(དམངས་ཁྲོད་ཀྱི་བཟོ་བཅོས་པར་གཞི། བསམ་འཆར་བསྡུ་ལེན་གྱི་ཡིག་ཆ།)
༢༠༠༨ལོའི་ཟླ་༡༢བའི་ཚེས་༢༣ཉིན་བཟོ་བཅོས་བྱས།
འབྲོག་མྱིས་བསྒྱུར།
————————
ད་ལོ་ནི་རྒྱ་ནག གི་རྩ་ཁྲིམས་འགོ་བཙུགས་ནས་ལོ་བརྒྱ་ཐམ་པ། ༼འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ༽འགྲེམས་སྤེལ་བྱས་ནས་ལོ་དྲུག་ཅུ་ཐམ་པ། ༼དམངས་གཙོའི་རྩིག་པ༽བལྟམས་ནས་ལོ་སུམ་ཅུ་ཐམ་པ། རྒྱག་ནག་གཞུང་གིས༼མི་སེར་གྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་རྒྱལ་སྤྱིའི་སྤྱི་ཆིངས༽ལ་མོས་མཐུན་མིང་རྟགས་བཀོད་ནས་ལོ་བཅུ་ཐམ་པ་སོན་པའི་དུས་རེད། དུས་རྒྱུན་རིང་བོའི་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་དང་ཀྱག་ཀྱོག་དཀའ་སྡུག་ཅན་གྱི་རྒོལ་རྩོད་བརྒྱུད་རིམ་གྱི་རྗེས་སུ། གོ་རྟོགས་སད་པའི་རྒྱ་ནག་མི་སེར་ཚོས་ཉིན་མ་རེ་རེར་གསལ་ཞིང་དག་པའི་ངང་ཤེས་རྟོགས་བྱུང་བ་ནི། རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་བ་མིའི་རིགས་ཀྱི་གཅིག་མཚུངས་ཀྱི་ཡོངས་ཁྱབ་འཇིག་རྟེན་རིན་ཐང་ལྟ་ཚུལ་ཡིན་པ་དང་། དམངས་གཙོ་དང་། སྤྱི་མཐུན། ཁྲིམས་ཀྱིས་སྲིད་སྐྱོང་བ་ནི་དེང་རབས་ཆབ་སྲིད་ཀྱི་རྨང་གཞིའི་སྒྲིག་སྲོལ་གྱི་སྒྲོམ་གཞི་ཡིན་ཞིང་། ༼བརྩེ་བ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཤ་ཤུན་རེད་།༽ ཡོངས་ཁྱབ་འཇིག་རྟེན་རིན་ཐང་ལྟ་ཚུལ་དང་རྨང་གཞིའི་ཆབ་སྲིད་སྒྲིག་སྲོལ་སྒྲོམ་གཞིའི་འོག་གི༼དེང་རབས་ཅན༽དང་འགལ་ཚེ། དེ་ནི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་དང་། མི་གཤིས་རུལ་བསླད། མིའི་ལ་རྒྱ་གཏོར་བཤིག་གི་གེགས་དང་བར་ཆད་ཀྱི་བརྒྱུད་རིམ་ཞིག་ལས་མ་འདས། དུས་རབས་ཉེར་གཅིག་གི་རྒྱ་ནག་འདི་བཞིན་ལམ་ཁ་ག་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་ནམ། མུ་མཐུད་ནས་ད་ལྟའི་ཟིལ་ཤུགས་དབང་བསྒྱུར་འོག་གི༼དེང་རབས་ཅན༽དེ་རྒྱུན་འཁྱོངས་བྱ་རྒྱུའམ། ཡང་ན་ཡོངས་ཁྱབ་འཇིག་རྟེན་རིན་ཐང་ལྟ་ཚུལ་དེར་ངོས་ལེན་བྱས་ཏེ། དེང་གི་འཕེལ་ཕྱོགས་གཙོ་བོར་གྱུར་བའི་ཡོངས་བཀུར་དཔལ་ཡོན་ཁྲོད་མཉམ་བསྲེས་དང་། དམངས་གཙོའི་སྲིད་དབང་གི་སྒྲིག་སྲོལ་གསར་འཛུགས་བྱ་རྒྱུ་ཡིན་ནམ། འདི་ནི་ལྡོག་ཏུ་མེད་པའི་གདམ་ག་ཞིག་ཡིན།
དུས་རབས་བཅུ་དགུ་བའི་དཀྱིལ་དུ་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོས་རྒྱ་ནག་གི་སྲོལ་རྒྱུན་ཁྲོད་གནས་པའི་སྒེར་གཅོད་ལམ་ལུགས་ཀྱི་རུལ་སུངས་དམར་རྗེན་དུ་ཕྱི་རུ་མངོན་པ་དང་ཆབས་ཅིག་ཀྲུང་ཧྭ་ཡུལ་ལྗོངས་སྟེང༼ལོ་ངོ་སྟོང་ཕྲག་དུ་མའི་རིང་བྱུང་མྱོང་མེད་པའི་གནས་བབ་ཀྱི་འཕོ་འགྱུར་ཆེན་མོའི༽ཡོལ་བ་འབྱེད། ཡཱང་ཝོའོ་[1] <#_ftn1>ལས་འགུལ་གྱིས་ཅ་དངོས་རིམ་པའི་ལེགས་བསྒྱུར་ལ་བརྩོན་ལེན་དང་། ཇཱ་ཝོའོ་དམག་འཁྲུག་[2] <#_ftn2>ལ་ཕམ་ཁ་རེག་པས་ཡང་ཐེངས་ཤིག་ཏུ་ལམ་ལུགས་རྗེས་ལུས་དང་དུས་དང་མི་འཚམ་པའི་སྐྱོན་ཆ་ཕྱི་རུ་མངོན། ཝོའོ་ཞེའུ་ལུགས་སྒྱུར་[3] <#_ftn3>དེ་ལམ་ལུགས་རིམ་གྱིས་གསར་སྒྱུར་ལ་རེག་ཐུབ་ཡོད་ན་ཡང་། མཐར་མཇུག་ཀླད་རྙིང་ངན་རེངས་ཤོག་ཁག་གི་གདུག་རྩུབ་དྲག་གནོན་གྱིས་ཕམ་ཁའི་གནས་སུ་བསྐྱལ། ཞིན་ཧྭེ་གསར་བརྗེ་[4] <#_ftn4>ཡིས་ལོ་ངོ་ཉིས་སྟོང་རིང་བརྒྱུད་པའི་རྒྱལ་བོའི་དབང་ཆའི་ལམ་ལུགས་དེ་ཕྱི་ངོས་སུ་དུར་འཇུག་བྱས་ཏེ་ཨེ་ཤི་ཡའི་གླིང་ཕྲན་སྟེང་སྤྱི་མཐུན་རྒྱལ་ཁབ་དང་པོ་དེ་བཙུགས། ཡིན་ནའང་སྐབས་དེའི་ནང་རྩོད་ཕྱི་འཁྲུག་གི་དམིགས་བསལ་ལོ་རྒྱུས་དང་ཆ་རྐྱེན་གྱི་དབང་གིས་སྤྱི་མཐུན་སྲིད་གཞུང་གི་སྒྲིག་སྲོལ་དེ་ཨུ་དུམ་ཝ་ར་ཡུད་ཙམ་བཞད་པའི་དཔེ་ལྟར་སྐད་ཅིག་ཙམ་ནང་ཡལ་བ་དང་། སྒེར་གཅོད་རིང་ལུགས་དེ་མ་ཐག་ཏུ་རོ་ལངས་བརྒྱབ། ཅ་དངོས་ལད་ཟློས་དང་སྒྲིག་སྲོལ་གསར་སྒྱུར་གྱི་ཕམ་ཁས་རྒྱལ་འབངས་ཚོ་ཞིབ་ཆར་གཞོལ་ནས་རིག་གནས་ཀྱི་ནད་གཞིའི་རྩ་བར་བསམ་ཞིབ་གཏོང་རྒྱུར་སྐུལ་འདེད་བྱས། དེའི་འཕྲོས་སུ༼ཚན་ རིག་དང་དམངས་གཙོ༽ཡི་དར་ཆ་དགུང་ལ་འཕྱར་བའི༼ལྔ་བཞི་རིག་གནས་གསར་བའི་ལས་འགུལ༽བྱུང་། ནང་གི་རྩོད་རྙོག་རྒྱུན་མ་ཆད་པ་དང་ཕྱི་དགྲས་བཙན་འཛུལ་བར་མེད་བྱུང་བར་བརྟེན། རྒྱ་ནག་གི་ཆབ་སྲིད་དམངས་གཙོ་ཅན་གྱི་ལོ་རྒྱུས་ལམ་བུ་དེ་ཐབས་ཟད་འུ་ཐུག་གིས་མཚམས་ཆད་དགོས་བྱུང་། ཉི་ཧོང་འགོག་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་ཡང་བསྐྱར་དམངས་གཙོའི་སྒྲིག་སྲོལ་ཅན་གྱི་རྐང་ལམ་དེར་ཞུགས་འགོ་བརྩམས། འོན་ཀྱང་གོ་མིན་ཏང་ཚོགས་ཤོག་དང་དམར་པོའི་ཚོགས་ཤོག་བར་གྱི་ནང་འཁྲུག་མཇུག་སྒྲིལ་རྗེས་རྒྱ་ནག་དེ་དེང་རབས་དབང་ཆ་སྒེར་སྡེམ་རིང་ལུགས་ཀྱི་གཡང་ས་ཟབ་མོའི་གཏིང་རུམ་དུ་ཟགས།
