ཨེ་མ་ཧོ། །
གསལ་བྱེད་བྱང་ཆུབ་སེམས་དཔའ། །
དབྱངས་ཡིག་བྱང་ཆུབ་སེམས་མ། །
ཐབས་ཤེས་ཟུང་དུ་འཇུག་པས། །
བརྡ་སྤྲོད་དགོངས་པ་རྟོགས་སོང་། །
ཀ་ཁ་ག་ང་ཤེས་ན། །
ཀ་བ་ཁ་དོག་ཡོད་མེད། །
ག་ས་གང་ནས་རྙེད་ཚུལ། །
ང་ཚོས་བལྟས་ན་ཤེས་ཡོང་། །
ཅ་ཆ་ཇ་ཉ་ཤེས་ན། །
ཅ་ལག་ཆ་རྒྱུས་ཡོད་མེད། །
ཇ་ཁང་ཉ་བ་གར་ཡོད། །
ཉ་ཉོག་མི་དགོས་ཤེས་ཡོང་། །
ཏ་ཐ་ད་ན་ཤེས་ན། །
ཏ་ཐ་ག་ཏའི་སྙིང་པོ། །
ཐ་དད་རབ་འབྲིང་ཁྱད་པར། །
ན་རྒས་འཆི་བ་ཤེས་ཡོང་། །
པ་ཕ་བ་མ་ཤེས་ན། །
པ་ཏྲ་རི་མོ་བཟང་ངན། །
བ་མར་མངར་སྐྱུར་བྲོ་བ། །
མ་ལུས་ཇི་བཞིན་ཤེས་ཡོང་། །
ཙ་ཚ་ཛ་ཝ་ཤེས་ན། །
ཙ་ར་འབྱུང་ཁུངས་ཡོད་མེད། །
ཚ་གྲང་ཛ་དྲག་ཆེ་ཆུང་། །
ཝ་ལེར་སེམས་ལ་ངེས་ཡོང་། །
ཞ་ཟ་འ་ཡ་ཤེས་ན། །
ཞ་ར་ཟ་རྔམ་ཡོད་མེད། །
འ་ཅག་སྐྱིད་སྡུག་དྲག་ཞན། །
ཡ་ཀླད་རིག་པ་སྐྱེ་ཡོང་། །
ར་ལ་ཤ་ས་ཤེས་ན། །
ར་བ་ལ་ལུང་གང་ཡིན། །
ཤ་ཚའི་ས་ལམ་ཡོད་མེད། །
ར་ལུག་ཁྱད་པར་ཤེས་ཡོང་། །
ཧ་ཨ་མིང་དོན་ཤེས་ན། །
ཧ་གོ་དོན་རྟོགས་ཡོད་མེད། །
ཨ་ལ་ཀུ་རེ་ཡིན་མིན། །
ཧ་ལམ་ཨ་དོན་རིག་ཡོང་། །
ཨི་ཨུ་ཨེ་ཨོ་ཤེས་ན། །
ཨི་ལྡན་ཕྲད་རྣམ་ཡོད་མེད། །
ཨུ་ཚུགས་རྒྱག་པ་ཨེ་ཡིན། །
ཨོ་ཟོབ་མིན་པར་ཤེས་ཡོང་། །
གསལ་བཤད་ཚིག་སྦྱོར་ཤེས་ན། །
མགོ་འདོགས་དབྱངས་ཀྱི་རྣམ་གྲངས། །
མིང་དོན་བརྡ་སྤྲོད་རིག་པ། །
བོད་ཡིག་ལས་ལྷག་མི་འདུག །
དེ་ལྟར་དབྱངས་གསལ་སོ་བཞིས། །
གླུ་བྲོ་དབང་མེད་ཤོར་ཐལ། །
རྩ་རླུང་སེམས་ལ་གྲུབ་བའི། །
བག་ཆགས་བཟང་པོ་ལོས་ཡིན། །
ཨེ་མ་ཀ་ཁ་ཤེས་ན། །
འཁོར་འདས་བརྡ་སྤྲོད་མེ་ལོང་། །
བོད་ཡིག་ལས་ལྷག་མེད་པར་། །
ངེས་ཤེས་ཁོ་ཐག་ཆོད་སོང་། །
འོན་ཀྱང་ཉམ་ཆུང་བཙན་པོས། །
ཀ་ཁའི་བླ་སྲོག་བཅོམ་ཐལ། །
ཏང་ཡན་གཞི་བྱེས་འགའ་རེ། །
དེ་ཡིས་རྗེས་སུ་རྒྱུག་འདུག །
ཀྱེ་མ་སྤུན་ཟླ་མིང་སྲིང་། །
ཚེ་རབས་ལས་ཀྱིས་འབྲེལ་བས། །
ཤི་བྲལ་བྱུང་ན་མ་གཏོགས། །
གསོན་བྲལ་བྱེད་འདོད་མི་འདུག །
ཅི་དྲན་དུ་ཤྲྰིས་སོ། །
ཀ་མིག་སུམ་ཅུའི་བྱ་བར།
ངོ་མ་སེམས་ཁུར་ལོས་བྱེད།
རྒྱ་དམར་བཙན་རང་དྲགས་ཀྱང༌།
སྲོག་བཅོམ་ནུས་པ་མེད་དོ།
འཇམ་དབྱངས་གོང་མའི་སྤྲུལ་ས། །
ནག་ཕྱོགས་མུན་ཁྱབ་རྒྱ་གཞུང་། །
བོད་ཀྱི་ཆོས་ལ་འཇིགས་ནས། །
ཀ་ཁ་ལ་ཡང་ཞེ་ལོག །
རྒྱ་ནག་རི་བོ་རྩེ་ལྔའི་། །
