གཅན་བཟོད་རྒྱམ་།
ད་ནི་གནད་འགག་གི་དུས་སྐབས་ཤིག་རེད་འདུག དེ་ནི་ང་ཚོ་བོད་ཕྱི་ནང་གཉིས་ནས་གང་གཟབ་གཟབ་དང་གང་ནུས་ནུས་བྱེད་དགོས་པ་ཞིག་ ཅིས་ཀྱང་ཆགས་འདུག ང་ཚོས་སྔོན་ནས་ད་བར་དུ་བོད་མང་གི་ལས་འགུལ་ཅི་སྤེལ་ལ་སྡོམ་ཚིག་རྒྱག་དུས། ལས་འགུལ་དེའི་ཐོག་མའི་འབྱུང་ཁུངས་དང་འབྱུང་རྐྱེན་གང་ཡིན།
ས་གནས་གང་དུ་འགོ་བཙུགས་པ་དེས་ཤུགས་རྐྱེན་ཐེབས་ཚུལ། དེ་ནས་ས་གནས་གང་དག་ཏུ་ཁྱབ་ཚུལ། ལས་འགུལ་ནང་དུ་ཞུགས་པའི་མི་གྲངས། འབོད་ཚིག་ཅི་ཡོད་དང་ཅི་བྱས། དུས་ཚོད་ནམ་དང་དུས་ཡུན་རིང་ཐུང་། ལས་འགུལ་ནང་དུ་ཞུགས་པའི་མི་སྣའི་གོ་ཐོབ། དཔེར་ན་དགེ་རྒན་དང་སློབ་མ། ཤེས་ལྡན་མི་སྣ་དང་རྩོམ་པ་པོ། ཡང་ན་ཞིང་པ་དང་འབྲོག་པ་དམངས་ཚོགས་སོགས་ཅི་དང་གང་ཡིན་ཁ་གསལ་གྱི་གྲངས་ཐོ་དང་། ལས་འགུལ་གྱི་སྒུལ་ཤུགས། གཞི་ཁྱོན་ཆེ་ཆུང་། མི་དམངས་ཀྱི་ཆ་ཤོས་ལེན་ཚད། དམངས་ཚོགས་ཀྱི་དགོས་འདུན་དང་ནུས་སྟོབས་ཅི་འདྲ་ཡིན་སྐོར་སོགས་ཅིས་ཀྱང་ཤེས་ དགོས་ཀྱི་འདུག་སྙམ།
བོད་ནང་དུ་འདི་དང་འདི་ལྟ་བུའི་ལས་འགུལ་ཞིག་གི་མགོ་བརྩམས་མ་ཐག་ནས། བོད་ཕྱི་ན་ཡོད་པའི་གསར་འགྱུར་དང་རླུང་འཕྲིན། བརྙན་འཕྲིན་ཁང་སོགས་ནས་ཞིབ་ཚགས་ཀྱིས་གནས་ཚུལ་ཁ་གསལ་རྒྱུས་ལོན་བྱེད་པར་མི་ བརྩོན་པར། གཅིག་གིས་སྤེལ་བའི་གནས་ཚུལ་དེར་བསྐྱར་བཅོས་ཡང་བཅོས་ཀྱིས་བརྒྱུད་སྒྲོག་བྱེད་ ཀྱི་འདུག
དེ་ཡང་བརྒྱུད་སྒྲོག་བྱེད་པ་དེ་མི་འོས་པ་དང་མི་འཚམ་པ་རེད་ཅེས་བཤད་ཀི་མེད་ མོད། སྐབས་འདི་ལྟ་བུ་ལ་ང་ཚོས་ཅིས་ཀྱང་རང་ངོས་ནས་འགན་ཆེན་པོ་ཞིག་བླངས་ཏེ་ས་གནས་ རང་ལ་གནས་ཚུལ་ཁ་གསལ་ཞིག་འཚོལ་བའི་འབད་པ་བྱེད་དགོས་པ་ཧ་ཅང་གལ་ཆེ་བར་འདོད།
འདི་ལྟར་བྱས་ན་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས། དེ་མིན་གྱི་རྒྱལ་ཁབ་ཁག་ལ་བོད་ནང་གི་སློབ་མས་རང་མི་རིགས་ཀྱི་སྐད་ཡིག་སྤྱོད་ ཀྱི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་འདི་བཞིན་འབྲེལ་བཤད་དང་། སྙན་ཞུ་འབུལ་བ། རྒྱབ་རྟེན་དཔུང་རོགས་ཞུ་བ་སོགས་གང་བྱེད་ལ་ཁ་གསལ་ཞིང་དོན་གོ་བ། གཞན་གྱིས་ཡིད་ཆེས་བྱེད་ཐུབ་པ། རང་གི་ཕྱོགས་ནས་ཀྱང་རྒྱུ་མཚན་ལྡན་པས་ན། བཤད་ན་བཤད་བདེ་བ། འབྲི་ན་བྲི་བདེ་བ། གཞན་ལ་བཤད་ན་ཡིད་ཆེས་ཐུབ་པ་ཞིག་འབྱུང་གི་རེད་སྙམ།
