གཡུ་དྲུག་དཀར། རྡ་ས།
ཕ་ཡུལ་གསེར་མོ་ལྗོངས། རིགས་ཀྱི་ཁྱེའུ་བཙས་པའི་མ་ཁོག་ཡངས་བོ། ལོ་རྒྱུས་ཀྱི་སྐྱིད་སྡུག་རེས་ཀྱིས་མྱོང་བའི་ཕ་སྙིང་གསོན་པོ། ཁྱེད་ཀྱི་པང་ན་ལྷམ་མེར་ལྷན་ནེར་ཤ་ཁྲག་གདོས་གཟུགས་ཀྱི་ཕུང་བོ་རུ་གྲུབ་པའི་མི་བུ་གསོན་པོ་དེ་དག
ལྟོས་ཚོད་ལ་ཕྲུ་གུ་ཆུང་ཆུང་འདྲ་ཡང་། རིགས་ཀྱི་མྱུ་གུ་ཡིན་པའི་མངོན་མཐོང་གི་ལྟད་མོ་བསྟན་སོང་། ཕ་མ་སུ་ཞིག་གི་སྙིང་གི་ཚིལ་ལུ་ཡིན་ཡིན་པའི་ཁོང་ཚོ་ཅག་གིས། ཕྱི་ཁྲ་ཁྲ་ཡིན་ལ་ནང་ཡང་ཁྲ་ཁྲ་ཡིན་པའི་དཔེ་ཁུག་ཆུང་ཆུང་རེ་རྒྱབ་ལ་ཁུར་བ་འདྲ་ཡང་། རིགས་ཀྱི་ས་བོན་སྙིང་ལ་བཏབས་པའི་མངོན་རྟོགས་ཀྱི་ཀི་སྒྲ་གནམ་ལ་ཁྱབ་སོང་།
ཞོགས་ཉི་ཡིས་ནེམ་པའི་གཞུང་ལམ་སྟེང་ནས་བཙན་པོའི་རུ་དཔུང་བཞིན་བཞུར་ཡོང་བའི་དཔུང་སྣ་མཐོང་དུས། སྔར་གྱི་ཙོང་ཁའི་སྐྱེས་རི་ལྟ་བུའི་ལོ་རྒྱུས་ཀྱི་མཐོ་ས་རུ། བསྟན་པའི་མེ་རོ་སྨད་ནས་གསོས་ཞེས་གསོན་སྙིང་ལྷེམ་ལྷེམ་བྱེད་བཞིན་ཐུར་དུ་དཔྱངས་པའི་ཡིག་འབྲུ་འདི་དག་ལྷང་ངེར་མིག་ལམ་དུ་འཁོར་ལ། ལ་རྒྱ་དང་གདེང་སྤོབས་ཀྱིས་ཕྱུག་པའི་ལང་ཚོའི་རང་སྣང་ཞིག་ཀྱང་མངོན་པར་གསལ་ཡོང་མོད། ལོ་རྒྱུས་དེ་དེ་ཁོ་ན་ཙམ་མིན་པར། བསྟན་པའི་མེ་རོ་སྨད་ནས་གསོས་ཏེ་སྟོད་ནས་འབར་ཞེས་གྲགས་པ་དེ་ཡང་། ད་ནི་ལོ་རྒྱུས་དེ་དེ་ལྟར་བསྐྱར་ལོག་རྒྱག་ཐུབ་པའི་དཔའ་སྙིང་སུ་ལ་ཡོད་ཨང་།
སྙིང་རྗེ་བའི་ཁུ་ཚུར་ཆུང་ཆུང་རེའི་དཔའ་དར་་གནམ་ལ་འཕྱར་བཞིན་སྲིད་གཞུང་གི་སྒོ་ཁར་གཏུགས་དུས། མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་གི་འབོད་སྒྲའི་འགྱུར་ཁུགས་ཀྱིས། བདག་གི་རྣམ་ཤེས་ད་དུང་དྲོད་ཡལ་མེད་པའི་གནམ་བདེའི་སྒོ་མོ་ཆེ་ཡི་ཐང་ཆེན་དུ་དམར་པོ་ཁྲག་གིས་བྲིས་པའི་ལོ་རྒྱུས་ཀྱི་སྒོ་ཐེམ་དུ་དྲངས་ཤིང་། འཇིགས་དངངས་ཀྱི་རི་མོ་རེ་རེ་བཞིན་སེམས་ལ་བརྫངས་པས། གནས་ལུགས་དང་བདེན་པ་གང་ཡང་མི་བརྩི་བའི་ཁོ་པ་ཚང་གི་སྡུག་གཤིས་དེ་ཡིད་ལ་འཁོར་བཞིན། མི་ལོ་བཅུ་ཕྲག་གཉིས་ཀྱི་སྔ་རོལ་གྱི་སྐྱོ་གར་དེ་སླར་ཡང་མི་འབྱུང་བའི་ཡིད་ཆེས་སུ་ལའང་མེད་སོང་པས། སྙིང་དམར་པོ་ཚལ་བར་འགས་ལ། མིག་ལྕིབས་ཀྱིས་མི་ཁོག་པའི་མཆི་མ་བྲང་གཞུང་ལ་འཁྱག་སིབ་སིབ། གྲང་ཤུར་ཤུར་འབབ་ཡོང་།
འདི་ལྟར་མདུན་མཆོང་གི་སྤོབས་པ་གཅིག་ལས་གཅིག་མཐོ་བའི་གྲལ་བསྟར་རིང་བོར་ལྟ་བཞིན་ལྟ་བཞིན། སྔོན་གཤེགས་སྐྱེས་ཆེན་དག་གི་རིགས་ཀྱི་མགྲིན་ངག་མཐོན་པོ་ལས་བརྡོལ་བའི་ལང་ཚོའི་རྦབ་ཆུ་ཟེར་བ་དང་འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་ཀྱིན་པའི་སྙིང་གསོན་པ་ཞིག རྔ་ཆེན་རོལ་དབྱངས་སོགས་ཀྱི་དབྱངས་འགྲོས་སེམས་ནས་བཞུར་ཏེ་ངག་ལས་བརྡོལ་ལ། རང་གི་ཁུ་ཚུར་གྱི་ལྗིད་ཚད་ཅིག་ཀྱང་ཕྲག་གོང་ལ་ངང་གིས་འབབ་པས། རིགས་ཀྱི་མྱ་གུ་འཁྱོངས་འདུག་པའི་ཕ་ཡུལ་ལ་སྙིང་ནས་བཀའ་དྲིན་ཞུ་འདོད་ལ།
རང་གི་རྐེ་རྩ་བསྡམས་པའི་ཉེན་ཁ་ལ་གདོང་གཏུགས་པའི་པར་རིས་དག་འཕྲོ་རིམ་འཕྲོར་མིག་མདུན་དུ་བཀྲམས་ཡོང་དུས། རང་ལའང་ཉེན་བརྡ་ཞིག་ཕོག་པའི་གོ་བ་སེམས་ལ་སྦྱར་ན། ཕྱི་ཁྲ་ཁྲ་འདྲ་ལ་ནང་རྡུལ་གྱིས་ཟིན་པའི་རང་གི་ཁོར་ར་ཁོར་ཡུག་ཀུན་ཏུ། གོ་ལོ་ཐོས་ལོ་དང་མཐོང་ཚུལ་སྣང་ཚུལ་གྱི་འོབ་ར་ཞིག་སྔར་ནས་ཡོད་པ་དེ་བཞིན། དེ་རིང་ཡང་ར་སྐོར་དེའི་ནང་རོལ་ནས་བསྐོར་བ་བརྒྱག་རྒྱུ་ཡིན་པ་མྱོང་བས་གྲུབ་པས། ས་འདི་ནས་ཡོད་ཚད་རང་གི་སེམས་ཀྱི་ཚོར་བ་ཙམ་ལས་ཅི་ཡང་མིན་པར་འདོད། ས་འདི་རུ་བོད་ཡིག་ཉམས་མི་སྲིད།། བོད་སྐད་འཇིགས་མི་སྲིད།།པའི་དམ་བཅའ་སུ་ཡི་སྙིང་ན་ཡོད་ཨང་།
བདེན་པ་རེད། དོན་གནས་ཀྱི་བསྔགས་པ་རང་རེད། སེམས་གཏིང་ནས་ཁོང་ཚོར་གུས་འདུད་ཞུ་བཞིན་ཡོད་ལགས།