མིས་གཞུང་ཕྱོགས་ནས་ཁོང་ལ་གསང་བའི་ཐོག་འདྲི་གཅོད་ཁྲིམས་བཤེར་བྱེད་པར་སེམས་ཁྲལ་བྱེད་ཀྱིན་ཡོད། བཀྲ་རྒྱལ་ལགས་འཛིན་བཟུང་མ་བྱས་པའི་སྔ་ནུབ་ཏུ་ཁོང་གི་ཆུང་མས་གཉེར་བའི་དཔེ་ཚོང་ཁང་ཡང་སྒོ་བརྒྱབ་ཡོད་པ་རེད།
འོད་ཟེར་ལགས་ཀྱི་ཟིན་བྲིས་ནང་ད་ལྟ་བཀྲ་རྒྱལ་ལགས་ཁག་ཐེག་བཀའ་སྒུག་གནས་སྟངས་འོག་གློད་གྲོལ་ཐོབ་པའི་རྒྱུ་རྐྱེན་གསལ་པོ་ཤེས་རྟོགས་མེད་ནའང་། སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་ཁོང་གི་ནང་མིར་ཁྲིམས་རྩོད་པ་གདན་ཞུ་ཆོག་པའི་བརྡ་སྤྲད་ཡོད་པ་དང་། དེ་ནི་མི་འགྱངས་པར་གྱོད་དོན་དེ་ཁྲིམས་ཞིབ་ཁང་ལ་རྩིས་སྤྲོད་བྱེད་རྒྱུའི་རྟགས་མཚན་རེད། ཡིན་ནའང་ད་ལྟ་ཁག་ཐེག་བཀའ་སྒུག་འོག་གློད་གྲོལ་ཐོབ་པ་ལས་། དེའི་བར་ནས་ཐབས་ཇུས་ལ་འགྱུར་བ་ཆེན་པོ་ཕྱིན་པ་བསྟན་ཡོད་ཟེར།
འོད་ཟེར་ལགས་ཀྱིས་གསུང་དོན། ཁོང་གློད་གྲོལ་ཐོབ་པའི་རྒྱུ་རྐྱེན་ཅི་ཡིན་ད་ལྟ་གསལ་པོ་ཤེས་རྟོགས་མེད། ཡིན་ནའང་རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། ཕྱི་ནང་གི་བོད་རིགས་ཤེས་ལྡན་མི་སྣ་ཚོའི་འབོད་སྐུལ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་དང་ཏན་ཏན་འབྲེལ་བ་ཡོད་སྲིད། བྱེ་བྲག་རྒྱུ་རྐྱེན་ང་ཚོས་ཤེས་རྟོགས་མེད་གང་ལྟར་ཁོང་ད་ལྟ་ཁྱིམ་དུ་ཕྱིར་ལོག་ཐུབ་པར་ཚང་མ་དགའ་སྤྲོ་སྐྱེས་བཞིན་པ་དང་།ཁོང་ལ་སྨོན་འདུན་ཞུ་གི་ཡོད་ཟེར།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱལ་ལགས་འཛིན་བཟུང་བྱསརྗེས་།རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་སོགས་ཚོགས་པ་མངཔོའི་རྒྱལ་སྤྱིའི་སྟེང་ཁོང་གློད་གྲོལ་ཆེད་ཛ་དྲག་གི་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད་། མཚོ་སྔོན་སྤྱི་བདེ་ཐིན་གྱི་འགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འགོ་ཁྲིད་། ཟི་ལིང་གྲོང་ཁྱེར་ལྟ་སྲུང་ཁང་དང་པོའི་འགན་འཛིན་བཅས་སོ་སོར་འཕྲིན་ཡིག་བྲིས་ནས། རྒྱ་ནག་གཞུང་གིས་བཀྲ་རྒྱལ་ལ་བཙོན་དུ་གཅར་རྡུང་མི་བྱེད་པའི་ཁས་ལེན་དང་། ཆ་རྐྱེན་གང་ཡང་མེད་པར་ཁོང་མྱུར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་༼རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱུར་༽དང་༼སྐྲོག་གཏམ་སྒྲོག་པ༽སོགས་ཀྱི་ཉེས་མིང་ཐོག་གཞུང་དང་ལྟ་བ་མི་མཐུན་པའི་བོད་མིའི་ཐོག་དྲག་གནོན་བྱེད་པ་མཚམས་འཇོག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད། སྐབས་ཤིག་ལ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱལ་ལགས་ཀྱི་གནས་སྟངས་སྐོར་ལ་སྐད་ཆ་དྲིས་ཡོད།དེ་མིན་ད་ལྟ་རང་མི་ཞིག་གིས་ངའི་ཟིན་བྲིས་ཀྱི་མཆན་བུའི་འདི་ལྟར་བྲིས་འདུག གསར་གནས་ཞིག་ལ། ཁ་སང་ཉི་ནུབ་ཆུ་ཚོད་༦ཡོལ་ཙམ་ལ་རྩོམ་པ་པོ་ཞོགས་དུང་ལགས་ཟི་ལང་ནས་ཀློད་དེ་ནང་དུ་འབྱོར་འདུག་ལ། མཐོང་བ་ཙམ་གྱིས་བཙོན་ནས་དཀའ་སྡུག་ཆེན་པོ་མྱངས་པ་དེ་ལུས་ཀྱི་ཤ་རིད་ཅིང་རྒས་ཉམས་ཆེན་ པོ་ཤར་བ་དེས་བསྟན་འདུག་སྐད།
༼གཞི་བཅོལ་ས། ནོར་ཝེ་རླུང་འཕྲིན་ཁང་གི་རྒྱ་ཡིག་དྲ་ངོས།༽
ད་ཡག་བྱུང་་་
གཏམ་བཟང་རེད། ད་དུང་གནམ་ས་གོ་འབྱེད་གཉིས་པ་ཞིག་རྩོམས་ཞིག
བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་གྱུར་ཅིག
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་བྱས་ནས་རང་ཁྱིམ་དུ་ཕེབས་འདུག་པའི་གནས་ཚུལ་འདུག་འདི་གོ་ཐོས་བྱུང་བས་ཡིད་སེམས་གཏོང་ནས་རབ་ཏུ་དགའ་ཡོད། བཀྲ་རྒྱལ་ལགས་ལ་ཤིས་བདེ་ལེགས་ཞུས་པ་ཡིན།
༼ཁ་བརྡ་ཚང་ལ་ཞུས་རྒྱུརཁ་སང་༩ཚེས་༡༤ཉིན་)༽མ་རེད། བཅུ་བའི་བཅུ་བཞིན་ཉིན་རེད། དགུ་བའི་བཅུ་བཞི་ཉིན་ཡིན་ན་བཀྲ་རྒྱལ་གྱིས་ཟླ་ངོ་གཅིག་ཏག་ཏག་ལ་བཙོན་ནས་མནར་གཅོད་མྱངས་པ་རྩིས་མེད་བཏང་མི་འདུག་གམ། སྤྱིར་ཚེས་གྲངས་ཤིག་ནོར་བ་རེད་མོད་དེ། འདི་ཧ་ཅང་གལ་ཆེན་རེད་འདོད་ཀི་ཡ།
ཀློད་གྲོལ་ཐོབ་པ་ཡག་པོ་རེད་ལ་གཟུགས་གཞི་བདེ་ཐང་ཡིན་པ་དེ་བས་ཡག་པོ་རེད། ཁོང་བོད་རྒྱལ་ཁབ་ཀྱི་དབའ་བོ་རེད།ཁོང་རྒྱ་དམར་གྱི་མདའ་མདུང་ལྕགས་སྒྲོག་གི་ངར་ཁ་ནས་ལངས་པའི་དབའ་རྒོད་རེད།
བཀྲ་རྒྱལ་ལགས། རྒྱ་གཞུང་གི་བཀག་སྐྱིལ་ལས་རང་དབང་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས། བཙོན་གྲོལ་བཏང་ནས་རང་ཁྱིམ་དུ། ཕེབས་འདུག་པའི་གནས་ཚུལ་ནི། བཀྲ་བཤིས་པའི་གཏམ་བཟང་ཞིག་ཡིན་པས། ང་ཚོ་བོད་མི་རྣམས་དགའ་འོས་པ་ཞིག་ཡིན་ལ་དེ་བས་ཀྱང་། ཤེས་ཡོན་ཅན་འདི་འདྲ་ཞིག་ཚེ་སྲོག་ལས་ཐར་བ་ནི། ངའི་བསམ་ཡུལ་ལས་འདད་སོང་བས། ངས་དགའ་སྤྲོ་ངང་ཁོང་གི་ནང་མི་དང་བཅས་པར་ཚམས་འདིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ནོ།།
འཕན་པོ་བསྟན་དར་ནས་ཕུལ།། །།
བོད་གཞིས་བྱེས་གཉིས་ཀྱི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དགའ་འོས་པའི་གཏམ་བཟང་རང་རེད།
བཀུར་པར་འོས་པའི་སྐུ་ཞབས་ཞོགས་དུང་ལགས་རང་ཁྱིམ་དུ་ལོག་ཐུབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ལ་རྒྱ་དང་སྙིང་སྟོབས་ཅན་གྱི་གངས་རིའི་ཕོ་རྒོད་ཞོགས་དུང་མཆོག་དམར་པོའི་བཙོན་ལས་ཐར་བ་ལ་ངས་སྙིངནས་དགའ་ཞིང་སྤྲོ་བས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
དགའ་འོས་པའི་གཏམ་བཟང་དང་། ཉན་འོས་པའི་ཕྲིན་བཟང་རྣ་ལམ་དུ་ལྷུང་བའི་ཉིན་འདིར། ངས་དུས་རབས་འདིའི་བོད་མིའི་སྐྱིད་སྡུག་ལ་ཁ་ཁོག་གཉིས་མེད་ཀྱི་དུང་ཞེན་ཆེ་བའི་གྲགས་ཅན་རྩོམ་པ་པོ་ཁོང་སྐུ་ཁམས་དངས་བའི་རེ་བ་དང་སྐུ་ཚེ་བརྟན་པའི་སྨོན་ལམ་ལན་བརྒྱར་ཞུ། རྒྱུ་མཚན་ནི། སྡུག་བསྔལ་གྱི་རྒྱ་མཚོ་འདིའི་ཕ་རོལ་ན་བདེ་སྐྱིད་ཀྱི་གླིང་ཆེན་ཞིག་ཡོད་ཟེར། གང་ལྟར་ང་ཚོ་ཚང་མ་གླིང་དེར་བསྐྱོད་འདོད་ཡོད་པ་ཤ་སྟག་ཅིག་ཡིན་གཤིས། མཁྱེན་དགོས་པ་ཞིག་ལ། གླིང་དེར་འཁྲིད་མཁན་གྱི་དེད་དཔོན་ནི་བཀྲ་རྒྱལ་གཙོས་གྲགས་ཅན་གྱི་རྩོམ་པ་པོ་ཁོང་རྣམས་ཡིན་ལ། ལམ་ཡིག་ནི་གནམ་ས་གོ་འབྱེད་གཙོས་རྩེ་ཕུད་ཀྱི་རྩོམ་དེབ་རྣམས་རེད། མདོར་ན། ང་ཚོས་མུ་མཐུད་དེ་མདུན་བསྐྱོད་བྱ་དགོས་སྟབས