དཀྱིལ་འཁོར་ཆེན་པོའི་ཕྱི་ཁྱམས་སུ། །དྲག་པོའི་ལྷ་ཚོགས་འཇིགས་རུང་བ། །དུས་མཐའི་མེ་ལྕེ་འབར་བའི་ཁྲོད། །གནམ་ལྕགས་ཐོག་སེར་འཐོར་རླུང་འགྱེད། །རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས། །བམ་ཆེན་བརྩེགས་པའི་ཁྲི་སྟེང་། །རོ་ལངས་འབུམ་གྱི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ །དམར་ནག་ཁྲག་གི་རལ་བ་ཅན། །སྡང་མིག་གློག་སྟོང་འགྱུ་བའི་འོད། །ཧྰུྃ་ཕཊ་ང་རོས་གནམ་ས་གཡོ། །རུས་པའི་རྒྱན་འོད་ཉི་ཟླ་བཞིན། །ཡུམ་ཆེན་སྒེག་པའི་རོལ་བ་ཅན། །མི་སྡུག་ཞལ་སྒོ་གདེངས་པ་ཡིས། །སྟོང་གསུམ་འགེང་བའི་ཐོད་ཁྲག་གི །རོ་ལ་རྔམ་པའི་འཇིགས་ཟིལ་སྟོན། །ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས། །བྱེ་བ་ཕྲག་བརྒྱའི་ཁྲོ་ཚོགས་ནི། །དུས་མཐའི་སྐར་མདའ་ལྷུང་བ་བཞིན། །དགྲ་བགེགས་མགོ་རུ་ཆེམས་སེ་ཆེམས། །གཟུང་འཛིན་འཁྲུལ་བའི་དགྲ་བགེགས་ཚོགས། །མྱ་ངན་སེམས་པ་ཁོང་ཆུད་དེ། །དཔལ་ཆེན་ཧེ་རུ་ཀ་ཡི་བཀའ། །གུས་པས་ལེན་ལ་དངངས་ཤིང་འདར། །ཁྲག་མཚོ་འཁྲུགས་པའི་རྦ་རླབས་ཁྲོད། །ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་ནི། །བདེ་ཆེན་དགའ་བའི་བཞད་སྒྲ་ཡིས། །དཔའ་བོ་མཁའ་འགྲོའི་ཚོགས་བསྡུས་ཏེ། །དཀར་དམར་ཉི་ཟླའི་ཁ་སྦྱོར་གྱིས། །གཟུང་འཛིན་རྒྱུ་བ་རབ་བཅོམ་སྟེ། །ཕྲ་རགས་བདུད་ལས་རྒྱལ་བ་ཡི། །གསང་ཆེན་སྤྱོད་པའི་གར་ལ་རོལ། །ཁྲག་ཞག་འཁྱིལ་བའི་དུར་ཁྲོད་དུ། །དབང་པོའི་མེ་ཏོག་ཚིལ་ཆེན་གྱི། །མར་མེ་སྦར་བའི་འོད་ཁྱིམ་ཀློང་། །མི་རྐང་གླིང་བུའི་ཟིལ་དབྱངས་ཀྱིས། །དགྲ་བགེགས་སྙིང་གི་ཁྲག་ཀྱང་འདྲེན། །སྟག་གཟིག་དོམ་དྲེད་འཕར་སྤྱང་སོགས། །གཅན་གཟན་གདུག་པའི་ཁ་རླངས་ཀྱིས། །ཁྲག་དྲི་ན་བུན་བཞིན་འཐིབས་ཤིང་། །དུར་ཁྲོད་ཆེན་པོ་ཤིག་ཤིག་འདར། །ཁྭ་དང་བྱ་རྒོད་འབྱུང་བྱ་སོགས། །དམ་ཉམས་དབང་པོར་རོལ་བ་ཡི། །དྲག་པོའི་འདབ་ཆགས་འཕུར་ལྡིང་གིས། །དུས་མཐའི་སྤྲིན་ནག་འཁྲིག་ལ་རྟོག །མི་སྡུག་ཀེང་རུས་གར་འཁྲབ་ཅིང་། །བམ་ཆེན་དགོད་པའི་གད་རྒྱངས་དང་། །གཟུགས་མེད་ལག་པའི་གཡབ་མོ་ཡིས། །དུར་ཁྲོད་ཆེན་པོར་གཟི་བརྗིད་འགྱེད། །ནམ་མཁའི་ལམ་ལ་གར་བྱེད་པའི། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ནི། །ཆོ་འཕྲུལ་མ་ངེས་དུ་མ་ཡིས། །བདེ་ཆེན་བདུད་རྩིའི་ཆར་ཡང་འབེབ། །ལ་ལས་ཉི་ཟླ་ཆ་ལང་རྡེབ། །ལ་ལས་རི་རབ་པང་དུ་ལེན། །ལ་ལས་རྒྱ་མཚོ་ཧུབ་ཀྱིས་འདྲེན། །ལ་ལས་གནམ་སའི་གོ་ཡང་བརྗེ། །ཙནྡྲ་ལི་ཡིས་བཞུས་པ་ཡི། །བྱང་སེམས་ཨ་ཝ་དྷུ་ཏི་རུ། །རྩེན་པའི་ངོ་མཚར་ལྟད་མོ་ལ། །མཐའ་དང་ཚད་ཀྱི་མིང་ཡང་མེད། །དེ་ལྟར་ཀུན་བཟང་ཡབ་ཡུམ་དང་། །ཆེ་མཆོག་དྲག་པོ་ཧེ་རུ་ཀའི། །སྦྱོར་སྒྲོལ་ངོ་མཚར་སྒྱུ་མའི་གར། །དཔྱོད་ལྡན་དགྱེས་པའི་མཆོད་ཡོན་བསྦྲེངས། །མཁས་དབང་མི་ཕམ་བླ་མ་ཡི། །སྦྱོར་སྒྲོལ་བསྟོད་པའི་སྙན་ངག་གིས། །ཡིད་ཀྱི་ཁྱེའུ་རབ་མྱོས་ཏེ། །འདི་ལྟའི་སྦྱོར་བ་དང་དུ་བླངས། །འདི་ལས་བྱུང་བའི་དགེ་ཚོགས་ནི། །ཁ་བའི་རྡུལ་ལ་འགྲན་པའི་ཚོགས། །བདེ་ཆེན་རིག་པའི་རོལ་མོ་འབུམ། །འཁྲོལ་བའི་ཆ་རྐྱེན་དམ་པར་བསྔོ། །
མཁའ་འགྲོ་མའི་ཞིང་ཁམས་ལ་མྱུལ་བའི།།
རལ་མེད་རྟོགས་ལྡན་གྱི་འཁོར་བཅས།།
འཁོར་འདས་རྩལ་རོལ་་དེ་ཉིད་དེ་ཤེས་ན།།
སྣང་སྲིད་མཁའ་འགྲོའི་གྲོང་དུ་ཆམ་ཅིག་ལ་བརྡལ་ཡོང་།།
སྙན་ངག་ཟེར་བ་རེད། རྟོགས་པ་མཐོ་པོ་ཡིན་ས་རེད།
ཁོ་བོ་ནི་སྙན་ངག་ལ་དུང་ཡང་གསང་སྔགས་ཀྱི་ཆོ་ག་དང་འབྲེལ་བའི་ལྷ་སྐུའི་སྒྲུང་གཏམ་ལ་དོ་སྣང་དང་དབྱིངས་དེ་ཙམ་མེད། ཆོས་སྐྱོང་དང་སྲུང་མ་རིགས་དེ་རྣམས་རྒྱ་གུང་ཁྲན་བོད་ནང་དུ་སླེབས་སྐབས་ང་ཚོ་དང་འདྲ་བར་ཁོང་ཚོ་ཡང་འཇིགས་སྣང་འོག་ཚུད་ནས་བྲོས་ཐལ། ཚར་བཅད། ཚུར་བསྡུས། ཧུྂ་ཕཊ་ཀྱི་སྒྲོགས་གཏམ་ནི་ཁ་ཚ་དགོས་གཏུགས་ལ་ཕན་ཐོགས་མེད་པ་རང་རེད།