༡༩༤༩ལོར་གསར་དུ་བཙུགས་པའི༼ཀྲུང་གོ་གསར་བ༽ནི་རྒྱལ་ཁབ་གཅིག་གྱུར་དང་། དཔལ་འབྱོར་དར་སྤེལ། སྤྱི་ཚོགས་བསྐྱར་གསོའི་དེང་རབས་ཅན་གྱི་བརྒྱུད་རིམ་ལ་བསྟུན་ནས་རིམ་བཞིན་དམངས་གཙོའི་ལམ་ལུགས་སྐུལ་སྤེལ་བྱེད་རྒྱུའི་རྩ་བ་ཡིན་དགོས་མོད། འོན་ཀྱང་། རྗེས་ཕྱོགས་སུ་བྱུང་བའི་དོན་རྐྱེན་དང་མི་དམངས་ཀྱི་རེ་འདུན་གཉིས་ལྡོག་ཟླ་རུ་གྱུར་ཡོད། མིང་ཐོག་ནས༼མི་དམངས་སྤྱི་མཐུན་རྒྱལ་ཁབ༽ཡིན་པ་དང་། དོན་དམ་པའི༼ཏང་ངམ་ཚོགས་ཤོག་གཅིག་གི་གནམ་འོག༽དང་ཡང་ན་མི་གཅིག་གི་གནམ་འོག་ཏུ་གྱུར་ཡོད། སྲིད་སྐྱོང་ཚོགས་ཤོག་གིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཐོན་ཁུངས་ཡོད་ཚད་སྒེར་སྡེམ་བྱས་ཡོད་པ་དང་། གཡས་ཕྱོགས་པར་ངོ་རྒོལ་དང་། མཆོངས་སྐྱོད་ཆེན་མོ། རིག་གནས་གསར་བརྗེ། དྲུག་བཞིའི་དོན་རྐྱེན། དེ་མིན་དམངས་ཁྲོད་ཀྱི་ཆོས་ལུགས་མི་སྣ་དང་ཐོབ་ཐང་སྲུང་སྐྱོབ་པར་དྲག་གནོན་གྱི་ལས་འགུལ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་རབ་དང་རིམ་པ་བསླངས་ནས། མི་དམངས་ཁྲི་ཕྲག་དུ་མའི་གཅེས་སྲོག་དོན་མེད་དུ་ཤོར་བར་མ་ཟད། འབངས་མི་དང་རྒྱལ་ཁབ་གཉིས་ཀས་གཞལ་དུ་མེད་པའི་རིན་དོད་ཀྱང་འཇལ་ཡོད།
དུས་རབས་ཉི་ཤུ་བའི་མཇུག་གི༼བཅོས་བསྒྱུར་སྒོ་འབྱེད༽ཀྱིས་འདས་པའི་ལོ་ཟླའི(མའོ་ཙེ་ཏུང་གི་དུས་རབས)ནང་རྒྱ་ནག་ཡོངས་ཁྱབ་རང་བཞིན་གྱི་དབུལ་ཕུང་དང་དབང་སྡེམ་ཁོ་ན་ཡིན་པའི་གནས་སྟངས་ལས་ཐར་ཐུབ་བྱས་ཡོད། དམངས་ཁྲོད་ཀྱི་རྒྱུ་ནོར་དང་འབངས་མིའི་འཚོ་བའི་ཚད་གཞིའང་ཇེ་མཐོར་རབ་ཅིག་ཕྱིན་ཡོད། སྒེར་གྱི་དཔལ་འབྱོར་རང་དབང་དང་སྤྱི་ཚོགས་ཁེ་དབང་ཡང་དུམ་བུ་ཞིག་སླར་གསོ་བྱེད་ཐུབ་ཡོད་ཅིང་། མི་སེར་སྤྱི་ཚོགས་འཕེལ་འགོ་བརྩམས་པ་དང་དམངས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་རང་དབང་གི་དགོས་འདུན་ཉིན་རེ་བཞིན་ཇེ་མཐོར་སོང་། སྲིད་དབང་འཛིན་སྐྱོང་པ་ཚོའང་ཚོང་ར་ཅན་དང་སྒེར་དབང་ཅན་གྱི་ཁྱད་ཆོས་དང་ལྡན་པའི་དཔལ་འབྱོར་བཅོས་བསྒྱུར་གྱི་ལམ་དུ་བསྐྱོད་པ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་ལ་ངོས་ལེན་མེད་པ་ནས་རིམ་བཞིན་ངོས་ལེན་ཡོད་པར་འགྱུར་རྒྱུའི་འགོ་བརྩམས། རྒྱ་ནག་གཞུང་གིས་༡༩༩༧དང་༡༩༩༨ལོར་སྔ་རྗེས་སུ་གལ་འགངས་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་གཉིས་ལ་མིང་རྟགས་བཀོད་པ་དང་། ༢༠༠༤ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྩ་ཁྲིམས་ལ་བཟོ་བཅོས་བཏང་སྟེ༼འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་བརྩི་བཀུར༽རྩ་ཁྲིམས་ནང་བཀོད། ད་ལོར༼རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་ལུགས་སྤྱོད་སྟངས་འཆར་གཞི༽ཞེས་པ་གཏན་ལ་ཕབ་པ་དང་ལག་བསྟར་བྱེད་རྒྱུར་ཁས་ལེན་བྱས། འོན་ཀྱང་། འདི་དང་འདི་ལྟ་བུའི་ཆབ་སྲིད་ཀྱི་འཕེོལ་རྒྱས་རིགས་ཚང་མ་ད་བར་དུ་ཕལ་ཆེར་ཤོག་བུའི་ངོས་སུ་ལྷག་ནས་ལག་ལེན་དུ་བསྟར་ཐུབ་མེད། ད་ལྟའི་རྒྱ་ནག་གི་གནས་སྟངས་ནི། བཅའ་ཁྲིམས་ཡོད་ཀྱང་ཁྲིམས་སྐྱོང་མེད། རྩ་ཁྲིམས་ཡོད་ཀྱང་ཁྲིམས་སྲིད་[5] <#_ftn5>མེད། ད་དུང་ཡང་མིག་ལྡན་ཀུན་གྱིས་མཐོང་བའི་མངོན་སུམ་ཆབ་སྲིད་ལས་མ་འདས། སྲིད་སྐྱོང་ཚོགས་ཤོག་གིས་མུ་མཐུད་ནས་ཟིལ་ཤུགས་དབང་ཆའི་དབང་བསྒྱུར་རྒྱུན་འཁྱོངས་བྱེད་རྒྱུ་ལས་ཆབ་སྲིད་བཅོས་བསྒྱུར་ལ་མོས་མཐུན་ངོས་ལེན་བྱེད་རྩིས་མེད་པ་ལས་བྱུང་བ་ནི། དཔོན་ངན་རུལ་སུངས་ལ་གོམས་པ། ཁྲིམས་སྐྱོང་གི་ལུགས་སྲོལ་ཆགས་དཀའ་བ། འགྲོ་བ་མིའི་ཐོབ་ཐང་ལ་ཚད་མེད་དུ་རྡོག་རོལ་གཏོང་བ། ཀུན་སྤྱོད་ཉམས་དམུས། ཉེས་མེད་ཉེས་འཛུགས་ཀྱིས་གནད་དོན་གང་སར་ཁྱབ་པ། སྤྱི་ཚོགས་གྲལ་རིམ་གཉིས་ཅན་དུ་གྱུར་པ། དཔལ་འབྱོར་གྱི་འཕེལ་རྒྱས་ཡ་མ་གཟུགས་ཅན། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རིག་གནས་ལ་དབྲལ་བཤིག་ཉིས་རྐྱ་ཐེབས་པ། མི་སེར་གྱི་རང་དབང་། རྒྱུ་ནོར་དང་བདེ་སྐྱིད་སྙེག་རྒྱུའི་ཐོབ་ཐང་ལ་ལམ་ལུགས་གྱིས་སྲུང་སྐྱོབ་དང་ཁག་ཐེག་བྲལ་བ། དེ་མིན་མི་དམངས་ཀྱི་འཚོ་གནས་དཀའ་ངལ་ལ་ཐུག་པ་དང་། སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་རྒྱུན་མི་ཆད་པར་བསགས་པ་དང་མ་དགའ་མི་མཐུན་པའི་བློ་སེམས་ཅན་ཇེ་མང་ནས་ཤིན་ཏུ་མང་བ། ལྷག་པར་དུ་གཞུང་དང་སྒེར། དཔོན་རིགས་དང་འབངས་མི་དཀྱུས་མའི་བར་ཀྱི་འགལ་ཟླ་ཇེ་ཆེ་ཇེ་དྲག་དང་ཚོགས་སྤྱིའི་དོན་རྐྱེན་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་བ་སོགས་ཀྱིས་འགོག་ཐབས་མེད་པའི་གོད་ཆག་རང་བཞིན་གྱི་རྣམ་པ་ཞིག་མངོན་སུམ་དུ་གྲུབ་བཞིན་ཡོད། ད་ལྟ་བཀོལ་བཞིན་པའི་སྒྲིག་སྲོལ་གྱི་རྗེས་ལུས་རྣམ་པ་དེ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་པའི་ཁ་ཚ་དགོས་གཏུག་གི་དུས་ལ་འཁེལ་ཡོད།
*གཉིས་པ།** **ང་ཚོའི་གཞི་རྩའི་དམིགས་འདུན།***
ཐག་གཅོད་འདི་རྒྱ་ནག་གི་འབྱུང་འགྱུར་ལས་དབང་གི་ལོ་རྒྱུས་ཀྱི་འགག་རྩར་འབྲེལ་བས། འདི་རུ་དགོས་དབང་གིས་ལོ་ངོ་བརྒྱ་ཕྲག་གི་དེང་རབས་ཅན་གྱི་བྱུང་རིམ་ལ་ཕྱི་མིག་ལྷོད་ནས་གཤམ་གྱི་གཞི་རྩའི་དམིགས་འདུན་འདི་དག་བསྐྱར་བརྗོད་བྱས་པ་ཡིན།
*རང་དབང་།* རང་དབང་ནི་ཡོངས་ཁྱབ་རིན་ཐང་གི་ཡང་སྙིང་དེ་ཡིན། སྨྲ་བརྗོད་དང་། པར་སྐྲུན། དད་པ། འདུ་འཛོམས། ཚོགས་པ་གསར་འཛུགས། གནས་སྤོ། ལས་མཚམས་འཇོག་པ་དང་ཁྲོམ་སྐོར་རྔམ་སྟོན་སོགས་ཐོབ་ཐང་དེ་དག་ཚང་མ་ནི་རང་དབང་གི་བྱེ་བྲག་མཚོན་རྟགས་ཤིག་དང་། རང་དབང་མ་དར་མ་སྤེལ་ཚེ་དེང་རབས་དཔལ་ཡོན་ལྡན་པ་ཞེས་བརྗོད་འདོད་ཀྱང་སྨྲ་ལྕེ་མེད།
*འགྲོ་བ་མིའི་ཐོབ་ཐང་།* འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་ཁབ་ཀྱི་གནང་སྦྱིན་མིན་ཞིང་། དེ་ནི་མི་རེ་རེ་སྐྱེ་བ་ནས་ཡོད་ཅིང་ལོངས་སྤྱོད་དུ་དབང་བའི་གདོད་མ་ནས་ཡོད་པའི་ཐོབ་ཐང་ཡིན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་རྒྱུ་ནི་སྲིད་གཞུང་གི་དམིགས་བྱ་དང་པོ་དང་སྤྱིའི་དབང་ཤུགས་ཁྲིམས་མཐུན་རང་བཞིན་གྱི་རྨང་གཞི་ཡིན་ཞིང་། ༼འགྲོ་བ་མི་ནི་གཞི་རྩ་ཡིན༽ཞེས་པའི་བརྗོད་དོན་ཀྱི་དགེ་མཚན་ཡང་ཡིན། རྒྱ་ནག་ནང་ཐེངས་དུ་མར་བྱུང་བའི་ཆབ་སྲིད་ཀྱི་གོད་ཆག་དང་། དེ་རིང་ད་དུང་ཡང་མི་དམངས་ཀྱི་ཆབ་སྲིད། དཔལ་འབྱོར། རྒྱུ་ནོར་འགེབས་སྲུང་དང་རེག་ཆོག་པའི་ཁེ་ཕན་སོགས་ཀྱི་རེ་འདུན་ལ་ཁྱོན་ཡོངས་སུ་དྲག་གནོན་བྱས་པ་ཆ་ཚང་སྲིད་སྐྱོང་དབང་འཛིན་པས་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་རྡོག་བརྫིས་བཏང་བར་འབྲེལ་བ་དམ་ཟབ་ཡོད། འགྲོ་བ་མི་ནི་རྒྱལ་ཁབ་ཀྱི་གྲུབ་ཆ་གཙོ་བོའམ་སྲོག་ཤིང་ཡིན་པས་རྒྱལ་ཁབ་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང་། སྲིད་གཞུང་དེའང་མི་དམངས་ཀྱི་ཆེད་དུ་གནས་དགོས།