་སྙིང་སྟོབས་ཀྱི་ལུས་ཟུངས་སྐྱེད་དགོས་ལ། ཐབས་ཤེས་ཀྱི་མིག་ཟུང་པྱེ་དགོས། བློ་སྟོབས་ཀྱི་རྩལ་ཆེན་རྫོགས་དགོས། སེམས་སྟོབས་ཀྱིས་མདུན་བསྐྱོད་བྱ་དགོས། སྙིང་སྟོབས་ཀྱིས་བདེན་རྒྱལ་ལོན་དགོས། དེར་བརྟེན། དྲང་བདེན་གྱི་སྨྱུག་ཐོགས་པ་རྣམས་སྐུ་ཚེ་རི་རྒྱལ་བཞིན་དུ་བརྟན་དགོས་ལ། སྐུ་ཁམས་ནམ་མཁའ་བཞིན་དུ་དངས་དགོས།
བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཡིན་ཡང་འདི་ནས་ཁོང་དང་ཁོང་འདྲ་བའི་བོད་རིགས་རྩོམ་པ་པོ་འགའ་ཤས་ཀྱི་ངེས་པར་སྤངས་དགོས་པའི་གོམས་གཤིས་ངན་པ་འགའ་དྲན་གསོ་བྱེད་ཀྱི་ཡོད། དཔེར་ན་དྲ་ནང་གི་སེང་རྡོར་ཟེར་བ་སོགས་སྙིང་ཆུང་བྱིས་པ་ཁ་ཤས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིགས་གཞུང་ལ་མཐོང་ཆུང་དང་བརྙས་བཅོས་ཀྱི་རྩོམ་ཡིག་ཚོད་མེད་འབྲི་བཞིན་པ་དེ་དག་སྤངས་འོས་པ་འདུག བོད་རིགས་ནང་ཁུལ་ལ་ཞེད་མི་དགོས་པ་ཤེས་ནས་ཆེད་དུ་དཔའ་ཆེན་པོ་དང་སྤོབས་པ་མཐོ་པོས་བོད་མི་རིགས་ཀྱི་རིག་གཞུང་སོགས་ལ་སྡུག་སྐྱག་དྲན་ཚོད་འབྲི་བཞིན་པ་ཆེས་མ་རབས་ཀྱི་བྱ་སྤྱོད་ཅིག་ཡིན་ཕྱིར། བོད་རིགས་སྤུན་ཟླ་གྲངས་མེད་ཀྱི་སེམས་ཁམས་རྨས་པའི་སེང་རྡོར་སོགས་ཀྱི་སྨྱུག་རྩེ་དམར་པོ་དེ་བཀྲུས་ནས། སྨྱུག་རྩེ་དཀར་པོ་བསྒྱུར་དགོས་པ་དང་སྨྱུག་རྩེ་དཀའ་པོ་དེ་དགྲ་བོའི་གདོང་ལ་འཛུགས་ཐུབ་པའི་རེ་བ་ཞུ་གི་ཡོད།
ཞོགས་དུང་ལགས་ཀྱིས་ཀྱང་སྔོན་མ་བོད་ཀྱི་ནང་བསྟན་གཙོས་པའི་བོད་ཀྱི་རིགས་གཞུང་དང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་སྐྱེས་བུ་རྣམས་ལ་མཐོང་ཆུང་གི་རྩོམ་ཡིག་རབས་དང་རིམ་བྲིས་མྱོང་བ་མ་ཟད། རྩོམ་ཡིག་དེ་དག་འབྲི་དུས་བཙོན་ཁང་དུ་ཟགས་རྒྱུ་དང་། ཡང་ན་ཁོ་རང་གི་ཕ་མ་རྒན་ཁོག་དང་ཆུང་མ་སོགས་དཀའ་སྡུག་ག་རེ་འཕྲད་ཡོང་སྙམ་པའི་ཞེད་སྣང་སྤུ་ཙམ་བྱེད་མྱོང་མེད་པ་མ་ཟད། སྤོབས་པ་ཆེན་པོས་ཤར་རེ་འབྲི་རྐྱང་བྱས་ཡོད་ཀྱང་། གནམ་ས་གོ་འབྱེད་འབྲི་དུས་དེ་དང་མི་འདྲ་བར་འབྲི་གི་འབྲི་གི་ཞེད་ཀི་ཞེད་ཀི་བྱས་འདུག