འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།། མདང་དགོང་ཨ་རིའི་བོད་སྐད་བརྙན་འཕྲིན་ནང་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས་སྐོར་བགྲོ་གླེང་གནང་སྐབས། སློབ་གྲྭའི་སློབ་ཚན་ཁག་བོད་ཡིག་ཐོག་སློབ་ཁྲིད་གནང་དགོས་ཚུལ་དང། སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་ཕ་མས་ཕྲུ་གུ་ཚོར་རྒྱུན་དུ་བོད་སྐད་གཙང་མ་བཤད་དགོས་པ། ཅ་དངོས་གསར་པའི་མིང་བོད་ཡིག་ཐོག་འབྲི་ཞིང་བརྗོད་དགོས་ཚུལ་སོགས་མང་པོ་ཞིག་གསུངས་སོང། ད་རུང་གཅིག་ནི། དྲ་ལམ་ཁག་ཏུ་བོད་ཡིག་བཀོལ་སྤྱོད་བྱེད་བཞིན་པ་འདིས་སྐད་ཡིག་སྲུང་སྐྱོབ་ལ་ཕན་ནུས་ཆེན་པོ་ཐོན་ཚུལ་གསུངས་སོང། ངས་འདི་ལ་གཟབ་གཟབ་གནང་དགོས་ཀྱི་འདུག་ཟེར་གྱི་ཡོད། གང་ཡིན་ཞེ་ན། དྲ་ལམ་ཁག་ཏུ་བོད་ཡིག་གི་དག་ཆ་དང་ཚིག་སྦྱོར་མ་ནོར་བ་སྤེལ་ན་ཕན་ཐོགས་ལོས་ཡོད་མ་གཏོགས། ཡིག་ནོར་བརྡ་ནོར་མང་པོ་ཞིག་སྤེལ་བསྡད་པ་ཡིན་ན་ཕན་ལས་གནོད་ཆེ་བ་མངོན་སུམ་དུ་གྲུབ་པས། དྲ་ལམ་དུ་བོད་ཡིག་བྲིས་པ་ཙམ་དང་ཁྱབ་གདལ་སོང་བ་ཙམ་གྱིས་བོད་ཀྱི་སྐད་ཡིག་ལ་ཕན་མིན་ཐེ་ཚོམ་རེད། མ་གཞི་ཟླ་སྔོན་མའི་ནང་ནས་བཟུང་བོད་ཕྱི་ནང་གཉིས་ཀར་སྐད་ཡིག་སྲུང་སྐྱོབ་སྐོར་ཚ་རླབས་ཤིག་འཕྱུར་བ་རེད། མཚོ་སྔོན་ཁུལ་ནས་ངོ་རྒོལ་བྱེད་ཡུལ་ནི་སྐད་ཡིག་སྐོར་གྱི་སྲིད་ཇུས་ཤིག་རེད། སྲིད་ཇུས་འདི་བོད་ས་གཞན་དག་ལ་སྔར་ནས་ལག་བསྟར་བྱེད་ཀྱི་ཡོད་ཀྱང་ས་ཁུལ་དེ་དག་ནས་ངོ་རྒོལ་བྱུང་མེད། དེའི་རྒྱུ་མཚན་ཅི་ཡིན་ནམ། ཕལ་ཆེར་ངོ་རྒོལ་བྱེད་མ་ཐུབ་པ་ཡིན་སྲིད། གང་ལྟར་སྲིད་ཇུས་ཤིག་གཏན་འབེབས་ཟིན་རྗེས་ལས་སླ་པོར་འགྱུར་བ་གཏོང་དཀའ་ལ། ལྷག་པར་དམངས་གཙོ་མིན་པའི་རྒྱ་ནག་ལྟ་བུར་དེ་བས་ཀྱང་འགྱུར་བ་གཏོང་དཀའ་བས། སྲིད་ཇུས་འདི་ལག་བསྟར་བྱེད་ངེས་རེད། འོན་ཀྱང་ས་གནས་ས་ཐོག་ཏུ་དངོས་སུ་ལག་བསྟར་སྐབས་འབྲེལ་ཡོད་ལས་བྱེད་མང་ཆེ་བ་བོད་མི་ཡིན་ངེས་པས། ལས་བྱེད་བོད་མི་ཚོས་ལག་བསྟར་མིང་ཙམ་བྱེད་པ་ལྟ་བུ་སོགས་གཡོལ་ཐབས་ཀྱི་ལམ་ཞིག་འཚོལ་དུ་མེད་དམ། བཙན་བྱོལ་བོད་མི་ཚོས་ནི་དེ་ལ་ངོ་རྒོལ་སྐད་འབོད་ཙམ་བྱ་རྒྱུ་ལས་གཞན་ཅི་ཡང་བྱར་མེད། འོན་ཀྱང་ང་ཚོ་རང་ངོས་ནས་བྱེད་ཐུབ་པ་གཅིག་ཡོད་པ་ནི། རང་གི་སྐད་ཡིག་རང་གིས་བེད་སྤྱོད་གཏོང་དགོས་པ་འདི་ཡིན། བེད་སྤྱོད་གཏོང་ཡུལ་གྱི་ཁོར་ཡུག་ལ་རྒྱ་ཆེ་ཆུང་དང་སྟབས་བདེ་མིན་ཡོད་སྲིད་ཀྱང། ཁོར་ཡུག་གཏན་ནས་མེད་པ་ཞིག་ཡོད་མི་སྲིད། དེས་ན་རང་གི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གང་རག་རག་ལ་གང་ཐུབ་ཀྱིས་བེད་སྤྱོད་གཏོང་རྒྱུ་འདི་ནི་ང་རང་ཚོས་བྱེད་ཐུབ་པ་ཞིག་ཡིན་ལ། སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ཟབ་ཤོས་དང་ནུས་པ་ཆེ་ཤོས་ཀྱང་འདི་ཡིན་ངེས། ༸གོང་ས་མཆོག་གིས་ཀྱང་སྐད་ཡིག་ཡར་རྒྱས་གཏོང་བ་ནི་བེད་སྤྱོད་བཏང་ནས་གཏོང་དགོས་པ་ལས་མཆོད་བཤམས་ནང་བཞག་སྟེ་ཡར་རྒྱས་གཏོང་ཐབས་མེད་གསུངས་ཡོད།
དེང་སྐབས་ང་ཚོའི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཁྲོད་ནས་གལ་ཆེ་བ་གཅིག་ནི་བརྡ་འཕྲིན་གྱི་དྲ་ལམ་འདི་ཡིན། དྲ་ལམ་དུ་བོད་ཡིག་འབྲི་སྐབས་གོང་སྨོས་ལྟར་གཟབ་ནས་འབྲི་བ་གལ་ཆེ། དྲ་ལམ་འདི་ཁོར་ཡུག་ཁྱབ་གདལ་ཅན་དང་མྱུར་ཚད་ཅན་ཞིག་ཡིན་པ་ཤེས་གསལ་ལྟར། དྲ་ཐོག་ཏུ་གང་བྲིས་པ་རྣམས་ཀྱང་ཁྱབ་ཤུགས་དང་མྱུར་ཤུགས་དེ་བཞིན་དུ་ཆེ་བས། དྲ་ཐོག་ཏུ་བོད་ཡིག་འབྲི་མཁན་ཁྲོད་བོད་ཡིག་གི་ཆུ་ཚད་ཞན་པོ་ཡིན་མཁན་མང་ལ། དེ་ཀློག་མཁན་དེ་བས་ཀྱང་མང་བས། གལ་ཏེ་ཡི་གེའི་དག་ཆ་ནོར་བ་དང་ཚིག་སྦྱོར་སྤེལ་སྟངས་ནོར་བ་མང་པོ་ཞིག་བྲིས་ཡོད་ན་དེས་ཁོང་ཚོ་ལ་ཤུགས་རྐྱེན་ཐེབས་རྒྱུར་ཐེ་ཚོམ་མེད། དཔེར་ན། དྲ་ཐོག་ཏུ་ཁ་སྐད་ལམ་ནས་འབྲི་མཁན་ཁ་ཤས་བྱུང་བས་མང་པོ་ཞིག་གིས་དེ་ལ་གཡམ་རྒྱུགས་ཀྱིས་ད་ཆ་ཁ་སྐད་ལམ་ནས་འབྲི་མཁན་ཅི་འདྲའི་མང་བ་འདུག། འདིས་བོད་ཀྱི་སྐད་ཡིག་ལ་ཕན་པ་ལས་གནོད་པ་ཆེ་བ་ནི་ཚང་མས་མཁྱེན་གསལ་རེད། འོན་ཀྱང་འདི་རིགས་ཀྱིས་ཡིག་སྐད་དུ་འབྲི་མི་ཤེས་པའི་རང་སྐྱོན་ངོས་ལེན་མི་བྱེད་པར། ད་དུང་ཁ་སྐད་དུ་བྲིས་ན་ལེགས་ཚུལ་གྱི་རྒྱུ་མཚན་ལྟར་སྣང་ཞིག་བགྲངས་ཏེ་འབྲི་བཞིན་པ་ནི་ཤེས་བཞིན་དུ་རང་གི་སྐད་ཡིག་གི་སྲོག་ལ་སྟ་རེ་གཞུས་པ་མ་ཡིན་ནམ། མདོར་ན་དྲ་ལམ་དུ་བོད་ཡིག་འབྲི་བ་འདིས་བོད་ཀྱི་སྐད་ཡིག་ལ་ཕན་ན་ཕན་ཚབས་ཆེ་ལ་གནོད་ན་གནོད་ཚབས་ཀྱང་ཆེ་བས་ཀུན་གྱིས་གཟབ་གཟབ་བྱས་ཏེ་དག་མོ་འབྲི་རྒྱུ་གལ་ཆེ་ཞེས་བོད་ཀྱི་སྐད་ཡིག་ལ་ཤ་ཚ་ཅན་རྣམས་ལ་གྲོས་འདེབས་སུ་ཕུལ་ལོ།།
ཁ་ཚ་དགོས་གཏུགས་ཀྱི་བསམ་ཚུལ་ཡག་པོ་ཞིག་སྤེལ་འདུག ཐུགས་རྗེ་ཆེ།
ཕྲན་ལའང་ཡི་གེའི་དག་ཆའི་དཀའ་ངལ་ནམ་རྒྱུན་འཕྲད་ཡོང་གི་འདུག རྩོམ་སྒྲིག་ཚོགས་ཆུང་ཡོད་པའི་ཁ་བརྡ་དྲ་རྒྱ་ལྟ་བུས་རྩོམ་ཡིག་དྲ་རྒྱར་མ་བཀོད་གོང་ཡི་ེགེའི་དག་ཆ་ཙམ་ཞུ་དག་གཏོང་ཐུབ་ན་ལེགས་པར་སེམས།
ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་ཁ་བརྡ་ཚང་གིས་བོད་ཡིག་རྐང་ཆད་ལག་ལྡུམ་དུ་གཏོང་མཁན་ཚོར་མ་སྡིགས་ཟེར་ནས་བརྡ་ཁྱབ་བཏང་ཡོད་པས་འུ་ཚོས་དཀའ་ས་རེད། ཡིག་ནོར་དང་བརྡ་ནོར་ཆུང་ངུ་དག་བཟུང་ནས་ཁྲོམས་བསྐོར་དུ་ཁྲིད་མཁན་གྱི་སྐད་ཡིག་ཚགས་པར་ཟེར་བ་ཞིག་ཡོད་ནའང་དེས་ཁྲོམས་བསྐོར་དུ་ཁྲིད་པའི་ཡིག་ནོར་བརྡ་ནོར་དེ་ཚོ་ནི་ལག་མཐིལ་ལས་ཆུང་ཞིང་ཁྱབ་རྒྱ་ཆུང་བའི་སྲང་བར་གྱི་གསལ་བསྒྲགས་ཁག་ཙམ་རེད། ཚགས་པར་དེས་ཁ་བརྡ་དྲ་ཚིགས་དང་དུས་བབ། ཨེ་ཤ་ཡ་བཅས་སོགས་ཀྱི་སྟེང་གི་ཡིག་ནོར་དང་བརྡ་ནོར་འདི་ཚོ་མ་མཐོང་བ་ཡིན་མི་སྲིད་ནའང་ད་བར་ཁྲོམ་བསྐོར་དུ་ཁྲིད་པ་མཐོང་མ་སོང་། རྒྱུ་མཚན་གང་ཡིན་ངས་ཀྱང་མ་ཤེས་ཐལ།
དགའ་བ་ཁྲི་ཚོ་གཅིག་དང་དུང་ཕྱུར་ལྷག་གི་རྒྱབ་སྐྱོར་ཡོད། ཆུ་མ་སླེབས་གོང་ནས་ཆུ་ར། རླུང་མ་ཡོང་གོང་ནས་རླུང་རྭ་ཅེས་ཀྱང་དགོས་རྒྱུ་གལ་ཆེ། རང་གི་སྐད་ཡིག་ཡང་དག་པར་སྲུང་སྐྱོབ་དགོས་ཚེ་ངེས་པར་དུ། ཤུགས་རྒྱག་དགོས་རེད་དྲན་ནས་བསྡད་ཡོད།
རེད།
བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད་དང་ཡོད། ལོས་ཡོད།
དོན་འདི་ལ་ངས་ན་ནིང་ནས་བཤད་ཡོད། དྲ་ཐོག་ལ་པོ་ལི་སི་དགོས་གི་འདུག་ཟེར་བཤད་པ་ཡིན།
དྲ་ཐོག་ལ་པོ་ལི་སི་དགོས་པའི་རྒྱུ་མཚན་ཡང་དྲ་ཐོག་གི་ཡིག་ནོར་འགོག་སྲུང་ཆེད་ཤོད་པ་ཡིན།
ཡིན་ན་ཡང་་་་་ཁ་བརྡ་བྱེད་དུས་ཁ་སྐད་ཐོག་ཤོད་ན་བྲོ་བ་མ་འདྲ་བ་ཞིག་མི་འདུག་གས།
ཁ་སྐད་ཡིག་ཐོག་ལ་བྲིས་ན་་་སྐད་ཡིག་ལ་གནོད་ཟེར་ན་་་དེར་ཁས་ལེན་ཐུབ་ས་མ་རེད།
ཨ་ལེ་་་རྩེད་མོ་ཡིན།
ཁྱེད་ཀྱིས་བསམ་ཚུལ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ངའི་རེ་བ་ལ་ཁ་བརྡ་ལྟ་བུའི་དྲ་བདག་རྣམས་པས་འགན་མང་ཙམ་བླངས་ནས་དག་ནོར་ལ་ནོར་བཅོས་ཀྱི་མཆན་བུ་རེ་ཟུར་དུ་རྒྱབ་ན་ཕན་རླབས་ཆེན་པོ་ཡོང་ངེས། དགོངས་དག་ཁྱེད་ཅག་ལ་ཕྱག་ལས་མང་པོ་ཡོད་པ་ཤེས་ཡོད།།
དག་ཆ་དག་མ་གལ་ཆེ་མོད། དེ་ལས་གལ་ཆེ་ཤོས་ནི་བོད་ཡིག་བཀོད་སྤྱོད་བཏང་རྒྱུ་རེད། དེ་འདྲའི་གུ་དོག་དང་ལྟ་བ་མཁྲེགས་པའི་འདོད་ཚུལ་བཟུང་བ་ཡིན་ན་བོད་ཡིག་བེད་སྤྱོད་ལ་ཚོད་འཛིན་ཐེབས་ཤིང་མཐར་བོད་ཡིག་གི་རིན་ཐང་ཉུང་དུ་བཏང་ངེས་རེད། ང་ཚོས་དབྱིན་ཡིག་དང་སྐད་རིགས་གཞན་པ་ལྟར་བོད་ཡིག་དང་བོད་སྐད་བེད་སྤྱོད་བཏང་མཁན་ཀུན་ལ་ཐུགས་རྗེ་ལེགས་འབུལ་བྱེད་རྒྱུ་ལས་བཀག་འགོག་བྱེད་རྒྱུ་མ་རེད། དག་ཆ་གལ་ཆེ་མོད་དེ་ལས་གལ་ཆེ་བ་ནི་གོ་བརྡ་སྤྲོད་འཕྲོད་རྒྱུ་དེ་རེད། བོད་ཡིག་བེད་སྤྱོད་བཏང་ནས་གོ་བརྡ་འཕྲོད་ནུས་ན་དེ་ག་རང་དུ་གོ་ཆོད་པ་རེད། གོ་བརྡ་འཕྲོད་པའི་བོད་ཡིག་བེད་སྤྱོད་བཏང་ཏུ་བཅུག་ཚེ་རིམ་བཞིན་ཡར་རྒྱས་འགྲོ་ངེས་རེད། དེ་མིན་འཇར་པན་གྱིས་དབྱིན་སྐད་བཤད་པ་བཞིན་དག་མོ་བཤད་མ་ཐུབ། མི་དག་པ་བཤད་འདོད་མེད་པས་མཐར་ཅི་ཡང་མི་ཤེས་མཁན་ཞིག་ཏུ་འགྱུར་ངེས་རེད། ང་ཚོས་བོད་ཡིག་ཡར་རྒྱས་བཏང་ཆེད་བོད་ཡིག་བེད་སྤྱོད་བཏང་མཁན་ཀུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་དགག་པ་བྱེད་རྒྱུ་མིན་པ་འདོད། དེ་འདྲ་བྱེད་པའི་དུས་ཚོད་ཀྱང་མ་རེད། ནོར་འཁྲུལ་ལས་ཡར་རྒྱས་དང་ཡང་དག་པ་རྙེད་དགོས་བ་ལས་ཐོག་མ་ཉིད་ནས་ཡང་དག་པ་ཆགས་ག་ལ་ཐུབ། རབ་བྱུང་ན་བོད་ཡིག་གི་དག་ཆ་དབྱིན་ཡིག་ལྟར་ཀློག་ཀླད་དུ་བཅུག་ཐུབ་ཚེ་ཕན་ཡོད་ངེས་རེད།
རིག་འབྱུང་བས་གསུངས་བ་བདེན་པར་སྣང་། མི་ཁ་ཤས་ཀྱིས་ག་དུས་ཡིན་ཡང་དག་ཆ་ཡིན་ན་ཞིག་བཤད་ཀི་འདུག རེད་དེ། ཡིན་ནའང་། སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཆེས་ཆེར་བསྐྲུན་རྒྱུ་ལས་ཡི་གེ་དག་མི་དག་གི་སྐད་ཆ་རེ་བཤད་བསྡད་ན་ཕན་ཐོག་རེ་ཨེ་ཡོད། དེ་འདྲ་ཞིག་ཡིན་ན་སྐད་ཡིག་སྦྱངས་རྒྱུའི་གོ་སྐབས་མ་ཐོབ་པའི་མང་ཚོགས་བྱིངས་ཀྱིས་དྲ་ཐོག་དང་ཡིག་ཐོག་གང་རུང་ནས་བསམ་ཚུལ་ཡིན་ན་འདྲ་ལ་བསྐུར་ཡིག་སོགས་གང་ཡིན་ཡང་འབྲི་མི་ཉེན་པ་འདྲ།
བོད་ཀྱི་ཁ་སྐད་སྤྱི་སྐད་ ཆེན་མོ་ཞིག་ཡིག་ཐོག་ཏུ་གཏན་འབེབས་མི་དགོས་སམ། བོད་གཞིས་བྱེས་གཉིས་ཀྱི་སློབ་གྲྭར་བོད་སྐད་ཡིག་སློབ་དེབ་ཟུར་དུ་ཡོད་དམ། མེད་ན་ད་དུང་ཡང་མི་དགོས་སམ། དགོས་ན་དང་པོ་སུས་འགོ་འཛུགས་ཐུབ་བམ། ལས་འགན་དེ་སུ་ལ་ཡོད་དམ། དབང་ཚད་དེ་སུ་ལ་ཡོད་དམ། དྲ་གྲོགས་ཚོས་ཀྱང་གླེང་མི་དགོས་སམ། ལགས། ག་འདྲ་ཟེ་རེད། ཅིག་གསུངས་རོགས་གནོངས་དང་།
རིག་འབྱུང་རྒྱ་མཚོ་ལགས། ཁྱོད་ཀྱིས་བཏབ་པའི་མཆན་དུ་ཅི་ཞིག་ཤོད་ཀྱིན་པ་གསལ་པོ་ཞིག་ཤེས་ཀྱི་མི་འདུག་ནའང་། ཕལ་ཆེར་དག་ཆ་གལ་ཆེན་མིན་རབས་ཤིག་ཤོད་ཀྱིན་པ་འདྲ། དག་ཆ་ལ་མ་བརྟེན་པར་བརྡ་ཇི་ལྟར་སྤྲོད་དགོས་པ་རེད། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།ཟེར་བའི་རྡོ་སྦིས་དགེ་བཤེས་ཀྱི་ལེགས་བཤད་རྨ་མེད་པ་ཞིག་ཡོད་ཡ།
དངོས་གནས་བསམ་ཚུལ་ཡག་པོ་ཞིག་སྤེལ་འདུག ཁ་བརྡ་ཚང་གིས་ལས་དོན་ཙམ་མིན་པ་ང་ཚོ་དྲ་མཁན་ཚོས་དག་ཆ་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དེ། ཁ་ཐུག་སྐྱོན་བརྗོད་བྱེད་ན་ཕན་ཐོགས་ཆེན་པོ་འབྱུང་ངེས་སྙམ། རྩོམ་ཡིག་འདི་ལ་ཡི་རངས་ཡོད།
དག་ཆ་གལ་ཆེ་གསུང་མཁན་རྣམས་ལ་བསམ་ཚུལ་མཐུན་པས་ཞུ་རྒྱུ་གཞན་ཅང་མེད། མུ་མཐུད་སྐད་ཡིག་གི་དོན་དུ་ཤུགས་རྒྱག་རོགས་གནང། གསུང་སྐད་བསྐྱོན་རོགས་གནང།
དག་ཆ་གལ་མི་ཆེ་གསུང་མཁན་རྣམས་ལ་ཕྲན་བུ་ཞུ་རྒྱུ་ཡིན།
ཁྱེད་རྣམས་ཀྱི་གནང་སྟངས་འདི་ངས་རྩོམ་དངོས་གཞིའི་ནང་དུ་ཟུར་ཙམ་བཤད་ཡོད་པ་དེ་ག་རང་རེད། ཁྱེད་ཅག་གིས་ཁ་གཡར་སའི་རྒྱུ་མཚན་ལྟར་སྣང་དེ་ཚོར་བསྐྱར་དུ་སོམས་དང།
1 ༼ཁ་བརྡ་བྱེད་དུས་ཁ་སྐད་ཐོག་ཤོད་ན་བྲོ་བ་མ་འདྲ་བ་ཞིག་མི་འདུག་གས།༽ཟེར། འབྲི་ཤེས་ན་སྙན་ངག་ཐོག་ནས་བྲིས་ནའང་བྲོ་བ་ཡོད་པ་རེད། འབྲི་མ་ཤེས་ན་ཁ་སྐད་ཐོག་ནས་བྲིས་ཀྱང་བྲོ་བ་ཕར་ཟད་གཞན་གྱིས་གོ་ཡང་ཐུབ་ཀྱི་མ་རེད། རང་གིས་ནི་ཡག་པོ་ཞིག་བྲིས་ཡོད་བསམ་གྱི་རེད་དེ་གཞན་གྱིས་ནི་གོ་ཡི་མ་རེད། ད་དུང་གོ་ནོར་ཐེབས་ཀྱི་རེད། དེ་ནི་ཁྱེད་ཀྱི་ཁ་སྐད་དེ་ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་ཡིན་པས་རེད། ང་ཚོ་བོད་ལ་ཡིག་སྐད་གཅིག་གྱུར་མ་གཏོགས་ཁ་སྐད་གཅིག་གྱུར་མེད་པ་འདི་ཁྱེད་ཀྱིས་དྲན་པར་མཛོད།
2 ༼དེ་འདྲའི་གུ་དོག་དང་ལྟ་བ་མཁྲེགས་པའི་འདོད་ཚུལ་བཟུང་བ་ཡིན་ན་བོད་ཡིག་བེད་སྤྱོད་ལ་ཚོད་འཛིན་ཐེབས་ཤིང་མཐར་བོད་ཡིག་གི་རིན་ཐང་ཉུང་དུ་བཏང་ངེས་རེད།༽ ཟེར། དག་ཆ་དགོས་ལབ་ན་ལྟ་བ་གུ་དོག་པ་ཞིག་ཡིན་ནམ། ཅི་འདྲའི་བསམ་བློ་ཡར་ཐོན་ཆེ་མདོག་ལ། འདི་ལྟ་བ་ཡངས་དོག་གི་གནས་ཚུལ་ཞིག་མ་རེད། བརྡ་སྤྲོད་རིག་པའི་གནས་ཚུལ་ཞིག་རེད། བོད་ཡིག་རྐྱང་པའི་གནས་ཚུལ་ཡང་མ་རེད། དག་ཆ་དགོས་པ་འདི་ཡིག་རིགས་ཚང་མ་ལ་གཅིག་མཚུངས་རེད། དེ་མིན་ན་ཡིག་རིགས་གཞན་གྱི་ནང་དག་ཆ་ངེས་མེད་ཀྱིས་ཕྲིས་དང་ལྟ་བ་གུ་ཡངས་པོ་རེད་ཟེར་ནས་ལེགས་པར་རྩི་བཞིན་འདུག་གམ།
3 ༼དག་ཆ་གལ་ཆེ་མོད་དེ་ལས་གལ་ཆེ་བ་ནི་གོ་བརྡ་སྤྲོད་འཕྲོད་རྒྱུ་དེ་རེད། བོད་ཡིག་བེད་སྤྱོད་བཏང་ནས་གོ་བརྡ་འཕྲོད་ནུས་ན་དེ་ག་རང་དུ་གོ་ཆོད་པ་རེད།༽ ཟེར། དག་ཆ་མེད་པ་དང་གོ་བརྡ་འཕྲོད་པ་གཉིས་དངོས་གནས་བྱས་ན་འགལ་བ་རེད། འོན་ཀྱང་ཁྱེད་ཚོའི་སེམས་ལ་རང་གིས་དག་ཆ་མེད་པ་རེ་བྲིས་ཀྱང་གོ་བརྡ་འཕྲོད་འགྲོ་ཡི་འདུག་པས། འདི་ལྟར་བྲིས་ན་འགྲིག་གི་འདུག་བསམ་གྱི་ཡོད་ཚོད་རེད། དེ་ནི་རང་མགོ་རང་གིས་གཡོགས་པ་རང་རེད། ཁྱེད་ཚོས་བྲིས་པའི་དག་ཆ་ནོར་བ་རྣམས་ལ་ཀློག་པ་པོ་ཚོས་ཚོད་དཔག་བྱས་ནས་གོ་བ་ལེན་དགོས་ཀྱི་ཡོད་པ་ཁྱེད་ཚོས་ཤེས་ཀྱི་མེད་པ་འདྲ། དཔེར་ན་ཁྱེད་ཚོས་བྲིས་པའི་གོང་གི་མཆན་འདི་དག་ནང་ན་ཚོད་དཔག་བྱས་ནས་གོ་བ་ལེན་དགོས་པ་མང་དུ་ཡོད་པ་ལྟ་བུ་རེད། ཚོད་དཔག་བྱས་ནས་གོ་ཐུབ་པ་བྱུང་བ་ནི་གཙོ་བོ་ཀློག་མཁན་གྱི་ནུས་པས་བྱུང་བ་རེད། འབྲི་མཁན་གྱི་ནུས་པས་མ་རེད། ཁྱེད་ཚོའི་འབྲི་རྩལ་ལས་བྱུང་བ་མ་རེད། གསལ་པོར་བཤད་ན། ཀློག་མཁན་གྱིས་འབྲི་མཁན་ལ་རོགས་རམ་བྱས་ནས་མཐར་གོ་ཐུབ་པ་བྱུང་བ་རེད། སྤྱིར་ཡིག་ལམ་ནས་བརྡ་འཕྲོད་པ་ནི་ཕ་རོལ་པོའི་རྟོག་པའི་འཛིན་སྟངས་ལ་རག་ལས་ཀྱང་། ཡི་གེ་རང་སྟེང་ན་ཚང་དགོས་པ་ཞིག་ཡོད། དེ་ནི་དག་ཆ་མ་ནོར་བ་དགོས་པ་དེ་ཡིན། དེ་འབྲི་མཁན་གྱི་ངོས་ནས་ཡོང་དགོས། དེ་མིན་ཀློག་མཁན་གྱིས་ཡི་གེ་གཞན་ཞིག་ཀློག གོ་བ་གཞན་ཞིག་བླངས་ནས་འགྲོ་དགོས་ན་ཅི་འདྲའི་དཀའ་ཚེགས་ཅན་ཞིག་དང་ཐབས་སྐྱོ་བ་ཞིག་མ་རེད་དམ། དེས་ན། ཀློག་མཁན་གྱིས་ཚོད་དཔག་བྱེད་མི་དགོས་པ་དང་རོགས་རམ་བྱེད་མི་དགོས་པར་ཐད་ཀར་གོ་བརྡ་ཏག་ཏག་སྤྲོད་ཐུབ་པ་ཞིག་འབྲི་རོགས་གནང།
དག་ཆ་ངེས་མེད་ཀྱིས་འབྲི་ཆོག་ན་དག་ཡིག་དང་ཚིག་མཛོད་དེ་དག་ཅིའི་ཕྱིར་བརྩམས་པ་རེད།
དག་ཡིག་སྦྱངས་ནས་ཀྱང་ཅི་བྱེད། དགོངས་པ་བཞེས་དང།
4 ༼སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཆེས་ཆེར་བསྐྲུན་རྒྱུ་ལས་ཡི་གེ་དག་མི་དག་གི་སྐད་ཆ་རེ་བཤད་བསྡད་ན་ཕན་ཐོག་རེ་ཨེ་ཡོད།༽ ཟེར། སྐད་ཡིག་བེད་སྤྱོད་གཏོང་ལོས་དགོས། དེ་གལ་ཆེ་ཤོས་ཡིན་པ་བཤད་ཡོད། འོན་ཀྱང་བེད་སྤྱོད་གཏོང་སྟངས་ལ་འདྲ་མིན་སྣ་ཚོགས་ཡོད་པས། བེད་སྤྱོད་གཏོང་སྟངས་ནོར་ན་ག་ལ་འགྲིག དེ་ནོར་ན་མཇུག་འབྲས་ཀྱང་དེ་འདྲ་ཞིག་ལས་ཡོང་རྒྱུ་མེད། ཡིག་ནོར་བརྡ་ནོར་མང་པོ་བྲིས་ན་བེད་སྤྱོད་གཏོང་སྟངས་ནོར་བ་རེད། དེར་བརྟེན་ཡིག་ནོར་བརྡ་ནོར་མེད་པའི་ཐོག་ནས་སྐད་ཡིག་བེད་སྤྱོད་གཏང་དགོས་ལབ་ཀྱི་ཡོད།
ཁྱེད་རྣམས་ཀྱི་མཆན་ལ་བལྟས་ན་དག་ཆ་ཡག་པོ་མི་ཤེས་མཁན་རེ་ཡིན་འདུག་པས། རང་རང་སོ་སོའི་ངོས་ནས་དག་ཆ་ཤེས་ཐབས་ལ་བརྩོན་དགོས་པ་ནི་རང་ཉིད་བོད་ཡིག་འབྲི་མཁན་ཞིག་ཡིན་པའི་འོས་འགན་ཡིན་པ་ལས། དག་ཆ་མི་ཤེས་པའི་ཁར་ད་དུང་དག་ཆ་མི་དགོས་ཞེས་ལབ་ན། རང་སྐྱོན་ངོས་ལེན་མི་བྱེད་པའི་གཡོ་སྒྱུའི་སྐད་ཆ་ཞིག་ལས་གཞན་གང་དུའང་མཐོང་གི་མི་འདུག་ལགས།
མདོ་ལྷ་ཁམས་པ་ལགས་གོང་དུ་བོད་སྐད་ཡིག་གཙང་མ་འབྲི་དགོས་པའི་རེ་བ་བཏན་འདུག།ཁྱོད་ཀྱིས་ད་དུང་ཀྱག་ཀྱག་འདྲ་པོ་བྱས་དེ་རྒྱ་གར་སྐད་པོ་ལོ་སི་ཡིན་ན་ཅིག།ཁྱོད་ཀྱི་བོད་ཚིག་ཅི་ཡོད་མ་ཤེས་པར་ག་ལ་ཡིན།
ད་དུང་ཞུ་རྒྱུ་ཞིག་ལ་ཨ་རི་རླུང་འཕྲིན་ཁང་གི་ཡིག་ཐོག་གསར་འགྱུར་རྣམས་ལ་ཅིག་གཟིགས་དང་ཁོང་རང་ཚོས་ཡིག་ནོར་ག་ཚོད་དགོས་དགོས་བྲིས་ཡོང་གི་འདུག།དེ་ལ་ཡང་བཟང་ཕྱོགས་ཤིག་གི་འགྱུར་བ་ཕྱིན་ན་ཡག་པོ་ཡོད་ས་རེད།
དག་ཆའི་སྐོར་གྱི་གནད་དོན་གང་དུ་གླེང་ན། ཁོ་བོ་ནི་དེར་དམིགས་བསལ་དོ་སྣང་བྱེད་མཁན་ཞིག་ཡིན།
