ཟླ་བ་གཞོན་ནུ།
————–
ཀ་དྲང་སྨྱུ་གུ་སོར་མོའི་རྩེར་འཆང་ནས།།
ཁ་ནས་མ་སྤོབས་ཁོག་ན་གདུ་བའི་ཚིག།།
ག་ལེར་དཀར་འཇམ་ཤོག་བུ་ཡངས་པོའི་ངོར།།
ང་ཡིས་བྲི་རྒྱུ་མ་གཡེང་དལ་གྱིས་གཟིགས།།
ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།།
ཆ་ལུགས་ཞི་དུལ་གནས་ལའང་འབད་མཛད་མ།།
ཇ་ཁའི་བྱད་བཞིན་མིག་གི་རྒྱན་གྱུར་བའི།།
ཉ་མ་ཁྱེད་འདྲ་བདག་གི་སེམས་རྐུན་ཉིད།།
ཏ་འདྲའི་ཀུག་ཀྱོག་སེམས་པས་ཀུན་ནས་དབེན།།
ཐ་མལ་མི་ཡི་ཅོད་པནའང་བདག་ལ་མེད།།
ད་ལྟ་ཡ་ཆུང་དམར་པོ་བསྟན་པ་ལ།།
ན་མཉམ་ཁྱེད་རང་ཐེ་ཚོམ་བྱེད་དགོས་མེད།།
པ་སངས་ལྟ་བུའི་སེམས་ལྡན་བུ་ཆུང་ང་།།
ཕ་མ་གཉེན་ཉེ་ཡུལ་གྱིས་བསྐལ་བ་ཡི།།
བ་གླང་ལྷ་རུ་བརྩི་བའི་རྒྱལ་ཁམས་འདིར།།
མ་ཁྱེད་ད་རེབ་ཐུག་པ་སྔོན་བསགས་ལས།།
ཙ་རིའི་གནས་འདིར་འཚོ་བའི་ཐབས་རྡུགས་ཤིང་།།
ཚ་གྲང་འགྱུར་བག་རྒོད་པས་གནས་དཀའ་ལ།།
ཛ་དྲག་ཉེན་ཚབས་དུས་ལ་སླེབས་གྱུར་ཀྱང་།།
ཝ་མ་ཝོ་ལ་ཁྱེད་རང་གཏོང་འདོད་མེད།།
ཞ་གོས་ལྷམ་སོགས་འཚོ་བའི་ཉེར་སྤྱོད་དང་།།
ཟ་འོག་གོས་ཀྱིས་ཁྱེད་ཉིད་མི་བསླུ་བར།།
འ་འུར་མི་ཆེ་རྣལ་མའི་བྲོ་དང་ལྷན།།
ཡ་ཆུང་ཁོག་གི་སྙིང་འདི་ཁྱེད་ལ་འབུལ།།
ར་རི་དྲི་མས་བཏང་བའི་སེམས་པ་འདི།།
ལ་ལས་བཅོས་མའི་མདངས་སུ་མཐོང་སྲིད་ཀྱང་།།
ཤ་རུས་གསེང་ལས་ལུད་པའི་སོན་ཡིན་པས།།
ས་ལ་མ་ཡིན་ཁྱེད་ཀྱི་སྙིང་ལ་ཐོབས།།
ཧ་ལོའི་མེ་ཏོག་ལྟ་བུར་མཛེས་པ་ཡི།།
ཨ་རོགས་བུ་མོར་འགྲོགས་པའི་སེམས་ཡོད་ན།།
ཧ་ཅང་དམར་པོའི་སེམས་པ་ཆུང་ཆུང་འདི།།
ཨ་མདོ་བུ་ལ་འཇལ་བའི་ཐོག་མའི་སྐྱེས།།
༠༧ ༢ ༢༢ ལ།