རང་ཉིད་བཙོན་དུ་ཚུད་ནས་མ་ཤི་དམྱལ་བའི་སྡུག་བསྔལ་མྱོང་རྒྱུའི་ཞེད་སྣང་སྐྱེས་བ་མ་ཟད། ཆུང་མ་དང་ཕ་མ་རྒན་ཁོག་གཉིས་གཙོའི་ནང་མི་རྣམས་ཀྱང་ལས་སླ་བོ་འཇོག་གི་མ་རེད་བསམ་པའི་འཇིགས་སྐྲགས་ཚད་མེད་སྐྱེས་མྱོང་འདུག ཚོར་བ་དེ་ཚོ་ཁོ་རང་གི་དེབ་ནང་གསལ་བོ་བྲིས་ཡོད་འདུག ཡིན་ཡང་བོད་མི་དང་བོད་མིའི་རིགས་གཞུང་ལ་སྐྱོན་འདོན་དགག་བརྒྱག་བྱེད་དུས་གནམ་ས་གོ་འབྱེད་འབྲི་བ་དང་མི་འདྲ་བར། ཞེད་སྣང་སྣ་གཅིག་མེད་པ་མ་ཟད། བྲིས་ཡོད་བསམ་པའི་ང་རྒྱལ་དང་། བྲིས་ནས་སྐད་གྲགས་ཆགས་ཡོང་བསམ་པའི་རེ་བ་ཡོད་རེད། བྱས་ཙང་ནང་ཁུལ་དང་ཞེད་མི་དགོས་སར་བློ་ཁོག་ཡོད་མདོག་བྱེད་མི་རུང་བའི་རེ་བ་ཡོད། ཞེད་མི་དགོས་ས་དང་ནང་ཁུལ་ལ་ཤ་ཚ་དང་གུས་ཞབས་བྱེད་འོས་པ་དྲན་བསྐུལ་བྱེད་ཀྱི་ཡོད།
འབྲི་རྒྱུ་ཡོད་ན་དགྲ་དམར་ལ་ཕྲིས་དང་བོད་མི་ཁྲི་ཚོ་མང་པོ་གསོད་བྱེད་མཁན་གྱི་ལག་དམར་དང་། དགོན་སྡེ་སྟོང་ཕྲག་མང་པོ་བཤིག་མཁན་གྱི་དགྲ་བོ། རི་ལུང་མིག་གིས་མཐོང་ཚད་བསྔོགས་མཁན་གྱི་རྐུན་མ་དང་། གཙང་བོ་བརྒྱ་ཕྲག་མང་པོ་རྙོགས་མཁན་གཏོར་བཤིག་མཁན་ཡིན་པ་མ་བརྗེད།
སེང་རྡོར་སོགས་ཀྱིས་སྤུན་ཟླའི་སྙིང་ཁ་བཙུགས་པའི་རང་གི་སྨྱུག་རྩེའི་ཟངས་ཁྲག་དམར་པོ་བཀྲུ་རན་རེད། རེ་བ་ཡོད།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་གཞོགས་དུང་ལགས་བཙོན་གྲོལ་ཐོབ་པ་ལ་བཅོས་མིན་གྱི་བཀྲ་ཤིས་བདེ་་ལེགས་ཞུ་རྒྱུ་ཡིན་།
ར྄ྩོམ་པ་པོ་ས྄ྐུ་ཞབས་ཞོགས་དུང་ལགས་ག྄ློད་བཀ྄ྲོལ་བ྄ྱས་པ་དེ་ཕ྄ྱིའི་གནོན་ཤུགས་ལས་བ྄ྱུང་བ་གོར་མ་ཆགས།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་གཞོགས་དུང་ལགས་བཙོན་གྲོལ་ཐོབ་པ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ། བོད་གངས་ཅན་པའི་ཆེད་དུ་རང་སྲོག་འབེན་འཛུགས་མཁན་དབའ་བོ་དབའ་མོ་རྣམས་བཙོན་གྲོལ་ཐོབ་པར་སྨོན།
བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །