དྲ་གྲོགས་ཚོ།
ཁྱེད་ཀྱིས་ལོ་འདིར་གནས་ཚུལ་གསར་པ་དང་འགྱུར་བ་གང་ཡོང་གི་ཡོད་པ་འདི་དག་འདིར་འགོད་རོགས་གནང་། འདི་བསམ་བློའི་སྦྱོང་བརྡར་ཙམ་ཡིན། ཀླད་པ་དཀྲུག་རྒྱུར་ཕན་གྱི་འདུག
གུས་པའི་སྔོན་དཔག་ལ། ད་ལོ་རྒྱ་ནག་ནང་མི་སེར་གྱི་ངོ་རྒོལ་ཆེན་པོ་ཞིག་ཡོང་ཤས་ཆེ། གཞི་རྒྱ་ཆེ་བའི་ངོ་རྒོལ་འདི་ཕལ་ཆེར་ཟླ་བ་༥་པ་ཙམ་ལ་ཡོང་རྒྱུ་དང་། རྒྱ་ནག་གི་ཞིང་པ་དང་བཟོ་པ་མང་པོ་ལངས་ནས། དམར་ཤོག་དང་སྲིད་གཞུང་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད།
ད་དུང་། ཨ་རིའི་ནང་མི་མང་པོ་ལས་ཀ་ཤོར་ནས། རྐུན་ཇག་གི་གནས་ཚུལ་ཆེན་པོ་ཡོང་ཤས་ཆེ།
རྒྱ་གར་ལ་བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་དཀའ་ངལ་བྱུང་ནས། ལས་ཁུངས་ཁ་ཤས་དང་ཕྱིའི་གཞུང་ཚབ་ཁ་ཤས་སྒོ་རྒྱག་དགོས་པ་བྱུང་སྲིད།
ཁྱེད་ཀྱི་བྱས་ན།
ག་རེ་ཡིན་ཡང་བྱུང་མི་སྲིད་པ་ཞིག་མིན། ལྷག་པར་དུ་དམིགས་གསལ་གྱིས་ཁ་ཆེ་དྲག་སྤྱོད་པ་ཇེ་མང་དུ་སོང་དེ་འཛམ་གླིང་མི་མང་ལ་སྐྲག་སྣང་དང་འཇིགས་སྐུལ་ཇེ་མང་དུ་འགྲོ་སྲིད་པ་དང་དེ་དང་འགྲོག་ནས་གང་ཡང་འབྱུང་མི་སྲིད་པས་ངོས་པ་མེད་ལ། བོད་པ་ཚང་ཡང་ཕྱི་རུ་འཁྱམ་ནས་མི་ལོ་ལྔ་བཅུ་འདས་པ་དེ་ཡང་དམིགས་གསལ་གྱི་ལས་འགུལ་བ་གང་སར་ནས་སླེབས་སྲིད་པ་ཞིག་རེད། ད་དུང་ཚོད་དཔག་ལ་དགའ་མཁན་དག་གིས་ག་རེ་ཡིན་ཡང་ཚོད་དཔག་བྱེད་ཆོག་གི་རེད། ཡིན་ཡང་། ང་ཚོས་ག་ལེར་བལྟ་ཡ་་་ འབྱུང་འགྱུར་ཟེར་བ་ནི་ཚོད་དཔག་ལྟར་འགྲོ་བ་ཞིག་ཕལ་ཆེར་ཁག་པོ་རེད།
བསྟན་འཛིན་ལགས་ཀྱི་དགོངས་འཆར་འདི་ནི་ཧ་ཅང་ཡག་པོ་ཞིག་རེད། འབྱུང་འགྱུར་ནི་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་ན་ཡང་བྱེད་འོས་པ་ཞིག་རེད།
