ཨ་རིག་འགྱུར་མེད།
ཐེངས་འདིའི་སློབ་མའི་ལས་འགུལ་གྱི་སྔ་གཞུག་ཏུ་ང་ཚོས་ཤེས་དགོས་པའི་གནད་དོན་འགའ་འདུག་ལ།
ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྡེ་ཚན་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་མཉམ་འཇོག་དགོས་པའི་གནད་དོན་འགའ་འདུག
མདོ་སྨད་རེབ་གོང་དང་རྨ་ལྷོ་ཁུལ། ཆབ་ཆ་ཁུལ། ཁྲི་ཀ་རྫོང་། རྩི་གོར་ཐང་།
མགོ་ལོག་ཁུལ་བཅས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་རྣམས་ཀྱིས་ཅིའི་ཕྱིར་སྐད་བརྒྱབ་པ་རེད།
ཁོང་ཚོའི་ངོ་རྒོལ་སྐབས་ཀྱི་འབོད་ཚིག་གཙོ་བོ་གང་དང་གང་རེད།
ནམ་རྒྱུན་བོད་ས་སྟོད་སྨད་བར་གསུམ་གང་ནས་ཞི་བའི་ངོ་རྒོལ་བྱུང་སྐབས་དེའི་ནང་ན་༸གོང་ས་མཆོག་དང་བོད་ཀྱི་ཆབ་སྲིད་གནས་བབ་ཐད་ཀྱི་ཚིག་ཅིག་མེད་ས་ཞིག་མེད་མོད།
ཐེངས་འདིར་དེ་དག་མེད་པའི་རྒྱུ་མཚན་ཅི།
དེ་ལྟར་ང་ཚོས་མདོ་སྨད་ཕྱོགས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ལས་འགུལ་འདི་ལ་ལྟ་ཤེས་པ་དང་ཉན་ཤེས་པ།
གོ་རིམ་རྟོགས་པ་དང་ཡིད་གཟབ་བྱེད་དགོས་ས་མང་བོ་འདུག
ཇི་ལྟར་བཤད་རུང་ལས་འགུལ་འདི་ཆབ་སྲིད་ཀྱི་ལས་འགུལ་མིན་ལ།
ཆབ་སྲིད་དང་མཉམ་བསྲེས་ཀྱང་བྱས་མི་འདུག
ཐ་ན་ཆབ་སྲིད་ཀྱི་དྲི་ཙམ་ཡང་མི་བྲོ་བའི་ལས་འགུལ་ཞིག་ཡིན་སྟབས།
ཕྱི་ཕྱོགས་ནས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མི་རུང་ལ།
ལྷག་པར་དུ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་སྐབས་རྒྱབ་སྐྱོར་བྱེད་སྟངས་མ་ཤེས་པའི་དབང་གིས་སྐད་ཡིག་རང་སྟེང་གི་བདག་དབང་རྩོད་པའི་ལས་འགུལ་འདི་ཆབ་སྲིད་ཀྱི་ངོ་བོར་མཉམ་བསྲེ་བྱ་མི་རུང་བར་འདོད།
དཔེར་ན། དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་ལྟ་བུ་རེད།
སྟབས་ལེགས་པ་ཞིག་ལ་བོད་ཀྱི་དགུ་བཅུ་གསུམ་གྱི་དགེ་སློབ་ཡོངས་ཞེས་པ་བེད་སྤྱོད་བཏང་བ་ལས།
དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མིང་ཐོག་ནས་ལས་འགུལ་སྤེལ་མེད།
གལ་སྲིད་དེ་ལྟར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མིང་ཐོག་ནས་ལས་འགུལ་སྤེལ་ཡོད་ཚེ།