འཇིགས་མེད་བཀྲ་ཤིས་ལགས་ཀྱིས་གསུངས་པ་ལྟར། ཁོ་བོས་ཀྱང་དེ་ལྟར་དུ་འདོད། བོད་ཡིག་ནི་བོད་མི་རིགས་ཀྱི་ཚེ་སྲོག་ཡིན་ན། བོད་ཡིག་ནི་བོད་མི་རིགས་ཀྱི་གཟུགས་ཕུང་དེ་ཡིན་ན། མི་རིགས་དེའི་སྐད་ཡིག་གི་ནང་དུ་ཡིག་ནོར་དང་བརྡ་ནོར་ཤུགས་ཆེན་ཡོང་སྐབས། དེ་ནི་ཡག་རྟགས་ཤིག་མ་རེད། མི་ནད་མེད་བདེ་ཐང་ཞིག་ལ་ནད་རིགས་འདྲ་མིན་འགོས་པ་དང་གཅིག་པ་རེད། ནད་རིགས་དེས་མི་དེའི་ཚེ་སྲོག་རིམ་པར་བཅོམ་ཉེན་ཡོད་པ་ལྟར། བོད་མི་རིགས་ཀྱི་སྐད་ཡིག་གི་ནང་དུ་ཡིག་ནོར་གྱི་ནད་ཡམས་དེ་ཤུགས་ཆེར་ཕྱིན་ན་མི་རིགས་ཀྱི་སྐད་ཡིག་གི་བླ་སྲོག་ལ་ནད་ཡམས་ཞུགས་པ་རེད། དེ་ནི་ཡིག་ནོར་བྱུང་ན་སྐྱོན་མེད། དོན་ལ་འགྲིག་ན་འགྲིག་པ་རེད་གསུང་མཁན་ཚོས་ཐུགས་ལ་འདོགས་རོགས།
ད་དུང་བྱིས་པ་དག་ཡིག་ཁ་ནས་བསྐྱོར། མ་དག་ཡི་གེ་ལག་པ་འབྲི་མཁན་ཚོས་ཡིག་འབྲུ་རེ་རེ་འབྲི་དུས་འགན་ཁུར་ཡོད་པའི་ཐོག་ནས་བྲིས་དང་། ནམ་ཞིག་ཁྱེད་ཀྱིས་གང་བྲིས་པའི་ཡི་གེ་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་བར་འགྱུར་ངེས། དེ་དོན་ཡིད་ལ་འཇོག་རོགས། །
བསེ་རུས།
འཇིགས་མེད་བཀྲ་ཤིས་ལགས།
བསམ་འཆར་ཡག་པོ་འདུག དང་ལེན་ཞུ་གི་ཡིན། གཤམ་གསལ་གྱི་འདྲི་བ་རྣམས་ལ་ལན་ཞིག་གནང་རོགས།
༡༽ཡི་གེ་དག་པོ་རེད་དམ་ཡི་གེ་དག་མོ་རེད། དག་མོ་ཟེར་བའི་མིང་ཚིག་དེ་ཚིག་མཛོད་དང་དག་ཡིག་ནང་ཨེ་ཡོད།
༢༽ མདང་དགོང་རེད་དམ། མདང་དགོངས་རེད། བོད་ཀྱི་མཁས་དབང་འགས་དགོངས་མོ་ཞེས་བྲིས་འདུག
༣༽ ད་རུང་རེད་དམ། ད་དུང་རེད། མཁས་དབང་མང་ཆེ་བས་ད་དུང་ཞེས་བྲིས་གནང་འདུག
༤༽མངོན་སུམ་དུ་གྲུབ་རེད་དམ། མངོན་སུམ་དུ་འགྲུབ་རེད།
ངས་ཀྱང་བསམ་ཚུལ་ཞིག་ཤོད་འདོད་བྱུང།
དག་ཆ་དག་ཆ་ཞེས་བཤད་ནས་ཁ་བརྡ་ཚང་གི་མཆན་འབྲི་སར་དགེ་སྐོས་སམ་པོ་ལིསི་ཞིག་བསྐོས་པ་ཡིན་ན་གཅིག་བྱེད་ན་བོད་ཡིག་འབྲི་མཁན་དེ་ཉུང་ཉུང་ཞིག་ལ་སྤུས་ཀ་ལེགས་པོ་ཞིག་ཡོང་མདོག་ཁ་པོ་རེད།
གཅིག་བྱེད་ན་ཁ་བརྡ་ཚང་དུ་མཆན་འབྲི་མཁན་ད་ལྟ་ཡོད་བཞིན་པ་བཅུ་གྲངས་ཤིག་ལས་མེད་པ་དེ་ཡང་མར་ཟག་ནས་ལྔ་དྲུག་ཙམ་དུ་འགྱུར་ངེས་རེད།
ད་ཡང་ན་༧གོང་ས༧་མཆོག་གིས་གསུངས་པ་ལྟར།
བོད་ཀྱི་དགོན་སྡེ་དེ་ཚོར་གྲྭ་བའི་གྲངས་འབོར་གལ་ཆེར་མི་བརྩི་བར་སྤུས་ཀ་ལེགས་པོ་ཞིག་ཡོང་ཐབས་ལ་འབད་པ་བྱོས་ཞེས་ཡང་ཡང་བཀའ་སློབ་གནང་ཡོད་པས་ང་ཚོས་ཀྱང་ཁ་བརྡ་ཚང་འདིར་མཆན་འབྲི་མཁན་ཡང་དེ་ལྟར་བྱེད་ན་གང་འདྲ་ཡོང་བ་འདུག་གམ།
ད་ལྟ་ཁ་བརྡ་ཚང་དུ་མཆན་འགོད་པ་པོའི་བགྲང་ཚད་ལ་གཞིགས་ན་ཧ་ཅང་གི་ཉུང་ཉུང་རེད།
ཞིབ་ཏུ་དཔྱད་ན་མཆན་འགོད་པ་པོའི་མཚན་མི་འདྲ་བ་བརྒྱ་ཙམ་ཡོད་པའི་དབང་དུ་བཏང་ན་དངོས་ཡོད་གསུམ་ཅུ་ཙམ་ལས་ཡོད་མདོག་མི་འདུག
མང་པོ་ཞིག་གིས་མིང་རྫུས་ལྔ་ཡིས་སྟེང་ནས་མཆན་སྣ་ཚོགས་ཤིག་བཀོད་གྱིན་མེད་དམ་སྙམས།
ངས་བཤད་པ་ནི་དག་ཆ་མི་དགོས་ཟེར་གྱི་མེད། དག་ཆ་དགོས་ཀྱང་དེ་ལས་གལ་ཆེ་བ་ནི་བོད་ཡིག་བེད་སྤྱོད་བྱེད་རྒྱུ་དེ་རེད། བོད་ཡིག་བེད་སྤྱོད་བ་མ་བྱེད་ན་བོད་ཡིག་ལ་དོ་སྣང་ཡོང་མི་སྲིད་ཅིང་དོ་སྣང་མེད་པའི་ཡི་གེ་ཞིག་ཡར་རྒྱས་འགྲོ་བའི་གནས་མེད། བོད་ཡིག་ལ་དོ་སྣང་ཡོང་ཆེད་བོད་ཡིག་གི་ཤེས་ཚད་མཐོ་དམན་ཀུན་མཉམ་ཞུགས་བྱེད་རྒྱུ་གལ་ཆེ། དབྱིན་ཡིག་གི་མཆན་རྣམས་ལ་ལྟོས་དང་། དག་ཆ་ཙམ་མ་ཟད་ཚིག་གྲུབ་ཀྱི་འགྲོ་སྟངས་འཁྲུལ་མཁན་མང་པོ་ཡོད་ཀྱང་ཁོང་ཚོར་དགག་པ་དེ་ཙམ་མེད། BBC བགྲོ་གླེང་སྐབས་སུ་དབྱིན་སྐད་ཡག་པོ་མི་ཤེས་མཁན་རྣམས་ལ་ཨུ་ཚུགས་ཀྱིས་སྐད་ཆ་དྲིས་ནས་གླེང་སློང་བྱེད་བཞིན་ཡོད། སྐད་ཆ་དལ་མོ་བྱས་ནས་འདྲི་བར་དབྱིན་ཇིས་པ་རྣམས་ཨ་ཐང་ཆད་པ་ལས་ལྡོག་སྟེ་རིན་ཐང་སྤྲད་བཞིན་ཡོད། རྒྱུ་མཚན་ནི་མི་ཞིག་གིས་ཁོང་ཚོའི་ཡི་གེ་བེད་སྤྱོད་བཏང་བ་ལ་གུས་བཀུར་བྱེད་པས་རེད། དེ་མིན་ས་ཆ་གང་སར་དྲ་རྒྱ་ཡོད་ཀྱང་བོད་ཡིག་གི་ཚིག་མཛོད་འཁུར་ནས་འགྲོ་མི་ཐུབ་པས་ཡིན། ཚིག་ནོར་གསལ་བ་དེ་ལྟར་མོས་ན་རྗེ་རིན་པོ་ཆེའི་གསུངས་འབུམ་དང་དུང་དཀར་དཔེ་དེབ་ལ་ལྟོས་དང་། ཞུ་དག་བཏང་རྒྱུ་མང་དུ་རེག་ངེས་རེད།
གཅིག
འཇིགས་མེད་བཀྲ་ཤིས། ཁྱེད་ཀྱིས་་༼འབྲི་ཤེས་ན་སྙན་ངག་ཐོག་ནས་བྲིས་ནའང་བྲོ་བ་ཡོད་པ་རེད། འབྲི་མ་ཤེས་ན་ཁ་སྐད་ཐོག་ནས་བྲིས་ཀྱང་བྲོ་བ་ཕད་ཟད་གཞན་གྱིས་གོ་ཡང་ཐུབ་ཀྱི་མ་རེད་ཟེར།༽
དེ་འདྲ་དངོས་ནས་ཡིན་ན་་་་ཁྱེད་ཀྱིས་ཟེར་ཡག་གི་སྙན་ངག་དང་ཁ་སྐད་གཉིས་ལ་རྒྱང་ཐག་ཞེ་པོ་ཅིག་ཡོད་བཟོད་བསྟན་འདུག བྱས་ན་་་ཁ་སྐད་ཡོད་ཚད་སྙན་ངག་མ་ཡིན་པ་དང་། སྙན་ངག་ཡིན་ཚད་ཁ་ནས་མི་ཤོད་པ་དེ་འདྲ་ཞིག་་ཨེ་ཡིན་ན། དེ་ནི་མཁས་པའི་ཐུགས་མཉམ་མ་བཞག་པའི་ཚིག་སྐྱོན་ཞིག་མིན་ནམ་དྲན།
ཅིག་བྱས་ན། ཁྱེད་ཀྱི་དགོངས་ཚུལ་ལྟར་སྙན་པོ་འབྲི་དུས་འདི་འདྲ་ཟེ་ཡིན་པ་འདྲ། དཔེར་ན།
ཤར་རིའི་རྩེ་ནས་ཉི་མ་ཤར་བྱུང་། ཞེས་ཤོད་དུས་ཁ་སྐད་ཡིན་ཙང་སྙན་པོ་མེད་པ་དང་་་དེའི་ཚབ་ལ་་་་་དབང་ཕྱོགས་ས་འཛིན་རྩེ་ནས་རྟ་བདུན་དབང་བོ་འཕྲོས་བྱུང་་་ཞེས་འབྲི་དགོས་པ་་་ཨེ་རེད། གལ་སྲིད་དེ་ལྟར་བྲིས་ན་་་གོ་བདེ་བ་དང་སྙན་པོ་འདུག་གམ།
གཉིས།