*འདྲ་མཉམ།* གང་ཟག་སྒེར་བ་སུ་ཞིག་ཡིན་རུང་། སྤྱི་ཚོགས་ཀྱི་གོ་གནས་དང་། ལས་རིགས། ཕོ་མོའི་དབྱེ་བ། དཔལ་འབྱོར་གྱི་གནས་སྟངས། རིགས་རུས། ཤ་མདོག ཆོས་ལུགས་དང་ཡང་ན་ཆབ་སྲིད་ཀྱི་དད་མོས་སོགས་གང་ཞིག་ཇི་ལྟར་ཡིན་ཡང་རུང་དེའི་མིའི་ཐོབ་ཐང་དང་། ལ་རྒྱ། རང་དབང་ཚང་མ་འདྲ་མཉམ་ཡིན་དགོས། ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ཞེས་པའི་རྩ་དོན་དེ་ངེས་པར་དུ་དོན་འཁྱོལ་ཡོང་དགོས་པ་དང་། འབངས་མིའི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས། ཆབ་སྲིད་སོགས་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་པའི་རྩ་དོན་ཡང་དོན་འཁྱོལ་ཡོང་དགོས།
*སྤྱི་མཐུན། ** *སྤྱི་མཐུན་ནི༼ཚང་མས་མཉམ་སྐྱོང་། ཞི་བདེ་མཉམ་གནས།༽ དེ་ནི་དབང་ཆ་ཁག་བགོས་ཀྱིས་དབང་ཤུགས་དོ་མཉམ་བསྐྲུན་པ་དང་ཁེ་བཟང་འདྲ་མཉམ་བྱེད་པ། དེ་ནི་ཁེ་བཟང་སྣ་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་ཚོགས་འདྲ་མིན་གྱི་ཚོགས་ཁག སྣ་མང་རིག་གནས་དང་དད་མོས་ལ་རེ་སྙེག་གི་ཤོག་ཁག་འདྲ་མཉམ་གྱིས་ནང་ཞུགས། སྤྱི་མཉམ་གྱིས་འགྲན་རྩོད། མཉམ་གནས་མཉམ་འགྲོས་ཀྱིས་སྲིད་དོན་གོ་བསྡུར་སོགས་ཀྱི་རྨང་གཞིའི་སྟེང་། ཞི་ཞིང་བདེ་བའི་ཐབས་ལམ་གྱིས་ཐུན་མོང་གི་ལས་དོན་བཀོད་སྒྲིག་བྱེད་པར་གོ།
*དམངས་གཙོ། * དམངས་གཙོའི་ཆེས་གཞི་རྩའི་གོ་དོན་ནི་བདག་དབང་དམངས་ལ་ཡོད་པ་དང་དམངས་གཙོའི་འོས་འདེམས་ལས་ཐོན་པའི་སྲིད་གཞུང་། དམངས་གཙོ་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན། ༡) སྲིད་དབང་གི་ཁྲིམས་མཐུན་རང་བཞིན་དེ་མི་དམངས་ལས་བྱུང་བ་དང་། ཆབ་སྲིད་དབང་ཤུགས་ཀྱི་འབྱུང་ཁུངས་དེ་མི་དམངས་ཡིན་པ། ༢) ཆབ་སྲིད་ཀྱི་དབང་བསྒྱུར་དེ་མི་དམངས་ཀྱི་གདམ་ག་བརྒྱུད་ནས་རེག་པ། ༣)མི་སེར་ལ་འོས་འདེམས་ཀྱི་དབང་ཆ་ངོ་མ་དེ་ལྡན་པ་དང་། རིམ་པ་ཁག་གི་སྲིད་གཞུང་གི་སྲིད་དོན་དཔོན་རིགས་ཚོ་ངེས་པར་དུ་དུས་བཀག་གི་འོས་