ནང་ཆོས་དད་པའི་རྒྱ་རིགས། །
མུན་གསལ་ཆོས་དད་དཀར་མདངས། །
ཤར་རིའི་རྩེ་ནས་ཤར་བགྱིད། །
བོད་ལ་བོད་རིགས་མང་དགོས། །
བོད་ནང་བོད་སྐད་དར་དགོས། །
རྒྱ་ནང་རྒྱ་སྐད་དར་ལྟར། །
རྒྱ་རིགས་ཆོས་དད་དར་དགོས། །
རྒྱ་རིགས་བོད་རིགས་འདྲ་མཉམ། །
རྒྱ་སྐད་བོད་སྐད་འདྲ་མཉམ། །
མི་རིགས་འདྲ་མཉམ་བྱུང་ན། །
མཐུན་ལམ་འདྲ་མཉམ་ཡོང་བ། །
ཀ་ཁ་ག་ངའི་སྦྱོར་ཀློག་མ་ཤེས་སྔོན།
ABCDསྦྱང་བའི་མདོ་མེད་ང་།
ཀ་ཁ་ད་གཟོད་མཐོང་སོང་། །
ཁ་བརྡ་བཤད་ཁོམ་མེད་ཁུ། །
ག་ན་ཕེབས་སོང་མཁན་ཆེན། །
ང་ལ་སྤྱན་རིས་གཡར་རོགས། །
ཨེ་མ་ཧོ།།
ཀུན་ལ་དག་སྣང་མཇལ་བ་ཉིད། །
ཀུན་བཟང་རྒྱལ་བའི་དགོངས་པ་ཡིན། །
ཀུན་རྫོབ་ཡང་ལོག་མ་ཤེས་ནས། །
ཀུན་ཀྱང་ཐ་སྙད་འཁྲུལ་བས་བསླུས། །
ཀ་དག་ཀུན་ཏུ་བཟང་པོ་ལ། །
ཁ་སྦྱོར་ཡོན་ཏན་ཀུན་རྫོགས་པས། །
ག་བུར་དབང་པོའི་བཞིན་རས་བཞིན།།
ང་ཚོའི་སེམས་ཀྱི་སྙིང་པོ་ཡིན། །
ཅ་ཅོ་དགའ་བའི་ཅོལ་ཆུང་དང་། །
ཆ་ལུགས་འདྲེས་པའི་ཕྱི་ནང་པ། །
ཇ་འཐུང་ངོ་དགའི་གྲོགས་པོ་དག།
ཉ་ཉོག་གཏམ་ལས་གཞན་དུ་ཅི། །
ཀ་ཕྲེང་སྐད་ཡིག་སྙིང་བཅང་མ།
ཀ་ཁ་སྦྱོངས་དང་བོད་ཕྲུག་ཚོ། །
ཁ་དཔེ་བོད་ཀྱི་གཏམ་དཔེ་ལ། །
ག་ས་ག་ནས་ཡིན་པ་དང་། །
ང་དང་ང་ངོ་འཕྲོད་ཕྱིར་དང་། །
ཅ་ལག་ལྷ་ལྟར་ཡོད་པ་ལ། །
ཆ་འཇོག་འདྲེ་ཡིས་བཟུང་དགོས་ལྟར། །
ཇ་ཆང་འབོད་པའི་སྐད་ནོར་འདི། །
ཉ་ཉུང་མ་བསྲེས་དག་པར་ཤོད། །
ཏ་ཐ་ད་ན་མ་བྱང་སྔོན། །
ཐ་སྙད་སྣ་ཚོགས་སྨྲ་ལ་རེམས། །
ད་ལྟའི་དུས་ཀྱི་ན་གཞོན་ཚོས། །
ན་ཚོད་མ་ལོང་སྐད་མང་སྨྲ། །
པ་ཕ་ཨ་མའི་བོད་སྐད་ལ། །
ཕ་མ་མེད་པའི་བོད་ཕྲུག་དང་། །
བ་མ་རྟ་ཡི་བུ་ཕྲུག་གམ། །
མ་མ་གཞན་གྱིས་གསོས་ལྟར་སྨྲ། །
ཙ་རི་བསྐོར་ལྟར་ངར་སེམས་དང་། །
ཚ་རོངས་གནས་བསྐོར་འགྲོ་བ་ལྟར། །
ཛ་རི་ལ་ལུང་བརྒལ་དགོས་ཀྱང་། །
ཝ་ལྟར་འགྱིད་ལུག་མ་ཡིན་པར། །
ཞྭ་ལྟར་བཀུར་འོས་བོད་སྐད་འདི། །
ཟ་མ་བཟའ་མཚུངས་རྒྱུན་སྤྱོད་དགོས། །
འ་ཆད་འུ་ཐུག་ངལ་གྱུར་ཀྱང་། །
ཡ་མཚར་ཡ་མེད་བོད་སྐད་རྒྱོབས། །
ར་མ་ལུག་གི་སྐད་མང་ཤེས། །
ལ་ལ་ལུག་ལྟར་བོད་སྐད་རྨོངས། །
ཤ་ཞེན་ཡོད་ན་བོད་སྐད་འདི། །
ས་གནམ་བར་ལ་རླུང་ལྟར་སྒྲོགས། །
ཧ་ཅང་ཐལ་བའི་ཚིག་རྩུབ་ཀྱང་། །
ཧ་གོ་དོན་ཤེས་བྱ་ཕྱིར་སྨྲས། །
ཨ་མ་བོད་མོ་ཡིན་པ་དང་། །
ཨ་ཕ་བོད་ཕོ་ཡིན་ལ་གདམས། །