ཧོར་བུ་ཡེ་ཤེས། ཁྱོད་ཀྱི་ཐུགས་ལ་་་པོ་ལི་སི་་་ཞེས་ཟེར་ན་རྒྱ་གར་སྐད་རེད་དགོངས་གི་ཡོད་པ་འདྲ་་་་དེ་ནོར་བ་རེད། པོ་ལི་སི་ཞེས་པའི་མིང་ཚིག་འདི་ཐོག་མར་ཨིན་ཇི་དང་། དེ་ནས་ཨ་རི། རིམ་པས་རྒྱལ་ཁབ་མང་པོས་བེད་སྤྱོད་བྱས་ནས་དེང་སང་ཕལ་ཆེར་རྒྱལ་སྤྱིའི་སྐད་ལྟ་བུ་ཞིག་ཆགས་ཡོད་པ་རེད།
ང་ཚོས་ཡིན་གཅིག་་་པོ་ལི་སིའི་ཚབ་ཏུ་་་ཉེན་རྟོག་པ་་་ཟེར་འབྲི་དགོས་ན་བྲིས་ཆོག་མོད། ཚིག་འདི་ནི་བོད་མི་ཡི་གེ་བ་ཁ་ཤས་དང་ལས་བྱེད་པ་འགའ་ཤས་ཤིག་གིས་གོ་ན་ལས་བོད་མི་མང་ཚོགས་གི་ངག་ལ་དེ་ཙམ་བདེ་བོ་མེད།
འོན་ཀྱང་ངས་ཀྱག་ཀྱོག་བྱས་ནས་བྲིས་པ་མིན། དེང་སང་རྒྱལ་ཁབ་མང་པོའི་གཅིག་གྱུར་གི་སྐད་ཅིག་ཆགས་ཡོད་ཙང་ཤོད་པ་ཡིན།
ད་རེས་གི་བསམ་ཚུལ་འདི་གལ་ཆེན་ཞིག་རེད། ད་རེས་གི་འདིའི་ཐོག་ནས་ཁ་བརྡ་དྲ་ཐོག་ལ་དགོས་ཡག་གི་མི་སྣ་གལ་ཆེན་ཏེ་་དྲ་ཐོག་་པོ་ལི་སི་་་་ང་ཚོར་རག་ས་རེད།
པོ་ལི་སི་་་གནས་རིམ་ཨང་དང་པོ་དེ་་་་འཇིགས་མེད་བཀྲ་ཤིས་དང་། པོ་ལི་སི་་་གནས་རིམ་ཨང་གཉིས་པ་དེ་་་ཧོར་བུ་ཡེ་ཤེས་བསྐོས་ན་ཏག་ཏག་རེད་བསམས།
རེད་མ་རེད། དྲ་གྲོགས་ཚོས་བསམ་ན་ག་འདྲ་འདུག་ལགས།
བསེ་རུ་ལགས་ཀྱིས་རྒྱུན་དུ་ཡི་གེའི་དག་ཆ་གལ་ཆེ་སྐོར་དང་། དྲ་ཐོག་གི་རྩོམ་མང་པོར་ཞུ་དག་གཏོང་བཞིན་པ་ལ་རྗེས་སུ་ཡི་རང་ཡོད། ཉིད་ཀྱིས་གསུངས་པ་ལྟར་སྐད་ཡིག་ལ་ནད་ཡམས་འདི་འགོ་མི་རུང་བས། ནད་ཡམས་འདི་གཙང་སེལ་མ་ཐུབ་རུང་མི་འཕེལ་བའི་ཐབས་ལ་མུ་མཐུད་འབད་དགོས་པར་གདའ་མོད། འོན་ཀྱང་བསམ་བཞིན་དུ་ནད་ཡམས་འདི་སྤེལ་མཁན་སྐོར་ཞིག་ཡོད་པ་འདི་ཚོ་ལ་ནད་ཡམས་གཞན་ཞིག་ཀྱང་འགོས་འདུག་པས། ནད་ཡམས་གཉིས་མཉམ་དུ་སེལ་རྒྱུ་ནི་ཅུང་དཀའ་སེ་བ་ཞིག་འདུག་ནའང། མུ་མཐུད་ཤུགས་བརྒྱབ་གནང་རྒྱུའི་ཡིད་ཆེས་ཡོད།
བསམ་གཞིགས་ལགས་ལ་ལན་དུ།
1 དག་མོ་ཞེས་པའི་ཚིག་འདི་དག་ཡིག་གསར་བསྒྲིགས་ནང་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་མི་འདུག དག་ཡིག་གཞན་དུ་བཙལ་ཐུབ་མ་སོང། གསར་བསྒྲིགས་ནང་ཡོད་པ་ཙམ་གྱིས་ཚད་ལྡན་ཡིན་པའི་ངེས་པ་མེད་ཀྱང། ཨམ་སྐད་ནང་ཡོངས་གྲགས་སུ་ཡོད་པར་མ་ཟད། དམ་པོ་དང་དམ་མོ། དོག་པོ་དང་དོག་མོ། དོན་པོ་དང་དྲོན་མོ། བདེ་པོ་དང་བདེ་མོ་སོགས་དོན་གཅིག་ཡིན་ཚུལ་ཚིག་མཛོད་ཆེན་མོའི་ནང་གསལ་བ་ལྟར། དག་པོ་དང་དག་མོ་གཉིས་ཀྱང་དོན་གཅིག་གདམ་ང་ཅན་ཞིག་ཏུ་སྣང།
2 མདང་དགོང་གི་དགོང་ལ་ས་མཐའ་མེད་པ་ནི་དག་ཡིག་ཀུན་གྱི་དགོངས་པ་གཅིག་མཐུན་ཡིན་ཞེས་བཤད་ཆོག་པས། དེ་ལ་དགོངས་ས་མཐའ་ཅན་འབྲི་བ་ནི་ནོར་བར་མངོན།
3 ད་དུང་དང་ད་རུང་གཉིས་དོན་གཅིག་ཡིན་པ་གོང་གི་དག་ཡིག་དེ་གཉིས་ཀའི་ནང་གསལ་བས་གང་བྲིས་ཀྱང་ཁྱད་མེད།
4 མངོན་སུམ་དུ་གྲུབ་དང་འགྲུབ་ནི་དོན་གཅིག་ཡིན་ནའང་དུས་ཀྱི་ཁྱད་པར་ལས་སྔོན་འཇུག་ཡོད་མེད་ཀྱི་ཁྱད་ཡོད། འོན་ཀྱང་ནམ་རྒྱུན་ཚིག་སྦྱོར་ནང་སླེབས་སྟངས་ཀྱི་དབང་དུ་བྱས་ན་མངོན་སུམ་དུ་གྲུབ་ཅེས་སྔོན་འཇུག་མེད་པ་འདི་རྒྱུགས་ཆེ།
དོན་པོ་དང་དྲོན་མོ་ཞེས་པའི་སྔ་མ་ལ་ར་བཏགས་ཆད་འདུག་པས་དྲོན་པོ་ཞེས་བཅོས་རོགས།
ལ་སྟོད་བུ་ལ།
ངས་དྲ་ལམ་སྤྱི་ཡོངས་ལ་བཤད་པ་ལས་ཁ་བརྡ་དྲ་ཚིགས་ལ་དམིགས་བསལ་གྱིས་བཤད་ཀྱི་མེད་པས། ཁ་བརྡའི་མཆན་འབྲི་མཁན་ཚོར་དམིགས་བསལ་གྱིས་གནོད་དགོས་དོན་མེད། རྩོམ་མ་དག་པ་དང་མཆན་མ་དག་པ་འབྲི་མཁན་སྤྱི་ཡོངས་ལ་གནོད་པའི་ཁོངས་སུ། ཁ་བརྡའི་ཐོག་རྩོམ་དང་མཆན་མ་དག་པ་སྤེལ་མཁན་ཚོར་ཡང་གནོད་པ་ཐེབས་སོང་ན་དེ་ལ་བཤད་རྒྱུ་ཅང་མེད། གནོད་པ་ཟེར་ནའང་མ་དག་པ་སྤེལ་མི་ཐུབ་པར་གྱུར་ན་དེ་ནི་དོན་དངོས་ཐོག་གནོད་པ་མིན་པར་ཕན་པ་ཡིན་པས་ངས་དགའ་བ་སྒོམ་རྒྱུ་ཡིན། དྲ་ལམ་དུ་ཡི་གེ་མ་དག་པ་འབྲི་མི་རུང་ཞེས་པ་ནི་དྲ་ཚིགས་དོ་དམ་པ་དང། རྩོམ་སྒྲིག་པ། དགེ་བསྐོས་ཟེར་བ་སོགས་ཀྱིས་མ་དག་པ་འབྲི་མཁན་ཚོ་འགོག་དགོས་ཞེས་པའི་དོན་མིན། འབྲི་མཁན་སོ་སོའི་ངོས་ནས་ཡིག་ནོར་མི་ཤོར་ཐབས་ལ་འབད་བརྩོན་བྱེད་དགོས་ཟེར་གྱི་ཡོད། མང་པོ་ཞིག་གིས་ཅི་དགར་སྣང་མེད་དུ་འབྲི་བཞིན་པ་ལས་ཡིག་ནོར་ལ་འཛེམ་གྱི་མི་འདུག་པས། དེ་འགྲིག་གི་མི་འདུག་ལབ་ཀྱི་ཡོད།
འཇིགས་མེད་བཀྲ་ཤིས་ལགས། ཁྱོད་ཀྱིས་དག་པོ་དང་དག་མོ་ཞེས་པ་དེ་དག་ཡིག་གསར་བསྒྲིགས་ནང་ཡོད་པ་ཙམ་གྱིས་ཚད་ལྡན་ཡིན་པས་ངེས་པ་མེད་ཀྱང་།ཨམ་སྐད་ནང་ཡོངས་གྲགས་སུ་ཡོད་པར་མ་ཟད། ཅེས་བཤད་པ་ནི་ཞེན་རྒོག་ཙམ་ལས་རྒྱུ་མཚན་ཞིག་མི་རུང་ལ། ལྷག་པར་དམ་པོ་དང་དམ་མོ། དོག་པོ་དང་དོག་མོ། དོན་པོ་དང་དྲོན་མོ། བདེ་པོ་དང་བདེ་མོ་སོགས་དོན་གཅིག་ཡིན་ཚུལ་ཚིག་མཛོད་ཆེན་མོའི་ནང་གསལ་བ་ལྟར། དག་པོ་དང་དག་མོ་གཉིས་ཀྱང་དོན་གཅིག་གདམ་ང་ཅན་ཞིག་ཏུ་སྣང། ཞེས་པ་འདིའང་རང་ཉིད་ལ་གདིང་ཚད་མེད་པའི་བཟོ་ཞིག་བསྟན་འདུག འདི་དག་ནི་ང་ཚོར་ནང་ཡང་དཀའ་ངལ་སྤྲོད་མཁན་རྗེས་འཇུག་རྟགས་ཀྱི་འཇུག་པའི་རྟགས་མཚུངས་དང་བརྗོད་བདེས་སྒོ་ནས་དཀའ་ངལ་བྱུང་བ་ཞིག་རེད།
དངོས་གནས་བྱེད་ན་དམ་མོ། དོག་པོ། དྲོན་མོ། བདེ་མོ་བཅས་འབྲི་ན་བཟང་སྙམ། དེ་མིན་དག་ཡིག་རེ་ལས་བཤད་པ་རེ་བྱེད་ཡོད་པས་རྗེས་སོར་མིང་མཐའ་འདྲེན་ཚུལ་འདི་རྟ་མོག་གི་སྤུ་བཞིན་མི་འགྱུར་བས་ངེས་པ་མི་འདུག་གོ།
༢མདང་དགོང་གི་དགོང་ལ་ས་མཐའ་མེད་པ་ནི་དག་ཡིག་ཀུན་གྱི་དགོངས་པ་གཅིག་མཐུན་ཡིན་ ཞེས་བཤད་ཆོག་པས། དེ་ལ་དགོངས་ས་མཐའ་ཅན་འབྲི་བ་ནི་ནོར་བར་མངོན། ཞེས་པའང་རང་གིས་ངེས་པར་མ་རྙེད་པས་བཟོ་འདུག འདི་ནི་མིང་ཡིན་པས་མིང་ལ་བྱ་ཚིག་ད་ལྟ་འབྲི་སྲོལ་མང་བས་བྲིས་པ་ཞིག་རེད་ཅེས་ཐག་ཆོད་པས་བཤད་ཆོག
3 ད་དུང་དང་ད་རུང་གཉིས་དོན་གཅིག་ཡིན་པ་གོང་གི་དག་ཡིག་དེ་གཉིས་ཀའི་ནང་གསལ་བས་གང་བྲིས་ཀྱང་ཁྱད་མེད། དག་ཡིག་དེ་གཉིས་ལ་ནོར་འཁྲུལ་ཅན་མེད་པ་ཐག་བཅད་ཐུབ་བམ།
4 མངོན་སུམ་དུ་གྲུབ་དང་འགྲུབ་ནི་དོན་གཅིག་ཡིན་ནའང་དུས་ཀྱི་ཁྱད་པར་ལས་སྔོན་ འཇུག་ཡོད་མེད་ཀྱི་ཁྱད་ཡོད། འོན་ཀྱང་ནམ་རྒྱུན་ཚིག་སྦྱོར་ནང་སླེབས་སྟངས་ཀྱི་དབང་དུ་བྱས་ན་མངོན་སུམ་དུ་ གྲུབ་ཅེས་སྔོན་འཇུག་མེད་པ་འདི་རྒྱུགས་ཆེ།
འདིའང་མི་འཐད་དེ་འགྲུབ་ནི་བྱ་ཚིག་ད་ལྟ་བ་དང་མ་འོངས་པ་ཡིན། གྲུབ་ནི་འདས་པ་ཡིན་པས་བྱ་བ་ལ་བལྟས་ནས་བཞག་དགོས་པ་ལས། ཁྱོད་རང་གིས་བཤད་པ་ལྟར་རྒྱུགས་ཆེ་ཆུང་ཇི་ལྟར་ཡིན།
དྲྭ་གྲོགས་འཇིགས་མེད་བཀྲ་ཤིས་ལགས་ཐུགས་རྗེ་ཆེ།
ངས་ཀྱང་ཁ་བརྡ་དྲྭ་ཚིགས་མཚན་གཞིར་བཟུང་བ་ལས་ཁྱབ་མཐར་བརྗོད་པ་མེད་པས་དགོངས་འཇགས་དང།
དྲྭ་རྒྱར་ཡི་གེ་མ་དག་པ་ལས་སོགས་མཆན་འབྲི་མཁན་ཚོ་འདི་ནས་མཐའ་ཕུད་གཏོང་གི་འདུག་ཅེས་ཀྱང་བཤད་མེད།
དེ་བཞིན་ངེད་ཁ་བརྡ་ཚང་གི་མཆན་འགོད་པ་ཚོར་འགོག་གཞིར་བཟུང་དུ་ཞེས་ཀྱང་སྨྲས་པ་མེད།
གལ་ཏེ་དྲྭ་བདག་གམ་རྩོམ་སྒྲིག་པ་དེ་ཚོས་དགག་པའམ་ནོར་བ་ལ་ནོར་འཁྲུལ་འདོན་རྒྱུའི་འཆར་གཞི་བཏིངས་ཚེ་རིམ་བཞིན་མཆན་འགོད་མཁན་ཚོའི་སེམས་ལ་ཚེར་སྣང་ཞིག་འབྱུང་སྟེ་མཆན་འགོད་རྒྱུར་དོ་ཕོག་ཡོང་ངེས་དང།
ཡང་ན་ཕན་ཚུན་དག་ཆ་ནོར་དང་མ་ནོར་གྱི་དབར་ལ་དགག་བཞག་གིས་རྩ་བའི་བརྗོད་བྱ་དེ་ཚོ་འཇའ་བཞིན་ཡལ་ངེས་ཡིན་པར་ཚོད་དཔག་བྱེད་ན་རྟོགས་ཐུབ་པ་ཞིག་རེད།
རིག་འབྱུང་རྒྱ་མཚོ་ལ།
ཁྱེད་ཀྱིས་༼དག་ཆ་དགོས་ཀྱང་དེ་ལས་གལ་ཆེ་བ་ནི་བོད་ཡིག་བེད་སྤྱོད་བྱེད་རྒྱུ་དེ་རེད།༽ ཟེར། འདིའི་སྐོར་ངའི་བསམ་ཚུལ་གོང་དུ་མཆན་ཨང་ ༡༡ ནང་བཤད་ཟིན་པས་བསྐྱར་ཟློས་མི་བྱེད། གང་ལྟར་དག་ཆ་མེད་པ་ཞིག་བེད་སྤྱོད་བཏང་ཚེ་ཡི་གེ་རང་སྟེང་ནས་མ་དག་རྒྱུན་འབྱམས་དང། ཀློག་པ་པོར་ཡང་ཡིག་ནོར་འབྲི་ཞིང་ཀློག་པའི་བག་ཆགས་ངན་པ་འཇོག་རྒྱུར་ཐེ་ཚོམ་མེད་པས། ཕན་ལས་གནོད་ཆེ་བར་མཐོང།
མདོ་ལྷ་ཁམས་པ་ལ།
སྙན་ངག་དང་ཁ་སྐད་གཉིས་ལ་རྒྱང་ཐག་ལོས་ཡོད། སྙན་ངག་ནི་སྒྱུ་རྩལ་མཚོན་ཐབས་ཀྱིས་ལས་སྣོན་བྱས་པའི་ངག་ཁྱད་པར་བ་ཞིག་དང་ཡིག་སྐད་ཚད་མཐོན་པོ་ཞིག་ཡིན་པ་ལས། སྐད་ཆ་བཤད་ཤེས་མཁན་ཚང་མའི་ཁ་ནས་ཐོན་ཐུབ་པ་ཞིག་མ་རེད། དེ་ཁྱེད་ཀྱིས་ཀྱང་ལོས་ཤེས། ཁ་སྐད་ནི་མི་རང་རང་སོ་སོའི་རྒྱུན་སྤྱོད་ཀྱི་སྐད་བརྡ་སྟེ་ལུང་ཚན་གཞན་གྱི་མིས་མི་གོ་བའི་ལུང་སྐད་དང་ཡུལ་སྐད་དེ་རིགས་ལ་ཟེར་གྱི་ཡོད། ཁ་ནས་ཐོན་པའི་སྐད་ཙམ་ལ་ཟེར་གྱི་མེད།
ིམདོ་ལྷ་ཁམས་པ་ལ།
ཁྱེད་ཀྱིས་དང་པོར་རང་གི་མཆན་དུ་བྲིས་པའི་༼་ཞེན་རྒོག༽༼གདིང་ཚད་༽༼བརྗོད་བདེས་སྒོ་ནས་༽༼དངོས་གནས་བྱེད་ན་༽༼་བཤད་པ་རེ་བྱེད་ཡོད་པས་༽༼མི་འགྱུར་བས་ངེས་པ་མི་འདུག༽༼རང་གིས་ངེས་པར་མ་རྙེད་པས་བཟོ་འདུག༽ ༼བལྟས་ནས་བཞག་དགོས་༽ ཞེས་པ་འདི་ཚོ་ལ་བསྐྱར་ཞིབ་ཅིག་གནང་རོགས།
གཞན་ཡང། ༼འདི་(དགོང)ནི་མིང་ཡིན་པས་མིང་ལ་བྱ་ཚིག་ད་ལྟ་འབྲི་སྲོལ་མང་བས་བྲིས་པ་ཞིག་རེད་ཅེས་ཐག་ཆོད་པས་བཤད་ཆོག༽ ཟེར། དགོང་འདི་བྱ་ཚིག་གང་གི་ད་ལྟ་བ་ཡིན་ནམ། ཁུངས་མེད་རང་བཟོ་བྱེད་མི་རུང།
འཇིགས་མེད་བཀྲ་ཤིས་ཀྱིས་གོང་གི་འདྲི་བ་དག་ལ་བརྒྱབ་པའི་ལན་རྣམས་གསལ་པོ་འདུག ཀུན་ལ་ཕན་པ་ཆེའོ། མུ་མཐུད་དག་ཆའི་སྐོར་ལ་བརྩོད་གླེང་བྱས་ན་ཤིན་དུ་ཕན་པས། རབ་བྱུང་ན། འཇིགས་མེད་བཀྲ་ཤིས་ཉིད་ནས་དག་ཆའི་སྐོར་ལ་དྭོགས་འདྲི་བྱ་ཡུལ་གྱི་རྩོམ་ཞིག་སྤེལ་རོགས། དེ་ལ་ངེད་ཚོས་འདྲི་བ་དང་དྭོགས་འདྲི་བྱས་ན། མ་དག་པ་རྣམས་རིམ་བཞིན་གསལ་དུ་འགྲོ་ངེས།
ཐུགས་རྗེ་ཆེ། ཕོ་རྒོད་པོ་ཁྱེད་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག
ལ་སྟོད་བུས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ངས་གོང་དུ་བཤད་པ་ལྟར་དྲ་བདག་སོགས་ཀྱིས་ཡིག་ནོར་འབྲི་མཁན་རྣམས་འགོག་དགོས་ཟེར་གྱི་མེད། འབྲི་མཁན་སོ་སོའི་ངོས་ནས་ཡིག་ནོར་སྤོང་ཐབས་ལ་འབད་དགོས་ཟེར་གྱི་ཡོད། ཡིག་ནོར་བྲིས་པར་སྐྱོན་མེད་ཅེས་རང་གིས་ཡིག་ནོར་མེད་པ་ཞིག་འབྲི་མ་ཤེས་པའི་རང་མཚང་འགེབ་ཐབས་སུ་རྒྱུ་མཚན་ལྟར་སྣང་གཞན་ཞིག་བགྲང་བ་འདི་མི་བཟང་གི་ཟེར་གྱི་ཡོད། ཡིག་ནོར་ལ་སྣང་ཆུང་དང་གལ་ཆུང་དུ་བརྩིས་ནས་མང་དུ་སྤེལ་ན་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་འདི་མ་དག་པ་མང་པོས་ཁེངས་པ་ཞིག་ཏུ་འགྱུར་གྱི་རེད། འདི་མ་བཟོད་པ་ཡིན་ལགས།