འདེམས་ལས་ཐོན་དགོས། ༤)མང་མོས་ཐག་གཅོད་ལ་བརྩི་སྲུང་བྱེད་རྒྱུ་དང་དུས་མཚུངས་སུ་གྲངས་ཉུང་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས། སྐད་ཆ་ཚིག་གཅིག་སྟེ། དམངས་གཙོའི་སྲིད་གཞུང་དེ༼དམངས་ལ་ཡོད་པ། དམངས་ཀྱིས་སྐྱོང་བ། དམངས་ཀྱིས་ལོངས་སུ་སྤྱོད་པའི༽དེང་རབས་ཀྱི་སྤྱི་ཆས་སུ་འགྱུར་དགོས།
*ཁྲིམས་སྲིད།* ཁྲིམས་སྲིད་ནི་ཁྲིམས་ལུགས་ཀྱི་ཆོད་དོན་དང་ཁྲིམས་སྐྱོང་བརྒྱུད་ནས་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་མི་སེར་གྱི་རྨང་གཞིའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱ་བའི་རྩ་དོན་དང་། སྲིད་གཞུང་གི་དབང་ཤེད་དང་བྱ་སྤྱོད་ལ་ཚད་བཀག་དང་དབྱེ་མཚམས་བཟོ་དགོས་པར་མ་ཟད ། དེ་དང་འོས་བབས་ཀྱི་ལམ་ལུགས་སྒྲིག་བཀོད་ཀྱང་མཁོ་སྤྲོད་བྱ་དགོས།
རྒྱ་ནག་ཏུ་བཙན་རྒྱལ་གོང་མའི་དབང་ཆའི་དུས་རབས་གནའ་སྔ་མོ་ནས་མཇུག་རྫོགས་ཏེ་ཕྱིར་ཡོང་མེད་ལ། ཟིལ་ཤུགས་དང་དབང་ཆའི་སྒྲིག་སྲོལ་དེའང་ཉེན་རེ་བཞིན་ནུབ་ལ་ཉེ་ཞིང་། དོན་དངོས་སུ་འབངས་མི་རྒྱལ་ཁབ་ཀྱི་བདག་པོར་འགྱུར་དགོས། ༼དཔྱོད་ལྡན་གྱི་རྒྱལ་བོ༽དང༼དཔོན་པོ་སྤྱོད་བཟང་ཅན༽ལ་བརྟེན་རྒྱུའི་མངའ་འབངས་ཀྱི་འདུ་ཤེས་དོར་ནས། ཐོབ་ཐང་གཞི་རྩ་དང་ནང་ཞུགས་འོས་འགན་དུ་ཚོར་བའི་མི་སེར་གྱི་འདུ་ཤེས་མངོན་བསྒྲགས་བྱ་དགོས། རང་དབང་ལག་ལེན་དང་། དམངས་གཙོ་དང་ལེན། ཁྲིམས་སྐྱོང་ལ་གུས་བརྩི་བྱ་རྒྱུ་ནི་ད་བཟོད་རྒྱ་ནག་གི་གཞི་རྩའི་ཐར་ལམ་ཡིན།
*གསུམ་པ།** **ང་ཚོའི་གཞི་རྩའི་ལངས་ཕྱོགས།** ***
གོ་སྐབས་འདི་བཟུང་སྟེ། ང་ཚོས་འགན་འཁྲི་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་མི་སེར་ཞིག་གི་བསམ་བློའི་འདུ་ཤེས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས། མི་སེར་གྱི་ཐོབ་ཐང་དང་སྤྱི་ཚོགས་འཕེལ་རྒྱས་སོགས་གང་ཅིའི་ཐད་གཤམ་གྱི་ལངས་ཕྱོགས་བྱེ་བྲག་པ་འདི་དག་བཏོན་པ་ཡིན།
༡༽ རྩ་ཁྲིམས་ལ་བཟོ་བཅོས།