ལོ་གསར་པ་འདིའི་ནང་ལ་རྒྱ་ནག་གི་ཆབ་སྲིད་ཇེ་དམ་དུ་འགྲོ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདྲ། གཅིག་ནི་དུས་དྲན་ཆེན་པོ་ཁ་ཤས་ཡོང་གི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་ལོ་དྲུག་བཅུ་དང་། བོད་ཀྱི་ཟིང་འཁྲུག་ཞི་འཇགས་(དྲག་གནོན)བྱས་ནས་ལོ་ལྔ་བཅུ་ཡི་དུས་དྲན་སླེབས་ཀྱི་ཡོད། འདི་གཉིས་རྒྱ་གཞུང་གིས་རྟེན་འབྲེལ་བྱེད་དགོས་པའི་དུས་དྲན་གཉིས་ཡིན་ན་ཡང་། དམ་བསྒྲགས་མེད་པའི་རྟེན་འབྲེལ་གྱི་དུས་དྲན་ཞིག་ནི་ཕལ་ཆེར་རྒྱ་ནག་གི་གཞུང་འདིས་སྤེལ་མྱོང་ཡོད་ཀྱི་མ་རེད། ད་དུང་ལྡོག་ཕྱོགས་ནས་ཐེན་ཨན་མུན་ཐང་ཆེན་གྱི་དོན་རྐྱེན་བྱུང་ནས་ལོ་ངོ་ཉི་ཤུ་འཁོར་བ་དང་། བོད་གཞུང་དང་བོད་པ་ཁྲི་བཅུ་ཙམ་ཞིག་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཡང་སླེབས་ཀྱི་ཡོད། འདི་གཉིས་ནི་རྒྱ་ནག་གཞུང་གིས་མགོ་གནོན་བྱེད་དགོས་པའི་དུས་དྲན་གཉིས་ཡིན་སྟབས་ཆབ་སྲིད་ཇེ་དམ་དུ་འགྲོ་རྐྱེན་ཡིན་པ་སྨོས་ཅི་དགོས།
་
རྒྱ་ནག་གི་ཆབ་སྲིད་ཇེ་དམ་དུ་འགྲོ་རྐྱེན་གཞན་ཞིག་ནི་དེང་སང་གི་དཔལ་འབྱོར་གྱི་གནས་སྟངས་རེད། དེང་སང་འཛམ་བུ་གླིང་གི་དཔལ་འབྱོར་ཉམས་ཉེན་གྱི་རྐྱེན་གྱིས་རྒྱ་ནག་ན་བཟོ་གྲྭ་ཧ་ཅང་མང་པོ་སྒོ་རྒྱག་བཞིན་ཡོད་སྐད། དེས་རྒྱ་ནག་གི་ལས་ཤོར་གྱི་གྲངས་འབོར་སྨྱོན་འཕར་བྱེད་བཞིན་ཡོད། རྒྱ་ནག་གི་དབྱེ་ཞིབ་པ་འགའ་རེས་འདི་ནི་གཅིག་བྱས་ན་རྒྱ་ནག་གི་སྤྱི་ཚོགས་ལ་ཡོ་འཁྱོམ་ཡོང་གཞི་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད། སྤྱི་ཚོགས་ལ་ཡོ་འཁྱོམ་ཡོང་བ་སྔོན་འགོག་གི་ཆེད་དུ་ཡང་ཆབ་སྲིད་ཇེ་དམ་དུ་འགྲོ་ཉེན་ཡོད། ཉེ་ཆར་རྒྱ་ནག་གི་ལྟ་བ་ལོགས་འཛིན་པ་དང་རྩོམ་པ་པོ་གྲགས་ཅན་ལོའུ་ཞོ་པོ་འཛིན་བཟུང་བྱས་པ་ཡང་སྲིད་ཇུས་འདིའི་སྔོན་བརྡ་ལྟ་བུ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡང་འདུག
དམར་ཤོག་གི་ཁྱི་ཚོགས་ནས་ཕྱིར་རང་འགུལ་གྱིས་ཐོན་མཁན་ས་ཡ་མང་པོ་ཆགས་ཡོང་གི་འདུག
མཐོ་རིམ་གཞུང་འཛིན་པ་གཞུང་དངུལ་ཁྱེར་ནས་ཕྱི་རྒྱལ་དུ་སྤོ་མཁན་ཁྲི་ཚོ་ལྷག་བརྒལ་ཡོང་གི་འདུག
གཞུང་དངུལ་ཧམ་ཟོས་ཀྱི་གྲངས་འབོར་རྒྱ་སྒོར་དུང་ཕྱུར་དུ་མར་ལོངས་ཡོང་གི་འདུག