དགུ་བཅུ་གསུམ་གྱིས་གདུང་སེམས་མཉམ་སྐྱེད་བྱས་པ་མ་འགྲིག་པ་མིན་ལ།
ཁོང་ཚོ་ལྷག་བསམ་རྣམ་དག་མིན་པས་ཀྱང་མིན་མོད།
དེས་ཕན་ཐོགས་རྒྱུའི་ཚབ་ཏུ་གནོད་སྐྱེད་སྲིད།
ཇི་ལྟར་བཤད་རུང་རྒྱ་ནག་གི་མིག་ནང་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི་ཁོང་ཚོའི་དགྲ་ལག་ནས་མ་ཆུན་མ་ཐུབ་པར།
ཕྱི་ལ་བྲོས་བྱོལ་བྱས་པའི་ཆབ་སྲིད་ཀྱི་ཉེས་ཅན་པ་ཁྱུ་ཞིག་གིས་གྲུབ་པའི་ཚོགས་པ་ཞིག་རེད་ལ།
ཚོགས་པའི་མཐར་ཐུག་གི་དམིགས་འདུན་ཆབ་སྲིད་བཙོན་ཟུར་རྣམས་ལ་ལྟ་སྐྱོང་དང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ།
བོད་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་གནས་བབ་ལ་ལྟ་རྟོག་དང་དེ་བསྟུན་གྱིས་འགུལ་སྐྱོད་བྱ་རྒྱུ་བཅས་རེད།
འདི་ལྟ་བུའི་ཚོགས་པ་ཞིག་གིས་ཐེངས་འདིའི་སློབ་མའི་ལས་འགུལ་ལ་ལག་བསྲིང་ཚེ།
རྒྱ་ནག་ལ་མཚོན་ན་དེ་ནི་ཕྱི་ཕྱོགས་ཀྱི་ཆབ་སྲིད་ཚོགས་སྡེ་གང་རུང་ཞིག་གམ།
ནམ་རྒྱུན་ལྟར་ལས་འགུལ་འདིའི་རྒྱབ་ན་ཏཱ་ལའི་རུ་ཚོགས་ཡོད་པ་སོགས་ཀྱིས་ཉེས་མེད་ཉེས་འགེལ་བྱེད་སྤྱེད་དུ་འགྱུར་སྲིད་པས།
དགུ་བཅུ་གསུམ་དང་གཞོན་ནུ་དང་བུད་མེད།
དེ་མིན་གྱི་ཆབ་སྲིད་ཚོགས་སྡེ་སུ་ཡིན་རུང་ཐད་ཀར་དུ་ལག་མ་བསྲིང་ན་བཟང་སྙམ།
དེ་གཅིག་རེད།
གཉིས་པ། དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྤེལ་བའི་གསལ་བསྒྲགས་ནང་༸གོང་ས་མཆོག་གི་མཚན་དྲངས་ཏེ་དེ་འབྲེལ་གྱི་གནད་དོན་ཞིག་འགྲེལ་ཡོད།
བོད་ནང་གི་སློབ་མའི་ལས་འགུལ་འདིའི་སྔ་ཕྱི་བར་གསུམ་དུ་༸གོང་ས་མཆོག་གི་མཚན་བགྲང་མེད་པ་ཤེས་བཞིན་དུ།
ཡར་ལངས་འདི་ཆབ་སྲིད་ཀྱི་ལས་འགུལ་མིན་པར་མི་རིགས་ཀྱི་སྐད་ཡིག་གི་བདག་དབང་ཡིན་པ་ཤེས་བཞིན་དུ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་༸གོང་ས་མཆོག་གི་མཚན་དེའི་ནང་དུ་བསྲེས་ཡོད་ལ།
དེས་རྒྱ་གཞུང་ལ་གནས་ཚུལ་དངོས་སྤས་ནས་རྫུན་མ་སྒྲོག་བྱེད་ཀྱི་སྨྲ་ལྕེ་འཐོལ་བ་ཞིག་སྦྱིན་ཡོད།
གསུམ། ལས་འགུལ་འདིར་བལྟས་ཚོད་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་མང་གཙོ་དོན་གཉེར་བ།
སྐུ་ཞབས་ལིག་ཞོ་པོ་ལ་འཐོབ་པའི་གསལ་བསྒྲགས་སྤེལ་ཏེ།