དགོས་ཡག་མེད་པའི་ཅ་ལག་རང་རེད་ རྩོམ་འདི་བཀླགས་རྗེས་ང་རྒྱལ་དང་ཁོང་ཁྲོ་སློང་བ་ཙམ་ལས་དོན་དག་གང་ཡང་མི་འདུག་ གལ་སྲིད་ཁྱེད་ཀྱི་དགོས་པ་དེ་རང་ཡིན་ན་འགྲིགས་འདུག་ སྙན་ངག་གི་སྒྱུ་རྩལ་ཟེར་ཆོག་ བོད་རང་བཙན་ལེན་མཁན་ལ་སྙན་ངག་འདི་འདྲ་ཞིག་དགོས་པ་འདུག་ གཞན་འཁྲིག་སྤྱོད་སྐོར་དང་སྲེད་པའི་སྙན་ངག་འདི་ཚོ་རྒྱ་སྐད་ནང་བྲིས་སྟེ་པེ་ཅིན་ལ་གཏོང་རོགས་གནང་ ང་ཚོ་ལ་མི་དགོས་
ང་ཚོ་བོད་ལ་གསང་སྔགས་དར་ཆེ་བའི་དབང་གིས་དེང་སང་དྲྭ་རྒྱའི་ནང་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་སྐོར་གྱི་གསུངས་རྩོམས་མང་པོ་ཐོན་གྱི་འདུག འོན་ཀྱང་དེ་ལ་ང་ཚོས་བསམ་རྣོ་གཏོང་དགོས་ཀྱི་འདུག གང་ཡིན་ཞུས་ན་སངས་སྔགས་ཟེར་བ་འདི་གསང་ནས་ཉམས་ལེན་བྱེད་རྒྱུ་རེད་མ་གཏོགས་ཤེས་ཚད་གཞན་ལ་ངོམས་རྒྱུ་ཞིག་མ་རེད། དེང་སང་འཛམས་གླིང་འདི་སྒང་ལ་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་འདྲ་མང་པོ་ཡོད་རེད། དེ་དག་མང་ཆེ་བས་གསང་སྔགས་སྦྱོར་སྒྲོལ་དོན་ཧ་མི་གོ་བ་མ་ཟད་དེ་དག་གི་སྐུ་བརྙན་མཐོང་ནས་བོད་རྒྱུད་ནང་པ་ལ་ཐེ་ཚོམས་བྱེད་མཁན་མང་པོ་ཡོང་གི་འདུག་པས་ཁྱེད་རྣམ་པས་གཟབ་འཚལ།
དེ་ནི་རང་གི་བསམ་ཙམ་ཡིན།
ཀླུ་སྨྱོན་ཡིན་ན་འདི་དང་པོ་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་རྩོམ་པ་པོ་ཞིག་ཡིན་ནི་ཟེར་ཀི དེ་མཚམས་ཞིག་ནས་གྲྭ་རྐྱང་ལ་སྤྱི་ཚོགས་ནང་ས་ཆོད་མེད་པ་ཤེས་ནས་རྙིང་མ་བའི་བླ་མ་ཞིག་གི་མིང་བཟོས་ཏེ་གྲུབ་རྟགས་སྟོན་རྒྱུའི་མགོ་བཙུགས་པ་འདྲ། ཡིན་ནའང་། སྙན་ངག་དང་སྒྲུང་གཏམ་མུ་མཐུད་འབྲི་བཞིན་འདུག འོན་ཀྱང་། བླ་མའི་གདུལ་བྱའང་དེ་ཙམ་མེད་པ་འདྲ། སྐབས་ཐོག་དེར་ནུབ་ཕྱོགས་པ་འགའ་རེས་གསང་སྔགས་ཡིན་ན་དེ་སྦྱང་གི་ཡོད་ས་རེད། བསམ་བློ་ཞིག་འཁོར་ནས་ཐབས་འཚོལ་གང་མང་མཐར་བདེ་བ་ཅན་གྱི་ཞིང་ཡིན་ཟེར་བའི་ས་དེར་འབྱོར་འདུག ས་དེར་ཕོ་མོའིའཁྲུག་སྤྱོད་མངོན་གསལ་དོད་པོ་ཡིན་པ་འདྲ། རྐྱེན་དེ་འདྲ་ཞིག་མིན་འགྲོ བར་མཚམས་ཤིག་ནས་རྩོམ་ཡིག་གི་མགོ་མཇུག་བར་གསུམ་དུ་གསང་སྔགས་ཡིན་ན་ཅིག་བཤད་ཞོར་གང་ལྟར་འཁྲུག་སྤྱོད་ཀྱི་སྐོར་མང་ཙམ་གླེང་གི་འདུག ཁོ་རང་ཡང་མཚམས་འདི་ནས་གསང་སྔགས་ཟེར་བའི་ལམ་ངོ་མ་དེར་འཇུག་གི་མེད་འགྲོ རབ་ཡིན་ན་ཕ་ཡུལ་གྱི་སྐོར་མང་ཙམ་གླེང་ཐུབ་ན་ཡག་གི
ཀླུ་སྨྱོན་གྱི་ག་རེ་འབྲི་མིན་དེ་ང་ཚོ་ལ་བབས་མེད། དེ་བས་ཀླུ་སྨྱོན་གྱིས་འབྲི་བཞིན་པའི་སྙན་ངག་ལ་ཁྱད་ཆོས་ཅི་ཡོད་དང་ཞན་ཆ་ཅི་ཡོད། དེ་དང་དེ་ལྟ་བུ་བརྒྱུད་ནས་གསར་སློབ་པ་ཚོར་ཕན་གདག་བཏུབ་མིན་བལྟ་དགོས། དེ་མ་གཏོགས་ཀླུ་སྨྱོན་གྱི་སྙན་ངག་ལྟ་བུ་ཞིག་འབྲི་རྒྱུ་ཕར་ཟད། དེར་གོ་བ་ཡང་དངོས་མ་ཞིག་ལེན་མ་ཤེས་གོང་ལ་གཤེ་གཤེ་གཏོང་བ་ནི་འོས་པར་མ་མཐོང་།
ངས་བལྟས་ན་ཀླུ་སྨྱོན་འདི་སྲོལ་རྒྱུན་སྙན་ངག་ལ་ཅུང་འདྲིས་ཆ་ཡོད་པ་ཞིག་རེད་འདུག ཡིན་ནའང་གོང་གི་《མཁའ་སྤྱོད་ཞིང་ཁམས་ཉུལ་བའི་ལྟད་མོ》ཚན་པ་གསུམ་ཆའི་སྒྱུ་རྩལ་གྱི་རྣམ་འགྱུར་གཅིག་མ་གཏོགས་སྟོན་མི་འདུག དེར་བལྟས་ན། ཁོང་གི་སྙན་ངག་ཏུ་འདོད་པའི་ཚིགས་སུ་བཅད་པ་འདི་དག་ལད་ཟློས་ལས་བྱུང་བ་དང་། ཨུ་ཚུགས་ཀྱིས་གྲུབ་པ་ཙམ་ལོས་ཡིན་འདོད།
ང་སྙན་ངག་འདི་དག་གི་ཁྲོད་ཆེས་མི་དགའ་ས་ནི། “ཁྲག”དང་”མཁའ་འགྲོ”ལྟ་བུའི་མིང་ཚིག་འདི་ཡང་དང་བསྐྱར་དུ་འབྲི་ཐབས་བྱས་པ་འདི་རེད། ནང་དོན་གྱི་ཐད་ནས་གཡག་ཞར་གྱིས་རྩྭ་ཟོས་པ་བཞིན་བསྐྱར་བཟླས་དང་ཡང་བཟླས་བྱས་པའི་སྣང་བ་བྱུང་།
འོན་ཀྱང་། ཚིག་གི་ལྷུ་རྐང་བསྒྲིགས་སྟངས་ཀྱི་ཆ་ནས་ཀླུ་སྨྱོན་ཞེས་པའི་སྔགས་རྒན་འདི་ལ་དོ་མཁན་བཙན་བྱོལ་ཁྲོད་ཉུང་སེར་མཐོང་། དེའི་སྟབས་ཀྱིས་ང་ནི་དོན་མེད་དུ་གཤེ་གཤེ་གཏོང་མཁན་གྱི་རིགས་ལ་འཚང་བ་མ་ཡིན་པར། དོན་གྱི་བདག་པོར་དཔྱད་ཁུལ་བྱ་མཁན་ཞིག་ཡིན།
གོང་གི་མཆན་བུ་འགར་རགས་ཙམ་བལྟས་མ་ཉིད་ནས་མ་དགའ་བའི་རྣམ་འགྱུར་བསྟན་འདུག་པ་ལས། དོན་གྱིས་ཀླུ་སྨྱོན་གྱི་བཟང་བའི་ཆ་ཐམས་ཅད་ལ་མ་དགའ་བ་དང་ཕྲག་དོག་བྱས་པ་ཙམ་དུ་ཟད་དོ།།