རྒྱ་སྒོར་གྱི་འཛའ་ཡར་ལ་འཕར་བ་དང་མཉམ་དུ་ཕྱིར་ཚོང་གི་གྲངས་མར་མར་ཆགས་ཡོང་གི་འདུག
ཚོང་སྡེ་མང་པོ་སྒོ་མོ་གཏན་ཞིང་ལས་མེད་མང་པོས་ཁྲོང་སྲང་ཁེངས་ཡོང་གི་འདུག
བོད་དང་ཤིན་ཅང་སོག་པོ་སོགས་ཁོང་ཁྲོ་ཟ་ནས་འགས་གྲབས་འདུག
རྒྱ་ནག་གི་སྤྱི་ཚོགས་ཧྲིལ་བོ་ཡོམ་ཡོམ་འགུལ་ལ་ཉེ་ཡོང་གི་འདུག
རྒྱ་ནག་གི་གསང་གནས་བླུགས་སའི་ཁུག་མར་ཨུ་ཁུང་མང་པོ་བརྡོལ་དེ་ཆུ་ཚགས་བཞིན་ཆགས་འདུག
གཞུང་གིས་དམ་བསྒྲགས་ཤིག་གི་སྟ་གོན་བརྩོན་སྲིད་ཀྱང་འཛམ་བུ་གླིང་གི་མིག་འབུར་རྒྱ་ནག་ལ་གཏད་འདུག
མུ་མཐུད་འདི་ལྟར་ཕྱིན་པ་ཡིན་ན་དམར་ཤོག་ལ་ལོ་ག་ཚོད་ཀྱི་ཚེ་ཡོད་པ་རེད།
སྐབས་འདི་འདྲར་ང་ཚོས་ལས་འགུལ་ག་འདྲ་ཞིག་སྤེལ་དགོས་པ་རེད་དམ།
ཉིས་སྟོང་དགུ་འདི་རྒྱ་ནག་གི་ལོ་ནག་ཡིན། ལོ་ནག་འདིར་གདོང་ལེན་བྱེད་པར་ཁོ་ཚོའི་མགོ་བོ་ཡང་ཡང་གཟེར་རྒྱུ་ཡིན་པ་རེད། གཟེར་རྒོད་རྟ་རྒོད་རྒྱུག་རྒྱུག གཟེར་ཆུང་ཕུར་བ་རྡེབ་རྡེབ།
ཡིན་ན་ཡང་རྒྱ་ནག་རང་ལ་དེར་ཕན་པའི་སྨན་ཞིག་ཡེ་ནས་མེད་པ་རེད། དེ་བས་ཁོ་ཚོར་མཚོན་ན་ལོ་འདིར་རྒྱལ་སྤྱིའི་སྨན་གྲོགས་ནི་ཅི་འདྲའི་མཁོ་མོ་ཞིག་རེད་ཨང། རྒྱལ་སྤྱིའི་རོགས་རམ་ལ་བསྟེན་ནས་མགོ་ནད་ཅུང་ཟད་ཙམ་ཡང་དུ་ཕྱིན་པ་ཡིན་ན་ཁོ་ཚོའི་སྤྱོད་པ་ངན་པ་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཅུང་ཟད་རེ་འགྲོ་ནའང་ཐང་།
གོང་གི་དྲ་གྲོགས་རྣམས་ཀྱི་དགོངས་ཚུལ་དེ་དག་ཡག་པོ་འདུག
གུས་པའི་བསམ་པར་ནུབ་ཕྱོགས་པ་དང་ཤར་ཕྱོགས་པའི་དབར་གྱི་ཁྱད་པར་ཆེ་ཤོས་དེ་མ་འོངས་སྔོན་དཔག་བྱེད་ཕྱོགས་ཀྱི་ཁྱད་པར་ཞིག་འདུག ཤར་ཕྱོགས་པ་རྣམས་ལྷ་དང་ལུང་བསྟན་ལ་གཞི་བྱས་ནས་མ་འོངས་སྔོན་དཔག་བྱེད་པ་དང་། ནུབ་ཕྱོགས་པ་མང་པོ་ཞིག་གིས་མིག་སྔའི་གནས་སྟངས་དང་དངོས་ཡོད་ལ་བལྟས་ནས་མ་འོངས་ཀྱི་གནས་སྟངས་ལ་སྔོན་དཔག་བྱེད་ཀྱི་འདུག
གོང་ལ་དྲ་གྲོགས་རྣམས་ཀྱིས་སྔོན་དཔག་གནང་སྟངས་དེ་རྒྱུ་མཚན་དང་དངོས་ཡོད་ཀྱི་གནས་སྟངས་ལ་གཞི་བཅོལ་སྟབས། རིན་ཐང་འདུག་སྙམ།