དེ་མིན་ས་གནས་རང་གི་གནས་ཚུལ་ངོ་མ་བོ་གཅིག་ལ་བསྐྱར་བཅོས་ཡང་བཅོས་ཀྱིས་ འདྲ་མིན་བཅོ་བརྒྱད་བཟོས་ཀྱང་། དོིན་དུ་ས་གནས་ཀྱི་གནས་ཆུང་ཚགས་གཅིག་རང་གཅིག་གི་སྟེང་ན་ལུས་པ་རེད།
དཔེར་ན། ད་ཐེངས་ཀྱི་རེབ་གོང་གི་ལས་འགུལ་སྐབས་སུ་ཡང་ཁ་མ་མཐུན་པའི་གསར་འགྱུར་གང་མང་ བརྒྱུད་སྒྲོག་བྱས་དང་བྱེད་ཀིན་འདུག འབྲེལ་ཡོད་མི་སྣས་བཤད་ན་སློབ་ཕྲུག་སུམ་སྟོང་ཡས་མེས་ནས་བཤད་ཀིན་འདུག ཨ་རི་རླུང་འཕྲིན་དང་ཨེ་ཤི་ཡའི་རླུང་འཕྲིན་སོགས་ནས་གཅིག་སྟོང་ནས་ཉིས་སྟོང་ ཟེར། གཅིག་སྟོང་དང་ཉིས་སྟོང་ཟེར་ན་དབར་དུ་ཧེ་བག་ཆེན་པོ་རེད་ལ། གནས་ཚུལ་སྣང་མེད་དུ་བཏང་བའི་ཚོར་སྣང་ཞིག་ཀྱང་སྤྲད་སོང་། དེ་མིན་གཅིག་སྟོང་ནས་ཉིས་སྟོང་ཟེར་བ་ཆ་སྙོམ་ཐབ་མེད་པའི་མེད་གྲངས་ཀ་ཞིག་རེད། ཡང་གནསདག་ན་དྲུག་སྟོང་ནས་བདུན་སྟོང་ཟེར། གང་ལྟར་འདི་ལྟ་བུའི་ཧེ་བག་ཆེན་པོ་ཡོད་པས་ན། གཞན་ལ་བཤད་མི་བདེ་བ་ཞིག་དང་བྲིས་ན་འབྲི་མི་ཤེས་ཞིག་རེད་འདུག
ཡང་མདོ་སྨད་རེབ་གོང་ནས་གནས་ཚུལ་མཁོ་གཏོང་བྱེད་སྐབས། སྒྲོལ་དཀར་ལགས་ཀྱིས་བཅར་འདྲི་བྱས་སོང་། སྐབས་འདི་ནས་ཕན་ཚུན་ལ་གོ་བརྡ་མ་འཕྲོད་པ་མང་ཙམ་བྱུང་བའི་ཚོར་བ་ཡང་སྐྱེས་ བྱུང་། གནས་ཚུལ་ཛ་དྲག་འདི་འདྲའི་སྐབས་སུ། གལ་ཆེན་དོན་ཆེན་དུ་བརྩིས་ནས་ཨ་མདོའི་མི་ལ་ཨ་མདོ་བ་ཞིག་གིས་བཅར་འདྲ་བྱས་ན་ གནས་ཚུལ་ཁ་གསལ་ལ་གོ་བདེ་བ། བརྡ་འཕྲོད་པོ་ཞིག་ཡོང་ངེས་མོད། ད་ནི་བཤད་ཀྱང་ཕྱིས་དྲག་སོང་བ་འདྲ།
དེ་བས་བོད་ཕྱི་ནང་གང་ན་ཡོད་པའི་སྨྱུག་ཐོག་པ་ཚོས་འདིའི་སྐོར་ནས་ཡིད་གཟབ་ ཀྱིས་ས་གནས་རང་གི་གནས་ཚུལ་ངོ་མ་ཅི་དང་གང་བྱུང་བ་རྣམས་གཅིག་ཀྱང་མ་ལུས་མ་ཆད་ པར་ཡིག་ཐོག་ཕོབས་པའི་འབད་བརྩོན་གནང་རོགས་ཞེས་རེ་བ་སྙིང་ནས་ཞུ།