འཛམ་གླིང་གི་རྒྱབ་ཁབ་ཁག་དང་གསར་འགྱུར་སྡེ་ཚན་ཁག
མང་གཙོ་དོན་གཉེར་བ་རྣམས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག
མདོར་ན་རྒྱ་ནག་གཞུང་མང་བཅས་དོ་སྣང་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་ཁ་མིག་སྐུ་ཞབས་ལིག་ཞོ་པོ་ལ་ཕྱོགས་ཡོད་པའི་བར་གླགས་འདིར།
གློ་རྡེག་ཏུ་བྱུང་བའི་ལས་འགུལ་ཞིག་དང་སྔ་ཕྱིར་གོ་རིམ་མེད་པ་ཞིག་ཏུ་སྣང་མོད།
དེ་ལྟར་མིན་པར་ལས་འགུལ་འདིའི་སྔ་ཕྱིའི་གོ་རིམ་ཞིབ་ཚགས་པ་དང་འཆར་གཞི་བཏིང་བ་གཏིང་ཟབ་ལ།
ལྷག་པར་དུ་བོད་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཏིལ་འབྲུ་ཙམ་ཡང་འདིའི་ནང་དུ་འདྲེས་མེད་སྟབས།
ལས་འགུལ་སྤེལ་མཁན་ལ་སྔ་ཕྱིའི་གོ་རིམ་ཡོད་པ་དང་རང་གི་འགུལ་སྐྱོད་ལ་སྔ་ཕྱིའི་གྲ་སྒྲིག་ཡོད་པ་བཞིན།
ཕྱི་ཕྱོགས་ནས་རྒྱབ་སྐྱོར་བྱེད་སྐབས་ནམ་རྒྱུན་ལྟར་ཧོལ་རྒྱུགས་མི་གནང་བར།
བབ་བསྟུན་དང་གནས་ཚུལ་དངོས་ཀྱི་ངོ་གདོང་ལ་བལྟས་ཏེ་ཡིད་གཟབ་བྱ་དགོས་པར་འདོད།
བཞི། འདས་མ་ཐག་པའི་ཉིན་གསུམ་གྱི་གནས་བབ་འདིར་བལྟས་ན།
ད་ལྟའི་ཆར་ད་དུང་རྒྱ་ནག་གིས་ལས་འགུལ་འདི་སྐད་ཡིག་རང་སྟེང་གི་ལས་འགུལ་ཞིག་ཏུ་བཞག་པ་ལས་ཆབ་སྲིད་ཀྱི་ལས་འགུལ་དུ་བསྒྱུར་མི་འདུག
དཔེར་ན། སློབ་མ་རྣམས་ལ་འཇིགས་སྐུལ་དང་ཉེས་རྡུང་བཙོན་འཇུག་སོགས་བྱས་མེད།
དེ་ལྟར་ཕྱོགས་གང་ནས་བསམ་ཡང་ང་ཚོས་གནས་ཚུལ་འདིའི་ཕྱོགས་ཡོངས་དང་གནས་ཚུལ་དངོས་ཀྱི་ངོ་གདོང་ལ་མཉམ་འཇོག་དགོས་ཀྱི་འདུག
དེས་ན་བོད་ཕྱི་ཕྱོགས་ནས་ཐེངས་འདིའི་ལས་འགུལ་ལ་ཇི་ལྟར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ངམ་ཞེ་ན།
དེ་རིང་བོད་ཀྱི་དགུ་བཅུ་གསུམ་གྱི་དགེ་སློབ་ཡོངས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་མགོ་བརྩམས་པའི་ལས་འགུལ་ཏེ།
བཙན་བྱོལ་གྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་མཚན་རྟགས་བསྡུ་རུབ་དང་སློབ་མ་རང་གི་ངོས་ཐད་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་མང་གོ་སྒྲིག་བྱ་རྒྱུ་བཅས་ཡིན།