ཀླུ་སྨྱོན་གྱིས་ཞེས་པའི་བྱེད་སྒྲ་དེ་ཆད་འདུག
ད་དུང་མུ་མཐུད་ནས་མཁའ་འགྲོའི་ཞིང་ཁམས་སུ་མཐོང་ཐོས་རེ་བྱུང་ན་འགོད་རོགས་གནང་། ལེགས་པོ་འདུག
དངོས་གནས་དུས་འགྱུར་བ་ཡིན་ནམ་མི་འགྱུར་བ་ཡིན། གང་ལྟར་ཡོད་ཚད་ནས་ཡོད་ཚད་འགྱུར་བཞིན་འདུག
དེ་རིང་སྲང་ལམ་ནས་མཐོང་བའི་མི་དེས་ཀུན་གྱིས་སྣ་ལ་འཐེན་པའི་སྣ་ཐ་སྣ་ལ་མི་འཐེན་པར་ཁ་ནང་ཟ་བཞིན་པ་ཞིག་མཐོང་དུས། ངས་བསམ་པར་ངོ་མ་དུས་སྙིགས་མའི་ཡང་སྙིགས་དེ་བསླེབས་ཡོད་ས་རེད་དྲན་སོང་། རྒྱུ་མཚན། ཟས་ངན་ཐ་མ་ཁ་འདི་ལ་སྤྱོད་མཁན་ཇེ་མང་ནས་ཇེ་མང་དང་། སྤྱོད་སྟངས་ཡང་གོ་ལྡོག་ཏེ་ཁར་ཟ་ལུགས་འདིས་འཇིག་རྟེན་ཁམས་ཀྱི་བཟང་དགུ་ཡོད་ཚད་ངན་པར་བརྩི་བ་དང་། ངན་དགུ་ཅི་ཡོད་བཟང་པོར་བརྩི་བའི་དུས་ངན་དེ་འདྲ་ཡང་མི་འབྱུང་རྒྱུའི་ངེས་པ་མི་འདུག་དྲན་དུས། སེམས་ནང་དངས་སྐྲག་གམ་བརྗོད་མི་ཐུབ་པའི་ཚོར་སྣང་ཞིག་གིས་སེམས་སྣང་གི་སྤྲོ་བ་དང་། མ་འོངས་པའི་དམིགས་འཆར་སོགས་ལ་ཡང་གས་ཆག་ཤོར་གྲབ་བྱས་སོང་། འདི་ན་ཡང་ཀླུ་སྨྱོན་སོགས་སྨྱོན་པ་ཁག་ཅིག་གིས་རྒྱུད་གཞུང་རྩོམ་པའི་སྔོན་འགྲོའི་སྟ་གོན་བྱེད་ཀྱི་མེད་འགྲོ་བསམ་པའི་ཚོར་སྣང་ཞིག་ཀྱང་བྱུང་། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རེས་གཟའ་ཉི་མའི་དྲོ་ཕྱིའི་མཐོང་སྣང་དང་ཚོར་སྣང་ཐུང་ངུ་།
གསེར་མདོག་གི་ལང་ཚོའི་གཟི་བྱིན་མ་ཉམས་པའི་ཉིན་བྱེད་དབང་པོ། དེ་རིང་ཞོགས་པར་དབང་ཕྱོགས་ལྷུན་པོའི་རྩེ་ནས་དལ་གྱིས་མཁའ་དབྱིངས་མཐོ་པོ་ཕྱིན་ཏེ། ཉི་ཟེར་དང་དྲོད་ཁོལ་ལ་དུང་བའི་རྐང་གཉིས་མི་དང་། རྐང་བཞི་ཕྱུགས་བཅས་མ་ཟད་ཐ་ན་གྲོག་འབུ་ཕྲ་མོ་ཡན་ཆོད་ལ་རེས་མེད་བྱམས་བརྩེའི་དྲོད་ཁོལ་འཇམ་པས་ཉིན་གང་བསྐྱངས་ཏེ། ཕྱི་དྲོའི་ཆར་འཇིག་རྟེན་འདིར་དུང་བའི་གྱེས་ཞལ་གྱི་འཛུམ་མདངས་ངོམ་བཞིན་རང་ཁྱིམ་བསྙེགས་ལ་ཉེ་པའི་དུས་དེར། ང་དང་ངའི་གྲོགས་པོ་བསོད་ནམས་དང་པདྨ་བཅས་ངེད་ཚོ་ནུབ་ཁའི་ཉིན་བྱེད་དབང་པོའི་ལང་ཚོའི་དཔལ་ཡོན་གྱི་མཛེས་སྡུག་དང་། དེ་བཞིན་ཡུལ་དེར་རྒྱུ་བའི་འཇམ་རླུང་གི་རེག་བྱའི་ཚོར་བར་ཡང་རོ་མྱོང་། ཞར་དུ་འཛམ་གླིང་ཡུལ་གྲུ་གང་ས་ནས་གནས་འདིར་འབྱོར་བའི་མགྲོན་པོ སྟེ། དབྱིན་སྐད་དུ་༼ཧྤུ་རེ་ཞི༽ཞེས་པ་དེས་འཕུར་རྩལ་སྦྱོང་བ་དང་། འགྲན་བསྡུར་བྱེད་ས་སྟེ་མི་ལ་ལས་བཤད་ན། འཛམ་གླིང་ནང་གི་འཕུར་རྩལ་འགྲན་སའི་ས་ཆ་གཉིས་པ་དེ་རེད་ཟེར། གང་ལྟར་རྒྱ་གར་ཧི་མ་ཅལ་མངའ་སྡེར་ཡོད་པའི་བོད་པའི་གཞིས་ཆགས་བྷི་རི་ཞེས་པའི་འགྲམ་ན། ས་འཛིན་མཐོན་པོ་ཞིག་ཡོད་པ་དེའི་རི་རྩེ་ནས། ཐང་དཀར་རྒོད་པོ་ཇི་བཞིན་གནམ་འཕང་བརྟོལ་ཏེ། རི་གཤམ་ན་ཡོད་པའི་གཡུ་མདོག་ནེའུ་གསེང་གི་ཁོར་ཡུག་དེར་གཅིག་རྗེས་གཉིས་མཐུད་ངང་། གར་གྱི་སྟངས་སྟབས་དང་འགྲོགས་ནས་རིམ་པ་ལྟར་སར་འབབ་པའི་ལྟད་མོ་རྒན་དར་གཞོན་གསུམ་ཀུན་གྱིས་དགའ་མོས་བྱེད་པ་ཞིག་ཡོད་པ་ཡང་། ཡུལ་ཕྱོགས་དེར་མཐོང་ཐུབ་པར་བརྟེན་སོང་པ་ཡིན། ཨོ་ཧོ། དེ་རིང་སྔར་དང་མི་མཚུངས་པར་མི་ཚོགས་ཀྱིས་འཚང་ཁ་བརྒྱབ་འདུག མ་ཟད་རྒྱ་གར་གཞུང་གི་ལས་བྱེད་ཆེན་པོ་ཞིག་ཀྱང་ཡུལ་དེར་བསླེབས་འདུག ལས་བྱེད་དེ་ཚོད་དཔག་བྱེད་བྱས་ན་དམག་དཔོན་གོ་གནས་མཐོན་པོ་ཅན་ཞིག་མི་འགྲོ་བསམ། གང་ལྟར་དཔོན་པོ་དེས་རང་གི་གཟའ་ཟླ་བུ་ཕྲུག་དང་བཅས་པ་ཁྲིད་དེ། ཞལ་རིས་ཧྲིལ་པོ་འཛུམ་མདངས་ཀྱིས་བཀང་ལུགས་ལ་བལྟས་དུས། བལྟ་ཡག་མོ་ཡག་པོ་ཞིག་མཐོང་ཡོད་པ་མ་ཟད། སོ་སོའི་འདོད་པ་བཞིན་བཞེས་ལག་ཡང་མཉེས་པོ་ཞིག་བྱུང་ཡོད་པ་ཚིག་ཐག་བཅད་ནས་བཤད་ཐུབ། ཡུལ་ཕྱོགས་འདིའི་མིང་ལ་འགའ་རེས་༼ཡོའུ་ལོ་རོ་ཊི་༽ཞེས་འབོད་མཁན་ཡང་འདུག