༄༅། །རང་གི་སྐད་ཡིག་ལ་སྲུང་སྐྱོབ་ལྷུར་ལེན་པའི་གང་ཟག་འགས་མ་དག་པའི་ཡི་གེ་འབྲི་བ་ནི་ནོར་བ་ཐེངས་དངཔོ། དེ་ལ་རྒྱབ་སྐྱོར་བྱས་ནས་བརྡ་དག་མེད་ཀྱང་ཀློག་པ་པོས་གོ་འགྲོ་གི་རེད་ཅེས་བརྗོད་པ་ནི་ནོར་བ་ཐེངས་གཉིས་པ་སྟེ་སུན་འབྱིན་ཡང་དག་ལ་ལྟར་སྣང་དུ་གོ་བ་ཁྱོད་ནི་སླད་མར་བོད་ཡིག་ལ་ཐུགས་སྣང་རེ་མཆིས་ན་གཞི་རིམ་སློབ་གྲྭ་ནས་བརྩམས་ཏེ་སུམ་རྟགས་དག་གསུམ་གནའ་བོའི་རིགས་གཞུང་ལ་འདྲིས་འབྲེལ་ཕྲན་བུ་རེ་མེད་ན་མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ་རྩོམ་པ་དེ་ཁྱོད་ཀྱིས་སྐལ་བ་མ་གྱུར་པར་མངོན་པས་རེ་ཞིག་བཞག་ན་མི་ལེགས་སམ། གཟིགས་དང་ཀློག་པ་པོ་ཚོས་བོད་ཡིག་འབྲི་བ་ལ་བརྡ་དག་མ་འབྱོར་ཀྱང་མི་སྐྱོན་བའི་སྐྱོན་སྤོང་བྱེད་མཁན་ཁོ་ལྟ་བུས་བོད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ལེགས་པར་སོམས་ཤིག།།མ་གཞི་འདི་དང་འདི་འདྲའི་རིགས་སྔ་ནས་ཁོ་བོས་ཐོས་མྱོང་ལ་མཐོང་ཀྱང་མྱོང་སྟེ་སྤྱི་ལོ་༢༠༠༨་ལོར་ལ་དྭགས་སུ་མཁས་མང་འདུས་པའི་མདུན་སར་དགེ་བཤེས་ཞིག་གིས་འཛུམ་མཛུམ་གཉིས་ཁྱད་པར་ཅི་ཡང་མ་མཆིས་པའི་སྒྲུབ་བྱེད་ལ་སྒྲ་གདངས་གཅིག་པའི་ཕྱིར་ཟེར་བ་དང་རྡ་རམ་སར་འདུལ་བའི་བགྲོ་གླེང་སྐབས་རང་མིང་བློ་བཟང་འབོད་པའི་་དགེ་བཤེས་ཞིག་གིས་ཡིག་ཐོག་ཏུ་གློ་བཟང་ཞེས་བྲིས་འདུག་པ་མཐོང་ཚེ་བདག་གི་སེམས་ལ་འདི་ལྟ་བུ་ལ་ལྷ་རམ་པའི་མཚན་སུས་སྤྲད་དམ་སྙམ་ཞིང་ཡིད་གཏིང་ནས་མུག་པའི་སུན་སྣང་ཞིག་ཀྱང་སྐྱེ་མྱོང་། དེ་དང་དེ་འདྲའི་མང་ཚོགས་ཀྱི་ནང་དུ་ད་དུང་ཁྱོད་ཀྱིས་བརྡ་དག་དང་མི་ལྡན་ཡང་ཀློག་པ་པོ་ཚོས་གོ་ཐུབ་ན་འགྲིག་གི་རེད་ཅེས་ཧམ་བཤད་བྱས་ན་མ་འོངས་པ་ངན་པ་རྒྱུན་འབྱམས་སུ་འགྲོ་ངེས་པས་ཕྱིན་ཆད་དེ་ལྟར་མི་གསུངས་པར་ཞུ། ནོར་བ་སོ་སྐྱེ་ཀུན་ལ་ཡོད་མོད་ཀྱི།།
ནོར་བཅོས་བློ་ལྡན་དགྱེས་པའི་ལས་སུ་སེམས།།
བཅོས་མིན་གྲོགས་པོ་ཁྱོད་རང་ཐུགས་དགྱེས་ཡང་།།
བཅོས་ན་གཟུར་གནས་དགྱེས་པའི་ཕྲིན་ལས་ངེས། །ཅེས་ཀྱང་ཐལ་གཞན་ཡང་ཁྱོད་ཀྱིས་བཤད་པ་ལྟར་ན་གནའ་བོའི་རིག་གཞུང་ལ་ནང་བྱན་ཆུབ་པའི་སྐྱེས་བུ་དག་གིས་ཚིག་མཛོད་དག་ཡིག་སོགས་བརྩམས་ཏེ་བསྟན་རྒྱུན་བཞག་པའི་པོད་གྲངས་ལས་འདས་པ་དག་དགོས་མེད་དུ་འགྱུར་བ་མ་ཡིན་ནམ། དེས་ན་གཞན་གྱིས་བརྡ་དག་ནོར་བ་ངོ་སྤྲོད་ཚེ་ནོར་བ་ཁས་མི་ལེན་པར་ནོར་འཁྲུལ་སྔོན་འགོག་བྱེད་མཁན་ལ་བསམ་བློ་གུ་དོག་པའི་ལྟ་བ་བརྩིས་པ་ནི་ཆེས་ནོར་བ་ཐེངས་གསུམ་པ་སྟེ། དང་པོ་མ་དག་པ་འབྲི་མཁན་དེ་བརྡ་དག་ལ་བལྟ་བའི་མིག་བུ་མེད་ཐོག་ཁྱོད་ཀྱིས་ལོང་སྣ་ཁྲིད་ཁུར་བྱེད་པ་འདིས་བོད་གངས་ཅན་པའི་ཤིན་ཏུ་གཅེས་ནོར་སྲུང་སྐྱོབ་ཕར་ཞོག་མཐའ་གཡང་ས་འཇིགས་སུ་རུང་བ་ལ་ཁྱོད་དང་རིགས་འདྲ་རྣམས་ལྷུང་ལ་ཉེ་བས་གཟབ་འཚལ། ད་དུང་ཁྱོད་ཀྱིས་རང་ཚིག་སྔ་ཕྱི་འགལ་ཏེ་ཡར་རྒྱས་འགྲོ་དགོས་པ་ཁས་ལེན་བཞིན་དུ་ཡར་རྒྱས་འགྲོ་བའི་རྒྱུ་ཁས་མ་བླངས་པ་འགལ། ཐོག་མར་ནས་དག་ཆ་མི་ལྡན་ཀྱང་འབྲི་རྩོམ་གྱིས་འབད་བརྩོན་ལ་བརྟེན་ནས་ཡར་རྒྱས་འགྲོ་དགོས་པ་ཁས་ལེན་ཞིང་ཕྱིས་སུ་བྲིས་ཚར་བ་ལ་གཞན་གྱིས་ནོར་འདུག་ཅེས་བརྗོད་ཚེ་དེ་ཁས་མ་བླངས་ན་ཡར་རྒྱས་ཇི་ལྟར་འགྲོ། དེས་ན་འདི་འདྲ་སྨྲ་བ་རང་ཚིག་སྔ་ཕྱི་འགལ་བ་དཔལ་ལྡན་ཆོས་གྲགས་ཀྱིས་ཐུགས་ཐག་བཅད་ཟིན་པ་མ་ཚད་རྩོམ་རིགས་ནང་དུ་ཡང་འདི་ལ་དམིགས་བསལ་གཏན་ནས་མེད་པར་བཤད་འདུག་པས་སླད་མར་འདི་འདྲ་མི་གསུངས་བ་ཞུ། མདོར་ན་ངས་བཤད་པ་དེ་འཇིག་མེད་བཀྲ་ཤིས་ཀྱིས་གསུངས་པ་ལྟར་ཡི་གེ་འབྲི་སྐབས་གང་གཟབ་དང་གལ་སྲིད་ནོར་ཤོར་ཚེ་རང་གི་སྐྱོན་དང་། གཞན་གྱིས་སྐྱོན་བརྗོད་གནང་དུས་བློ་བསྐྱེད་དུ་བརྩི་རྒྱུ་བ་ལས་ལྡོག་ཕྱོགས་ལན་དུ་སྨྲ་བ་ག་ལ་རུང་།
ཡི་གེའི་དག་ཆར་དོ་སྣང་དགོས་ཞེས་གླེང་བ་ནི། ཚང་མས་ནོར་བ་འབྲི་མི་ཆོག་ཅེས་བཙན་བཀའ་བཏང་བ་ལྟ་བུར་ངོས་བཟུང་མི་རུང་། བོད་ཡིག་ནི་བོད་རིགས་ཀྱི་ཚེ་སྲོག་ལྟ་བུ་ཡིན་སྟབས། ཡི་གེའི་ནང་མ་དག་པ་མང་པོ་ཞིག་རིམ་པར་ཁྱབ་ན། བོད་ཡིག་དེར་ནད་ཡམས་འགོས་པ་ལྟ་བུ་འགྱུར་ཉེན་དུ་དོགས་ནས་གཞེན་སྐུལ་ཞུ་བ་ཙམ་རེད།
མ་གཞི་ནས་བོད་ཀྱི་ཡི་གེ་དེ་བཞིན་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུར་བརྩི་མཁན་ཞིག་ཡིན་ན། བོད་ཡིག་དེ་ཡང་དག་སྡེབ་དང་ཚིག་སྦྱོར་སོགས་གང་ཅིར་སྐྱོན་མེད་ཅིག་ཡོང་བར་རེ་བ་འཆང་བ་ནི། བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་བ་ཞིག་མ་རེད་དམ། འདི་ལྟར་ང་ཚོས་ཁྱོད་ཀྱི་ཁ་དང་ངའི་སྣ་ཞེས་རྩོད་དགོས་དོན་མི་འདུག་པས། དེ་དོན་ཡིད་འཇགས་ཀྱིས་ཡིག་འབྲུ་རེ་རེ་འབྲི་དུས་ཀྱང་། ཐུགས་གཟབ་གནང་སྟེ་འབྲི་རོགས་ཞེས་ཞུ་བར་ཐལ་ལོ།།
ཧྲ་གི ཧྲ་གི
བསམ་ཚུལ་ཚང་མ་ཞེ་གི་ཧྲ་གི ཧྲ་ནོ་ཅིག་མི་ཉན་གི
ཡག་མོ་རེད། ཡག་མོ་རེད།
བསམ་འཆར་ཡག་ལེ་གདའ།
དཔེ་རེད་ཤག
དགོངས་ཚུལ་ཀུན་ག་ལོ་ཧང་སངས་ཡག་རེད།
ཡིན་ན་ཡང་་་་རང་གིས་བྲིས་ཚད་དག་མོ་དང་་་གཞན་གྱིས་བྲིས་ཚད་མ་དག་པ་རེད་ཟེར་ན་་་་སེམས་ཤུགས་རྡོ་དང་ང་རྒྱལ་རི་ཆགས་འགྲོ་གི་རེད།
གཙོ་བོ་་་གོང་དུ་ཅིག་གིས་གསུང་བ་བཞིན་་་ག་མད་སུམ་བཅུའི་ཡི་གེ་འདི་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་དགོས་པ་དེ་ཡིན། ཐ་ན་གད་སྙིགས་ནང་དུ་མང་ཙང་མིག་གིས་མཐོང་རྒྱུ་བྱུང་ན་དེ་དུས་གཞི་ནས་བོ་ཡིག་གི་རླུང་རྟ་དར་གི་རེད། དེ་མིན་ཡིག་རྐང་ཁ་ཤས་ཅིག་་་མི་ཁ་ཤས་ཅིག་གིས་བྲིས་ཀློག་བྱེད་བསྡད་ན་་་བོད་ཡིག་ནི་བོད་མི་བྱིངས་དང་འབྲེལ་བ་ཇེ་རིང་དུ་སོང་ནས་མཐར་བོད་ཡིག་དང་བོད་པའི་བརྩེ་བ་བརླག་འགྲོ་གི་རེད།