དཔེར་ན། ཐེངས་འདིའི་ལས་འགུལ་འདིའི་མགོ་ཆབ་སྲིད་ཚོགས་པ་ཁག་གིས་མི་ཁྲིད་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ཁག་དང་མཐོ་སློབ་ཁག་གིས་ཁྲིད་དེ།
བཙན་བྱོལ་གྱི་སློབ་གྲྭ་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་སྐད་འབོད་བྱེད་པ་ལྟ་བུའོ།
།
ཡིན་ནའང་། སྐབས་འདིར་འགྲེལ་འདོད་པ་ཞིག་ནི།
ནམ་རྒྱུན་ལྟར་ཆབ་སྲིད་ཚོགས་སྡེ་ཁག་དང་ཆབ་སྲིད་མི་སྣ་རྣམས་ཀྱིས་ཐེངས་འདིའི་ལས་འགུལ་འདིར་རྒྱབ་སྐྱོར་ཇི་ལྟར་བྱའམ་ཟེར་ན།
བོད་ནས་འདི་གར་འབྱོར་བཞིན་པའི་ཉིན་རེའི་གནས་ཚུལ་རྣམས་དུས་ལྟར་རྒྱ་དབྱིན་གཙོས་མི་རིགས་གཞན་གྱི་སྐད་ཡིག་སྟེང་ཕབ་བསྒྱུར་བྱས་ཏེ།
འཛམ་གླིང་གི་གསར་འགྱུར་སྡེ་ཁག་ཆེ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས།
བྱིས་པའི་ཐེབས་རྩ་ཚོགས་པ་ཁག སློབ་གསོའི་སྡེ་ཚན་ཁག
གཞུང་འཛིན་མི་སྣ་ཁག་བཅས་ལ་ཐད་གཏོང་དང་འཛམ་གླིང་གི་མི་མང་ཡོངས་ལ་གནས་ཚུལ་དུས་ལྟར་མཁོ་སྤྲོད་བྱ་རྒྱུ།
དེ་བཞིན་བོད་ཕྱིའི་སློབ་མའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ལ་དངུལ་དངོས་དང་བསམ་བློས་རོགས་རམ་བྱ་རྒྱུ་བཅས་སོ།
།
མཇུག་མཐར། གསར་འགྱུར་སྡེ་ཁག་གིས་མཉམ་འཇོག་སའང་གོང་མཚུངས་ལྟར་གསར་འགྱུར་འབྲི་སྤེལ་དང་སྒྲོག་སྦྱོང་།
བརྙན་ཕབ་སྐབས་བོད་སྐད་ཡིག་གི་བདག་དབང་རྩོད་པའི་ལས་འགུལ་འདིའི་ནང་དུ་ཆབ་སྲིད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་བསྲེས་པར།
སློབ་མའི་ལས་འགུལ་རང་དང་བོད་སྐད་ཡིག་གི་བདག་དབང་རྩོད་པའི་ལས་འགུལ་རང་།
ད་ལྟ་སྤེལ་གྱིན་ཡོད་པའི་གནས་ཚུལ་དངོས་ཀྱི་ངོ་གདོང་རང་ནས་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་གནང་རྒྱུ་དེའོ།
།
ཨ་རིག་འགྱུར་མེད་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱིས་བོད་ཕྱི་ཕྱོགས་ལ་ཡོད་པའི་གནས་སྟངས་ངོ་མ་དེ་ཤེས་འདུག་ལ་འདི་ལྟར་སེམས་ཚབས་མ་གནང་ཐབས་མེད་ཅིག་ཆགས་ཡོད། དེང་སང་གི་ན་གཞོན་དབྱིན་ཇི་ཐར་ཐོར་ཙམ་ཤེས་པ་དང་ཚོགས་པ་ཁག་གི་ནང་ཁ་བདེ་པོ་ཕྲན་བུ་བཤད་ཐུབ་མཁན་དེ་དག་གིས་རྒྱབ་མདུན་གང་ལའང་མ་བལྟ་བར་སེམས་ཤུགས་དང། ལ་རྒྱའི་འབག་གོན་ནས་ལས་འགུལ་ཕན་མེད་མང་པོ་ཞིག་བྱེད་ཀྱི་ཡོད། དཔེར་ན། ཉེ་ཆར་གཞོན་ནུ་ལྷན་ཚོགས་ཀྱི་འགོ་འཁྲི་གཅིག་གིས་རང་ལ་འཆར་གཞི་དང་ཐབས་ཤེས། བྱས་རྗེས་གང་ཡང་མེད་པར་༸གོང་ས་མཆོག་ལ་ངས་རྒྱ་མི་བོད་ནས་ཕུད་ཐུབ་ཟེར་བ་ལྟ་བུ་རེད། བྱས་ཙང་ངས་བསམ་པར། ད་ལན་བོད་ཀྱི་སྐད་ཡིག་ལ་རྟེན་པའི་མི་རིགས་ཡོངས་ནས་ཞི་རྒོལ་དེ་ལ་གདུངས་སེམས་མཉམསྐྱེས་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་ན་དངོས་གནས་གཟི་བརྗིད་ཐོག་སློབ་ཕྲུག་དེ་དག་ལ་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། ང་ཚོ་བོད་པའི་སློབ་ཕྲུག་གཅིག་པུས་རྒྱབ་སྐྱོར་ཞུ་ན་སྲིད་དོན་གྱི་ངོ་བོར་འགྱུར་སྲིད་ན། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་ཀྱི་ནང་ཆོས་དར་སའི་དགོན་སྡེ། ཆོས་ཚོགས་སོགས་ཕྱོགས་གང་ས་ནས་རྒྱབ་སྐྱོར་ཡོད་པའི་ལས་འགུལ་སྤེལ་ཐབས་ཤིག་བྱུང་ན་དངོས་གནས་ནུས་ཤུགས་ཤིག་ཐོན་ཐུབ་པའི་རེ་བ་ཆེན་པོ་ཡོད་པའི་བསམ་ཚུལ་ཞུ། ལས་འགུལ་འདིར་ཞུགས་པའི་རང་གི་རིགས་གཞུང་ལ་གཅེས་ཞེན་ཆེ་བའི་དཔའ་བོ་རྣམས་ལ་གུས་བཏུད་ཕུལ།། །།
ཨ་རིག་ལགས་ཀྱིས་གནས་ཚུལ་འདི་ཡག་པོ་ངོ་སྤྲོད་བྱས་འདུག ཐིགས་རྗེ་ཆེ་ཞུས་པ་ཡིན། འོན་ཀྱང་གོང་གི་སློབ་མས་ཡར་ལངས་བྱེད་པའི་རྫོང་ཁག་དེ་དག་གི་ནང་དུ་༼གཅན་ཚ་རྫོང་༽བྲིས་མི་འདུག ངས་གོ་ཐོས་གཅན་ཚ་ནས་ཀྱང་སྐད་འབོད་བྱས་ཡོད་རབས་ཤིག་ཟེར་གི་འདུག རེབ་གོང་གཙོ་བྱས་ཏེ་མཚོ་སྔོན་གྱི་ས་ཁུལ་གང་ལ་འདི་ལྟར་སློབ་མས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་དུས་གཅན་ཚ་ཁ་ཁུ་སུམ་མེར་བསྡད་ཡོད་ཀྱི་མ་རེད་སྙམ། སྤྱི་ཚེས་༡༩ ཉིན་རེབ་གོང་ནས་སློབ་མ་ཚོ་ཡར་ལངས་མ་ཏག་གཅན་ཚ་ནས་ཀྱང་སྦྱར་ཡིག་མང་པོ་བཀྲམས་ཡོད་པའི་གནས་ཚུལ་འབྲེལ་ཡོད་ནས་ཕར་བརྒྱུད་འབྱོར་བྱུང་། གང་ལྟར་ངས་ཀྱང་གནས་ཚུལ་ཁ་གསལ་ཞིག་རྙེད་མ་སོང་བས་ཞིབ་ཏུ་ནི་ག་ལེར་འཚོལ་ངེས་ཡིན་ལགས།
ཨ་རིག་འགྱུར་མེད་ལགས་སུ་གདུང་སེམས་མཉམ་སྐྱེས་ཡོད། ཡིན་ནའང་། བདེན་པ་དང་དངོས་ཡོད་ལ་འགྱུར་བ་སུས་ཀྱང་གཏོང་མི་ཐུབ། བོད་ཀྱི་སྐད་ཡིག་དེ་བོད་མི་རིགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ། མི་རིགས་ཀྱི་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་ཡོད་སྟབས། དེ་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་དགོས་ཀྱི་མིན་འདུག དེ་ཆབ་སྲིད་བརྗེན་པ་རེད།