རྒྱུ་མཚན། ཡུལ་ཕྱོགས་དེ་ཕོ་སར་མོ་སར་ཚོས་མཛའ་གྲོགས་བསྒྲིག་ས་ཞིག་ཡིན་པས་དེ་ལྟར་བཏགས་པ་རེད་ཟེར། སྔོན་མ་ཞིག་ལ་ཡུལ་ཕྱོགས་དེ་དེ་འདྲའི་གནས་ཞིག་ཡིན་ཆོག་མོད། དེང་སང་བསམ་ན་༼ཡོའུ་ལོ་རོ་ཊི༽ཞེས་པའི་མིང་དེ་ཡུལ་དེར་བཏགས་ན་ཡང་དོན་ལ་གནས་ཁག་པོ་རེད། དེང་དུས་ཡུལ་ཕྱོགས་དེ་ནི་ཡུལ་འདིའི་ཕ་མ་བུ་ཕྲུག་དང་བཅས་ལྷན་འཛོམས་ངང་ནུབ་ཁའི་ཉི་མའི་ལང་ཚོ་ལ་ལྟད་མོ་ལྟ་བ་དང་། དགོད་གཏམ་སྣ་ཚོགས་ཀྱིས་རང་རང་སྐྱོ་ངལ་སོགས་བསལ་ཏེ། དགའ་སྐྱིད་སྤྲོ་དགའི་དཔལ་ལ་རོལ་ས་ཞིག་དང་། ཕྱི་གླིང་བ་སྐོར་ཞིག་ལུས་ཕུང་གི་འཕྲོད་བསྟེན་ཆེད་ཡར་མར་འདུར་རྒྱུག་དང་། གྲྭ་རྐྱང་དང་རྒན་གོག་རྒོན་འགའ་རེས་འཇམ་རླུང་གི་རེག་བྱ་ལ་བརྟེན་ལུས་ཕུང་དང་། སེམས་ཁམས་ཀྱི་ངལ་དུབ་སེལ་ཞོར། རང་བྱུང་ཁོར་ཡུག་གི་མ་བཅོས་པའི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་ཡིད་འོང་གི་དཔལ་ལ་རོ་མྱོང་བྱེད་ས་གཙོ་བོར་གྱུར་ཡོད། ངེད་གསུམ་ཡང་དེར་བསླེབས་དུས་ལམ་གྱི་གཡས་གཡོན་ན་རླངས་འཁོར་དང་། འཕྲུལ་རྟ་ཆེ་འབྲིང་ཆུང་གསུམ་གྱིིས་ལམ་གྱི་འགྲམ་ངོགས་ཡོངས་རྫོགས་བཀང་འདུག རླངས་འཁོར་དང་། འཕྲུལ་རྟ་སོགས་མང་ཆེ་བ་འདིར་གནས་ཀྱི་བོད་པའི་རེད་འདུག་པས། ཁོ་བོའི་སེམས་ནང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞིས་ཆགས་ཚང་མ་འདི་ལྟར་དཔལ་འབྱོར་ཡར་རྒྱས་ཅན་དུ་གྱུར་ཡོད་དམ། ཡང་ན་འདིའི་ཕྱོགས་གཅིག་པོ་འདི་ལྟར་ཡར་རྒྱས་སོང་བ་ཡིན། གལ་སྲིད་འདིའི་ཕྱོགས་གཅིག་པོ་ལས་གཞན་པའི་གཞིས་ཆགས་འགའ་རེར་ཉིན་རེའི་འཚོ་བར་ཡང་བསམ་གཞིགས་བྱེད་དགོས་མཁན་དེ་འདྲ་ཡོད་ཚེ། འདིའི་ཕྱོགས་ཆ་མཉམ་གྱི་འདི་ལྟར་དཔལ་འབྱོར་ཡར་རྒྱས་ཅན་དུ་གྱུར་བའི་རྒྱུ་མཚན་གང་ཡིན་ནམ་སྙམ་པ་སོགས་དྲི་བ་གང་མང་ཞིག་རང་སེམས་ལ་འཚང་ཁ་བྱས། ངེད་གསུམ་ཡུལ་དེར་འབྱོར་བ་ཅུང་ཕྱི་དྲག་པས་ལྟད་མོ་ཕལ་ཆེར་མཇུག་བསྡུས་ཟིན་འདུག དེ་ནས་ངེད་ཚོ་གཡུ་འབྲུག་སྔོན་མོ་ཞིག་ས་ཐོག་རྒྱུ་བ་ལྟ་བུའི་སྣུམ་ལམ་བདེ་མོ་དེ་བརྒྱུད། ཕར་ཕྱོགས་ཀྱི་གཙང་པོའི་ཕྱོགས་སུ་བསྐྱོད། ལམ་གྱི་གཡས་གཡོན་གྱི་སྤང་ཁུག་འགའ་རེ་ན་རྭ་ཁ་གྱེན་དུ་བསྟན་པའི་བ་ལང་གཅིག་གཉིས་རེས། མགོ་བོ་སྒུར་ནས་དལ་ལོང