ང་ཚོས་མུ་མཐུད་དེ་ལྟ་བུའི་སྔོན་དཔག་མང་ཙམ་བྱས་ནས་མ་འོངས་ཀྱི་ཁ་ཕྱོགས་གསལ་ཙམ་ཤེས་ཐུབ་ན། གནས་ཚུལ་འགྱུར་བ་དང་སྟངས་འཛིན་བྱེད་པར་ནུས་ལྡན་གྱི་བྱ་བ་འགའ་ཤས་སྒྲུབ་ཐུབ་སྙམ།
ཉིས་སྟོང་དགུ་ལོ་ཡི་བོད་དོན་གྱི་དོན་ཆེན་དང་པོ་ནི་བོད་ཕྱི་ནང་གཉིས་ཀར་བོད་ལོ་གསར་ཚེས་ལ་དགའ་སྟོན་རྟེན་འབྲེལ་མི་བྱེད་པར། འདས་ལོའི་ཞི་རྒོལ་ཆེན་མོའི་ནང་ལ་ཤི་རྨས་བྱུང་བ་དང་། བཙོན་འཇུག་ཐེབས་པའི་བོད་པ་རྣམས་ལ་མྱ་ངན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་དེ་ཡིན་པ་འདྲ། འདི་ལྟར་བྱུང་བ་ཡིན་ན་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་བའི་དོན་དག་ཅིག་ཡིན། བོད་གསར་རྙིང་གང་གི་སྐབས་ལ་ཡང་། ས་གནས་ཀྱི་བླ་དཔོན་ཆེན་པོ་རེ་གྲོངས་སྐབས་ས་གནས་དེའི་མི་དམངས་ཀྱིས་ལོ་གསར་གྱི་རྟེན་འབྲེལ་རྒྱ་ཆེར་མི་བྱེད་པ་བྱུང་ཡོད་ན་ཡང་། བོད་མི་རིགས་ཀྱི་ལར་ཞེན་གྱིས་བོད་ཁུལ་མང་པོར་ལོ་གསར་རྟེན་འབྲེལ་མི་བྱེད་པའི་གནས་ཚུལ་ནི་ལོ་རྒྱུས་ལ་ཐོག་ལ་བྱུང་རབས་མེད།
འདས་ལོའི་ཟླ་བ་བཅུ་བའི་ནང་ལ་བོད་ནང་གི་ས་ཁུལ་ཤས་སུ་ལོ་གསར་གྱི་རྟེན་འབྲེལ་བྱེད་འདོད་མེད་གཏམ་རེ་ཐོས་ན་ཡང་དོན་དངོས་སུ་འགྱུར་ཐུབ་མིན་ལ་ངས་ཐེ་ཚོམ་བྱས་ནས་བབསྡད་ཡོད། ཉེ་ཆར་ཨ་མདོའི་ཕྱོགས་ཀྱི་གནས་ཚུལ་ཁ་ཤས་ཐོས་པ་ལྟར་ན། ལོ་གསར་མི་གཏོང་བའི་ལས་འགུལ་དེ་དོན་དངོས་ཀྱི་ཕྱོགས་ལ་འགྲོ་བཞིན་འདུག ཚང་མས་ཤེས་གསལ་ལྟར། ཨ་མདོའི་ཕྱོགས་ཀྱི་ལོ་གསར་དང་རྒྱའི་ལོ་གསར་དུས་ཚེས་གཅིག་མཚུངས་ཡིན་པ་ལྟར། ད་ལོ་ཟླ་དང་པོའི་ཚེས་ཉེར་དྲུག་ལ་ཁེལ་ཡོད། ད་ནས་ལོ་གསར་ལ་ཉིན་ཉི་ཤུ་དག་དག་ལྷག་ཡོད། སྤྱིར་བཏང་དུས་སྐབས་འདི་ནི་ལོ་གསར་གྱི་གྲ་སྒྲིག་དང་། ཤོག་སྦག་གིས་གཙོས་པའི་ལོ་གསར་གྱི་ཉེར་མཁོའི་ཉོ་ཚོང་གིས་ཧ་ཅང་བྲེལ་བའི་སྐབས་ཡིན། ཡིན་ན་ཡང་ད་ལོ་ལོ་གསར་སླེབས་ཀྱི་ཡོད་པའི་ཚོར་བ་མི་འདུག་ཟེར། ཚོང་ར་ལ་སོང་ན་ཤོག་སྦག་གི་ཉོ་ཚོང་མཐོང་དཀོན་ཞིང་། བཟའ་བཅའི་རིགས་ཀྱང་ཚོང་ལམ་ཧ་ཅང་དལ་པོ་རེད་ཟེར། བོད་བཙན་བྱོལ་སྤྱི་ཚོགས་སུ་གཞུང་འབངས་གཉིས་ཀས་ལོ་གསར་རྟེན་འབྲེལ་བྱེད་འདོད་མེད་པའི་གནས་ཚུལ་ཚང་མས་ཐོས་བཞིན་པ་ལྟར་རེད།