ངས་བལྟས་ན་བཙན་འཛུལ་བས་བཙན་འབངས་ལ་ཐུབ་ཚོད་བཤད་ནས་སྐད་ཡིག་མེད་པ་བཟོ་རྩིས་བྱེད་ཀྱི་ཡོད། ད་དེ་ཆབ་སྲིད་མིན་ན། ག་རེ་རས། ཆབ་སྲིད་རེད། ག་རེའི་ཆབ་སྲིད་རེད་ཟེར་ན། རྒྱ་གུང་ཁྲན་གྱིས་བོད་མི་རིགས་རྩ་མེད་གཏོང་བའི་བྱ་ཐབས་སྤེལ་བ་འདི་ཆབ་སྲིད་མིན་ན་གང་རེད།
དེ་ལ་ང་ཚོས་ཁ་གཏད་འཇལ་དགོས། ཕྱི་ལ་ཡོད་པའི་བོད་པ་ཚོ་ཚང་མ་མར་འདོན་ནས་སྐད་བརྒྱབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ལ་རང་ཤི་བརྒྱབ། བཟས་ཅད་ངོ་རྒོལ་བྱས་ནས་བོད་ཡིག་སླར་གསོ་མི་བྱེད་བར་ཉིན་མ་གཅིག་ལ་མི་རེ་ཤི་གི་ཡིན་ལབ་ན། མཉམ་འབྲེལ་རྒྱལ་ཚོགས་བསམ་བློ་མ་གཏོང་རང་གཏོང་ཆག་གི་རེད།༏
དེ་མིན། འགྲོ་མཁས་པོ་སྡོད་མཁས་པོ་བྱས་ན་རྒྱ་འདི་བསམ་ཤེས་ཐུབ་མཁན་མ་རེད། ཕྱི་ལ་ཡོད་པའི་བོད་པའི་སློབ་མ་ཚོས་རྒྱལ་ཁབ་མི་རེའི་ནང་རྒྱའི་གཞུང་ཚབ་ཀྱི་མདུན་ལ་ཕྱིན་ནས་ང་ཚོས་སྤུན་ཟླ་རྣམས་ལ་བོད་ཡིག་སྦྱོང་བའི་ཐོབ་ཐང་སྤྲོད་དགོས་ཅེས་བོད་པའི་སློབ་ཕྲུག་རྣམས་ཀྱིས་་ངོ་རྒོལ་བྱས་ན་ནུས་པ་ཆེ།
ནང་གི་མིས་སྲོག་བློས་བཏང་ནས་ངོ་རྒོལ་བྱེད་ཐུབ་སར་ཕྱི་ནས་འཛེམ་གཟོན་བྱས་ན་ནོར་འཁྲུལ་ཆེན་པོ་རེད། ཁྱེད་ཀྱི་བསམ་བློ་རྒྱ་ཆེ་ཙམ་གཏོང་དང་། འཇིགས་སྣང་དང་དྭོགས་པ་འདི་ལྟ་བུ་བྱས་ན་ང་ཚོ་མི་རིགས་འདི་ཇི་ལྟར་སློང་ངམ།
བློ་སྟོབས་སྐྱེད་རོགས། གུ་ཡངསཙམ་བྱེད་རོགས།
སྔོན་མ་ང་ཚོའི་ཁྱིམ་མཚེས་སྡུག་རྩུབ་ཅན་ཞིག་ཡོད། ཁྱོ་ཀ་དེ་སྟོབས་ཆེ་ཞིང་། མི་ཤིན་དུ་གཏུམ་པ། རྒྱུ་མཚན་དང་བསམ་འཆར་ཤོད་ས་མེད། གྲོང་པ་ཚང་མ་ཁོ་ལ་སྐྲག་ནས་སྡོད་དགོས། རྟག་ཏུ་སྐེད་པར་གྲི་རིང་པོ་ཞིག་ཁྱེར་ནས་གནས་ཚུལ་གང་བྱུང་ཡང་གྲི་འདོན་པར་བྱེད། ང་ཚོའི་ནང་ལ་ཕྲུ་གུ་མང་བ་དང་ཚང་མ་ཆུང་ཆུང་ཤ་སྟག་ཡིན་པ། ངའི་ཕ་དེ་མི་སེམས་ཆུང་བ། སྔོན་མ་སྐུ་དྲག་གི་གཡོག་པོ་བྱས་ནས་རྟག་ཏུ་གཞན་གྱི་བཙན་གནོན་ཕོགས་པས། ཉིན་ལྟར་ཕྲུ་གུ་རྣམས་ལ་སེམས་ཆུང་བྱོས། གཞན་གྱིས་བསུན་གཙེར་བྱས་ན་བཟོད་པ་སྒོམས་ཟེར། ལྷག་པར་དུ་གྲོང་པའི་མི་དེར་སྐྲག་སྟབས། ང་ཚོས་ག་ཚོད་སེམས་ཆུང་བྱས་ཀྱང་ཁོས་ང་ཚོ་ལ་བརྙས་པར་བྱེད། མཚམས་རེ་ཁོའི་ཕྲུ་གུ་རྣམས་ང་ཚོ་བརྡུང་དུ་བཅུག་ནས་ང་ཚོའི་ཕ་མ་རྣམས་ཀྱི་སྙིང་ལ་ཨི་ཁུང་འཐོན་པར་བྱེད།
དེའི་སྐབས་ལ། ངའི་གཅེན་མོ་ལོ་ཅོ་བརྒྱད་ཙམ་ཡིན་པ་དེས་སྡུག་བསྔལ་དེ་དག་མི་བཟོད་པར། ཉིན་ཞིག་ཁོའི་ཁྱིམ་གྱི་སྒོ་ཁར་ཨ་རག་དཀར་པོ་ཤེལ་དམ་གང་བཞག རྗེས་ལ་ཁོ་ར་གཟི་བ་ཤེས་སྟབས། ཁོའི་ནང་ལ་ཕྱིན་ནས་ཁོའི་མགོ་ལ་རྡོ་ཆེན་པོ་ཞིག་བརྒྱབ། རྐུབ་ལ་གྲི་ཁ་ཤས་བཙུགས་ནས་བྲོས་པ་རེད། གཅེན་མོ་ངེད་ཚོའི་སྤུན་བཙུན་མ་ཞིག་ཡོད་པ་དེའི་དགོན་པར་བྲོས།
གྲོང་པ་ཚང་མས་ཁོ་སྨན་ཁང་ལ་བསྐྱལ། ཟླ་བ་གཅིག་ཙམ་རྗེས་ལོག་སླེབས་སོང་། ངའི་ཕ་དེས། ད་ཁོས་དགྲ་ཤ་ལེན་རྒྱུ་རེད་བསམས་ནས། ཕྲུ་གུ་ཚང་མར་གྲི་རེ་རེ་ཉོས། དགོངས་མོ་ཞིག་ཕ་ཆང་ཏོག་ཙམ་ཐུང་ནས། ཁོ་འཚོལ་བར་ཕྱིན། ཁོ་མར་འཐོན་པ་དང་སྐབས་འཁེལ་ནས། ཁོ་ས་ལ་མནན། སྔར་བཟོད་སྒོམ་བྱས་པའི་སྡུག་བསྔལ་ཚང་མ་བཤད་ནས་ཁོ་ལ་གྲི་རྒྱབ་པར་བརྩམ་པས་ན། གྲོང་པ་ཚང་མ་འཐོན་ནས། ཁོང་གཉིས་ཁ་བྲལ། ཡིན་ནའི་ཁོ་ཡང་སྲོག་མགོ་འཐོན་པ་མིན་འདུག་སྙམས་ནས་ངའི་ཕ་ལ་དགོངས་བསེལ་བཞུས། དེ་ནས་ད་བར་ཁོས་མི་སུ་ལ་ཡང་བཙན་གནོན་མི་བྱེད། མི་དེའི་གྲས་ལ་མཁས་པོ་དང་བཟོད་སྒོམ་གྱིས་མི་ཕན།
མཁས་པོ་དང་སྙན་པོ་འགྲོ་སའི་མི་དེ་རྒྱ་གུང་ཁྲན་མ་རེད། སྡུག་བསྔལ་ཡོད་ན་བཏོན་རྒྱུ་རེད། བཟོད་པ་དང་མཁས་པ་བྱས་ནས་ག་རེ་ཕན་སོང་། ༡༩༥༩ནང་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་རྒྱ་མི་ལ་མཁས་པོ་དང་བཟོད་པ་བྱས་པའི་འབྲས་བུ་ག་རེ་བྱུང་སོང་། བཟོད་པ་བྱས་པ་འདི་ཕན་སོང་ངས།
གཅན་བཟོད་རྒྱམ་ལགས། གཅན་ཚ་ནང་ནས་ལུས་སོང་ནོ། ཁྱོད་གཙན་ཚའི་ཡིན་སྟབས་ཡིན། ཨ་ལ། ཀུ་རེ་ཡིན། དངོས་གནས་ནང་ནས་ལུས་སོང་ཟིག རྒྱུ་མཚན་གཞན་ཅི་ཡང་མེད། འབྲི་སྐབས་བློ་གནད་དུ་མ་ཕབ་པར་ལུས་སོང་བ་རེད། མདང་དགོང་ངས་རྩོམ་འདི་བྲིས་ཚར་དུས་མཚན་གྱི་ཆུ་ཚོད་དང་པོ་ཟིན་གྲབས་འདུག
དེ་བཞིན་ཤེས་རབ་ལགས། ངས་ཁྱེད་ཀྱི་སྐད་ཆ་གོ་གི