་མེད་པར་རྩ་སྔོན་གང་བཟང་འཚོལ་ནས་ཟ་ལུགས་དེ་མཐོང་དུས། རང་རེའི་ཁ་བ་གངས་རིའི་ལྗོངས་ཀྱི་མཐའ་མེད་གཡུ་མདོག་གི་ལང་ཚོ་རྒྱས་པའི་ནེའུ་གསེང་གི་སྤང་ལྗོངས་སྟེང་ན། རྟ་ནོར་ལུག་གསུམ་གྱིས་རང་བྱུང་གི་སྨན་རྩ་འདྲ་མིན་དང་ལྷན་ཅིག་རྩ་ལྗང་གི་འཚོ་བར་རོལ་བའི་ཕ་ཡུལ་སེམས་ལ་ལྷམ་མེར་དྲན་བྱུང། ཁྱད་པར་ལུས་ལ་ཐད་མདོག་འཕྱུར་བའི་གླང་རྒན་དེ་ཚོ་མཐོང་དུས། ངེད་གངས་ཅན་པ་ཡོངས་ཀྱིས་གངས་རིའི་གྲུ་གཟིངས་ཞེས་འབོད་པ་སྟེ། རང་རེའི་མཐུན་མིན་གྱི་སྒོ་ཟོག་གཡག་རོག་སྨུག་པོ་དེ་དག་དྲན་པས་སེམས་ནང་འགོག་མེད་ཀྱི་སྤོབས་པ་ཞིག་ཀྱང་སྐྱེས་སོང་། དེ་ནས་རིམ་བཞིན་དྲ་གྲོགས་གསར་བ་ང་ཡང་རང་ཁྱིམ་དུ་འོང་སྟེ། སྐབས་དེའི་ཁོ་བོའི་མཐོང་སྣང་དང་སེམས་ཀྱི་དྲན་སྣང་ཐུང་ངུ་དེ། ཁྱེད་ཚོར་ཁ་བརྡ་ཞིག་གི་ཟོལ་དུ་བརྗོད་འདོད་ཀྱིས་འདིར་བྲིས་པ་ཡིན། དྲ་གྲོགས་ཚོ་ང་ལ་རང་ཉིད་ཀྱི་མཐོང་ཐོས་དང་། མྱོང་ཚོར་ཇི་བཞིན་ཡི་གེར་འགོད་པའི་ཤེས་ཚད་ཧ་ཅང་ཞན་སྟབས། འདང་བ་ལས་མ་འདང་ས་མང་པོ་ཞིག་ཡོད་པ་རང་ཉིད་ཀྱིས་ཤེས་མོད། ཡིན་ནའང་ངེད་ཅག་ཚང་མ་ཤ་ཁྲག་དང་ལས་ཀྱིས་འབྲེལ་བའིསྤུན་མཆེད་ཡིན་དུས། རྩོམ་ཡིག་འབྲི་མི་ཤེས་རུང་ངོ་ཚར་མ་འཛེམ་པར་འདི་འདྲ་ཞིག་བྲིས། ཁྱེད་རྣམ་པས་ཀྱང་ཁོ་བོའི་བྲིས་པ་འདི་སྣང་མེད་ངང་མི་འཇོག་པར་ཐེངས་གཅིག་བཀླག་ནས་དག་ཆ་དང་། སྡེབ་སྦྱོར་སྒྲིག་སྟངས་སོགས་གང་ཅིའི་ཐད་ལམ་སྟོན་གང་མང་གནང་རོགས་ཞུ། ཨོ་ད་དུང་བརྗེད་མི་རུང་བ་ཞིག་ལ་ཁྱེད་ཚོས་ལམ་སྟོན་གནང་དུས་ཁོ་བོ་ཤམ་བྷ་ལའི་ཞིང་ཁམས་འདིར་གསར་དུ་སྐྱེས་མ་ཐག་པའི་གངས་ཕྲུག་དམར་འབྱར་ཞིག་ཡིན་པའང་བརྗེད་མི་རུང་།
དགོངས་དག གཞན་གྱི་བྲིས་པ་ཞིག་འདིར་གཏོང་ནོར་ཐེབས་སོང་།
འཇིག་རྟེན་འདི་ན་ལྷག་བསམ་ལ་རྒྱ་དང་། །
དྲང་བདེན་སྐྱོང་བར་རིན་ཐང་ཟེར་བ་དཀོན། །
གཡོ་ཅན་བདུད་མོའི་ཇུས་འཁྲུལ་རྣོན་པོ་དང་། །
ཌྲོ་ལ་སྐྱ་བོའི་འོག་ཏུ་ཡོད་ཚད་ཤི། །