དེས་ན་ལོ་རྒྱུས་ཀྱི་ཐོག་ལ་ཐེངས་དང་པོར་བོད་པས་ལོ་གསར་རྟེན་འབྲེལ་མི་བྱེད་པ་ནི་ཉིས་སྟོང་དགུ་ལོའི་བོད་དོན་གྱི་གནས་ཚུལ་དང་པོར་འགྱུར་བཞིན་ཡོད་དོ།
སྐུ་ཞབས་ལགས།
གནས་ཚུལ་འདི་ངོ་མ་དོ་སྣང་བྱེད་དགོས་པ་ཞིག་རེད། གུས་པའི་རེ་བར། ཨ་རིའི་བོད་སྐད་རྒྱང་སྲིངས་ལས་ཁུངས་ཁག་གིས་གནས་ཚུལ་འདི་རིགས་ཀྱི་གསར་འགྱུར་མང་ཙམ་གཏོང་ཐུབ་ན། སྤྱི་ཟླ་གཉིས་པའི་ནང་བོད་ཀྱི་ལོ་གསར་ཤར་སྐབས། ས་ཆ་གཞན་ལ་ཡོད་པའི་བོད་མི་རྣམས་ཀྱིས་མདོ་སྨད་པ་རྣམས་ཀྱི་རྗེས་སུ་བྲངས་ནས་བོད་ཀྱི་ལོ་གསར་སྐབས་ལ་འདས་པོ་རྣམས་ལ་མྱ་ངན་ཞུས་འགྱུར་ན། དེ་ནི་ལོ་རྒྱུས་ཐོག་དོ་སྣང་བྱེད་འོས་པའི་གནས་ཚུལ་ཞིག་རེད་ྙམ།
ཞི་རྒོལ་ཆེན་མོ་ལ་རྐྱེན་བྱས་བོད་མི་དམར་གསོད་དང་། རྨས་སྐྱོན་ཐེབས་པ། བཙོན་འཇུག་བྱས་བ། རི་ལ་ཤོར་བ་། ཞེད་སྣང་ངང་འཚོ་བ་སོགས་བོད་ཡུལ་འཇིགས་ཡེར་བའི་གནས་ཤིག་ཏུ་གྱུར་ཡོད་སྟབས། འདི་ལོའི་ལོ་གསར་ནི་དགའ་སྤྲོའི་ལོ་ཞིག་གཏན་ནས་མིན། ང་ཚོས་ཐུན་མོང་ངང་མྱན་ངན་དང་གདུང་སེམས་མཉམ་སྐྱེས།
ཆིག་སྒྲིལ་གྱི་རྣམ་པ་ཞིག་སྟོན་པའི་གོ་སྐབས་ཀྱང་༢༠༠༩ ལོ་གསར་འདི་ཡིན་པས། འཛམ་གླིང་གང་སར་འཚོ་བཞུགས་གནང་བའི་བོད་རིགས་མཐུན་ཚོགས་ཡོངས་ནས་འདི་ལོ་ལོ་གསར་དགའ་སྐྱིད་མཉམ་འཛོམས་མི་བྱེད་རྒྱུ་ས་ཁུལ་རེ་རེ་ནས་གསལ་བསྒྲགས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་ཏུ་མཐོང་།
ལྷག་དོན་ཞི་རྒོལ་སྐབས་བོད་མི་མང་བོ་ཞིག་ནས་ཚེ་འདི་ཕྱིའི་སྐྱབས་གནས་སུ་སྒོམ་པའི་ཏཱ་ལའི་བླ་མའི་ཆེད་རང་སྲོག་བཏང་ཡོད་སྟབས། ཏཱ་ལའི་བླ་མས་ལོ་གསར་ལ་དགའ་སྟོན་མེད་ཅེས་སྔ་ས་ནས་གསུང་འཕྲིན་ཞིག་གནང་གལ་ཆེ།
བོད་རྒྱལ་ལོ།