ཟམ་གདོང་རིན་པོ་ཆེས་བཤད་ན་དེང་སང་གངས་སྐྱིད་ཁུལ་དུ་ཡིག་ནོར་བརྡ་ནོར་འབྲི་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་ཞིག་ཏུ་བརྩིས་ནས་དེ་ལ་སྲུང་སྐྱོབ་བྱེད་ཀྱིན་འདུག་ཟེར། ད་ཡིན་ན་གངས་སྐྱིད་ཀྱི་ར་བ་ལས་བརྒལ་ཏེ་དྲ་ཚིགས་སྟེང་ནས་ཀྱང་སྲུང་སྐྱོབ་བྱེད་ཀྱིན་འདུག་པས། མུ་མཐུད་འདི་ལྟར་སོང་ན་དཀའ་རྒྱུ་རེད་སྙམ།
ཡིག་ནོར་མང་པོ་ཡོང་བ་ནི་བདེན་པ་རེད།། སློབ་གྲྭ་དང་སློབ་དེབ་སོགས་ལ་སྒྱུར་བ་གཏོང་དགོས་འདུག ད་དུང་ཡིག་ནོར་གསར་པ་མང་པོ་ཞིག་ཡོང་བཞིན་གདའ། དེ་དག་ནི་ཡིག་སྒྱུར་དང་འབྲེལ་བ་ཡོད། དེས་ན། བློ་རྣལ་ལ་ཕབ་ནས་སྲིད་འཇུས་ལེགས་པོ་ཞིག་བཟོ་ཐུབ་ན་ཕན་པ་ཆེ།
མདོ་ལྷ་ཁམས་པ་ལ།
གོང་གི་མཆན་ཨང་ ༢༦ པ་ནི་གཙང་ཁའི་བུ་ལ་ལན་དུ་བྲིས་པ་ཡིན་ནའང་ཁྱེད་ལ་བྲིས་པ་བྱས་འདུག དེ་ང་ནོར་བ་རེད། དགོངས་དག་ཞུ། འོན་ཀྱང་མཆན་ཨང་ ༣༡ པའི་ནང་ཁྱེད་ཀྱིས་ཆེད་དུ་གཉེར་ནས་ཁ་སྐད་ཐོག་བྲིས་འདུག ཡིག་སྐད་ཐོག་འབྲི་མ་ཤེས་ན་ཁག་མི་འདུག ཤེས་བཞིན་དུ་དེ་འདྲ་བྱས་ན་རང་་གི་སྐད་ཡིག་རང་གིས་བརླགས་པ་མ་རེད་དམ། དེ་འདྲ་བྱས་པས་ང་རང་ཚོ་ཐུན་མོང་གི་སྲོག་རྩ་སྐད་ཡིག་ལ་གནོད་པ་ལས། ང་རྐྱང་པ་ལ་ནི་དམིགས་བསལ་གནོད་རྒྱུ་གང་ཡང་མེད་དོ།།
མདོ་འདུམ་ཚང་གིས་གསུང་བ་དེར་བསམ་བློ་དགོས་ས་མང་པོ་འདུག་་ང་ཚོས་བོད་ཡིག་ཤེས་པའི་རྩོམ་པ་པོ་ཞིག་དགོས་པ་རེད་ཟེར་གི་ཡོད་པ་མ་རེད་།ཡིན་ན་་སྤྱིར་བཏང་གིབོད་ཡིག་གི་་དག་ཆ་མི་ཤེས་པ་ཞིག་གིས་ད་སྐབས་ཀྱི་བཀའ་ཁྲིའི་གནད་འགག་འདིར་ཐོལ་བྱུང་དུ་བོད་ཡིག་ནང་རྩོམ་ཡིག་ཤར་མར་སྤེལ་ན་དེ་མི་གཤིས་ཀྱི་གནད་དོན་ཞིག་ཅི་ལ་མིན།ང་ཚོར་མཁོ་བ་བཀའ་ཁྲི་རྣལ་མ་ཞིག་ལས་སྲིད་འཚོང་བ་ཞིག་གཏན་ནས་མིན་ལ།་མ་འོངས་པའི་བཀའ་ཁྲི་དེ་ཆེས་གནད་འགག་གི་དུས་ཤིག་ལ་འཁེལ་རྒྱུ་ཡིན་པ་སྨོས་མེད་བཞིན་ང་ཚར་་ཚོད་ལྟ་བྱས་ནས་འདུག་པའི་དུས་ཚོད་མེད་།དེ་མིན་སྦྲ་ནག་ཚང་གི་བཤད་པ་དེའང་ཉན་ཤེས་ནི་ཞིག་གིས་ཉན་ན་བསམ་གཏོང་རྒྱུ་མང་པོ་འདུག་་བསམ་མཚམས་ང་ཚོས་དོན་དག་གང་ཡིན་ཡང་སྙིང་དོན་ཟབ་མོར་གོ་བ་མི་ལོན་པའང་མི་ལེན་པར་སོ་སོའི་སྒེར་གྱི་བསམ་བློའི་ཕྱོགས་ཞེན་གྱིས་འགྲོ་གི་འདུག་་གལ་སྲིད་ཚང་མས་བོད་ཀྱི་མ་འོངས་པར་བསམ་བློ་ཞིབ་མོ་གཏོང་གི་ཡོད་ན།ད་ལྟ་གཏོང་རན་དང་བཀའ་ཁྲི་མ་ནོར་བ་འདེམས་པའི་དུས་རེད།ང་ཚོ་ནམ་ཡང་ཁ་གཡང་ཞིག་གི་ཁྲོད་མགོ་ཉོག་མི་ཐེབས་པར་བསམ་བློ་ཞིབ་མོ་གཏོང་དགོས་།བཀའ་ཁྲི་འདེམས་ཁ་གཡང་སྒྲོག་ཙམ་མ་རེད་རང་མོས་ྶྙན་ངག་འབྲི་བ་བཞིན་མ་རེད།
ཨ་ལེ་་་རེད་པས། འཇིགས་མེད་བཀྲ་ཤིས་ལགས།
ཁྱེད་ཀྱི་མཆན་ཨང་༣༤ པ་དེར་ཧང་མི་སངས་རང་སངས་རེད་ཤག གང་ཡིན་ཟེར་ན། ཁྱེད་ཀྱིས་འདི་ལྟར་གསུངས་ཡོད་གི ༼ ཆེད་དུ་གཉེར་ནས་ཁ་སྐད་ཐོག་བྲིས་འདུག དེ་འདྲ་བྱས་ན་རང་གི་སྐད་ཡིག་རང་གིས་བརླག་པ་མ་རེད་དམ་ ༽ཟེ་ཟེར།
ཁྱེད་ཀྱི་ཚིག་འདི་ལ་བསམ་བློ་ཞིག་བཏང་ན་ཕལ་ཆེར་་ཡི་གེ་ཟེར་བ་གང་ཡིན་དང་། ཡི་གེའི་བྱེད་ལས་ཅི་ཡིན། ཡི་གེ་གི་མཚན་ཉིད་སོགས་ལ་རྒྱུས་ཡོད་ཅིག་མིན་པའི་ཟོལ་མངོན་འདུག
ཡིན་ན་ཡང་ཁྱེད་ཀྱི་སེམས་ཤུགས་ཁ་སྔོན་ནས་ཁས་བླངས་ཡོད།
དོན་གནད་གཙོ་བོ་སྐད་ཟེར་བ་དེ་དང་ཡི་གེ་ཟེར་བ་དེ་གཉིས་ར་སྤྲོད་ལེགས་ཙམ་བྱུང་ན་གཞི་ནས་སྐད་ཡིག་ལ་དག་བཅོས་བྱེད་པ་དོན་སྙིང་ཡོང་བཟོད་འདུག
སྤོ་མ་ལངས། འབྲི་རྒྱུ་མང་རུང་སང་ཞོགས་སྔ་བོ་ནས་ལས་འགྲོ་དགོས་པས་ད་མ་ཉལ་ན་ཞོགས་ཀས་ལངས་ཐུབ་ས་མ་རེད། སང་ཉིན་མཇལ་ཡོང་། གཟིམ་འཇགས་གནང་རོགས།
ཁ་ཤས་ཀྱིས་དྲ་རྒྱ་ནི་རང་གི་བོད་ཡིག་ཆུ་ཚད་ངོམས་སུ་སྟེགས་བུ་ཞིག་ཏུ་འདོད་ནས་འབྲི་བཞིན་ཡོད་ལ། ཁ་ཤས་ཀྱིས་རང་གི་རྣམ་དཔྱོད་ངོམས་སར་བཀོད་བཞིན་ཡོད། ཁ་ཤས་ཀྱིས་རང་གི་བསམ་ཚུལ་གཞན་དང་གོ་སྡུར་བྱ་ཆེད་ཡིན་ལ། ཁ་ཤས་རང་གི་སྦྱང་བའི་བོད་ཡིག་གི་གནས་ཚད་བརྗེད་ཡུལ་དུ་མི་འགྲོ་ཆེད་དུ་རེད། ཁ་ཤས་ཀྱིས་རང་གི་ལྟ་ཚུལ་རིགས་མཐུན་རྣམས་ལ་བཤད་ཆེད་ཡིན་ལ། ཁ་ཤས་ཀྱིས་རང་གི་བོད་ཡིག་གི་གནས་ཚད་ཡར་རྒྱས་ཡོང་ཆེད་ཡིན། ཁ་ཤས་ཀྱིས་ཞེན་ཁོག་གིས་བོད་ཡིག་བེད་སྤྱོད་བྱེད་པ་སོགས་མང་པས་བགྲོད་ལམ་གཞན་རྣམས་མི་འགོག་རྒྱུའི་རེ་བ་ཡོད། ཁོམ་པ་ཡོད་ན་དེ་དག་ལ་སློབ་སྟོན་གནང་བའི་རེ་བ་ཡོད། ཁ་ཤས་དགེ་རྒན་གྱི་ཚུལ་དུ་ཕེབས་ནས་བོད་ཡིག་གི་གནས་ཚད་ཞན་པ་རྣམས་ལ་སློབ་སྟོན་གནང་བའི་སྨོན་ལམ་ཡོད།
ཡིག་ནོར་འབྲེི་མཁན་ནམ། བོད་ཡིག་གི་དག་ཆ་ཡག་པོ་མ་མཁྱེན་པ་ཚོས་ད་བཟུང་གང་ཐུབ་ཀྱིས་སྨོན་ལམ་ཚིག་མཛོད་བེད་སྤྱོད་གནང་ན། རང་བཞིན་གྱིས་ང་ཚོའི་དཀའ་ངལ་འདི་དག་རིམ་པར་སེལ་ཐུབ་ངེས་རེད།
ད་དུང་གཅིག་གིས་གཅིག་ལ་ང་བདེན་ཁོ་རྫུན་གྱི་རྩོད་གཞི་དེ་ཚོ་ཡང་འཇའ་ཡལ་བ་ལྟར་འགྲོ་ངེས་རེད།
སྨོན་ལམ་ཚིག་མཛོད་བེད་སྤྱོད་གནང་ན་ཁྱེད་ཀྱིས་དག་ཡིག་དགེ་རྒན་ཞིག་བསྟེན་པ་དང་གཅིག་པ་རེད།
དེ་དོན་ཐུགས་ལ་ཞོག་དང་།།
དཀོན་ཅོག་མཁྱེན་ཡ།
བསེ་རུས་གསུང་སྙན་པོ་ཞིག་རི་སུལ་ནས་བསྒྲགས་སོང་།
ཐུགས་ཆེད་གནང་།
དག་ནོར་འབྲི་མཁན་ཚོས་སྨོན་ལམ་ཚིག་མཛོད་ཕབ་ལེན་གནང་སྟེ་ཡིག་ནོར་གྱི་འབྲི་རྒྱུན་དེ་ཇེ་ཉུང་དུ་གཏོང་ཐབས་གནང་རོགས། །