སྔོན་དུ་གླེང་ཟིན་པའི་དམིགས་འདུན་རིན་ཐང་གིས་རྩ་ཁྲིམས་ལ་བཟོ་བཅོས་གཏོང་བ། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནང་གི་བདག་དབང་འབངས་མི་ལ་ཡོད་ཞེས་པའི་རྩ་དོན་དང་མི་མཐུན་པའི་དོན་ཚན་དག་བསུབ་བཅོས་བྱས་ནས། རྩ་ཁྲིམས་དེ་འགྲོ་བ་མིའི་ཐོབ་ཐང་གི་ཁག་ཐེག་དབང་ཡིག་དང་ཐུན་མོང་དབང་ཤུགས་ཀྱི་འཁྲོལ་འཛིན་དབང་ཡིག་ཏུ་བསྒྱུར་དགོས་པར་མ་ཟད། མི་སྒེར་དང་ཚོགས་ཁག ཚོགས་ཤོག་སུ་ཞིག་གིས་ཀྱང་རྒྱབ་འགལ་བྱས་མི་ཆོག་པའི་ལག་ལེན་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེས་མཐོའི་ཁྲིམས་ལུགས་སུ་བསྒྱུར་ནས་རྒྱ་ནག་འདི་བཞིན་དམངས་གཙོ་ཅན་དུ་གྱུར་རྒྱུར་ཁྲིམས་དབང་གི་རྨང་གཞི་འདིང་དགོས། རྩ་ཁྲིམས་ལ་བཟོ་བཅོས་མ་བཏང་བའི་ཡར་སྔོན། ཐོག་མར་རྩ་ཁྲིམས་ནང་གི་མི་སེར་གྱི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་དོན་འཁྱོལ་ཁག་ཐེག་བྱེད་དགོས།
༢༽དབང་ཆ་ཁག་བགོས་དང་དོ་མཉམ་སྟངས་འཛིན།
དབང་ཆ་ཁག་བགོས་དང་དོ་མཉམ་སྟངས་འཛིན་ཅན་གྱི་དེང་རབས་སྲིད་གཞུང་བློ་བཀོད་ཀྱིས་འཛུགས་སྐྲུན་བྱེད་རྒྱུ་དང་། ཁྲིམས་བཟོ་ལྷན་ཁང་དང་། ཁྲིམས་འཛིན། འཛིན་སྐྱོང་སྟེ། དབང་གསུམ་ཁག་བགོས་མཉམ་སྐྱོང་གིས་དོ་མཉམ་སྟངས་འཛིན་ཡོང་རྒྱུར་ཁག་ཐེག་ཡོད་དགོས། ཁྲིམས་བཀོད་འཛིན་སྐྱོང་དང་འགན་ལེན་སྲིད་གཞུང་གི་རྩ་དོན་གཏན་འཁེལ་གྱིས་འཛིན་སྐྱོང་གི་དབང་ཆ་ཚད་ལས་མི་འདའ་བར་སྔོན་འགོག་དང་། སྲིད་གཞུང་གིས་དཔྱ་ཁྲལ་འཇལ་མཁན་ཚོའི་ཐོབ་ཐང་སྐྱིད་སྡུག་སོགས་ལ་སྲུང་སྐྱོབ་འགན་འཁུར་བྱེད་དགོས། དབུས་དང་ས་གནས་བར་དབང་ཆ་དབྱེ་བཀར་དང་དོ་མཉམ་སྟངས་འཛིན་གྱི་ལམ་ལུགས་འཛུགས་དགོས་པ་དང་། དབུས་ཀྱི་དབང་ཆའི་ཐད་རྩ་ཁྲིམས་ནང་དབྱེ་མཚམས་གསལ་བོ་དང་ལྡན་པའི་ལམ་ནས་བཀར་དགོས་ལ། ས་གནས་སུ་ཡང་དག་པའི་རང་སྐྱོང་ལག་ལེན་བྱ་རྒྱུ། མཐར་ཐུག་གི་དམིགས་འབེན་འདིར་མ་རེག་པའི་སྔོན་དུ་སྲིད་སྐྱོང་ཚོགས་ཤོག་ལ་རིམ་པ་སོ་སོའི་ས་གནས་སུ་དབང་ཆ་ཁག་བགོས་དང་དོ་མཉམ་སྟངས་འཛིན་གྱི་སྒྲིག་གཞི་གསར་འཛུགས་བྱེད་རྒྱུར་གཡོལ་དུ་མེད་པའི་འོས་འགན་ལྡན་ཡོད།
༣༽ཁྲིམས་བཟོ་དང་དམངས་གཙོ།
རིམ་པ་ཁག་གི་ཁྲིམས་བཟོ་སྒྲིག་འཛུགས་དག་ཐད་ཀར་འོས་འདེམས་ལས་བྱུང་བ་ཞིག་ཡིན་དགོས་ཤིང་། ཁྲིམས་བཟོ་སྒྲིག་འཛུགས་དག་གིས་ངེས་པར་དུ་འདྲ་མཉམ་དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཁྲིམས་བཟོ་དམངས་གཙོ་ཅན་དེ་ལག་ལེན་ཁག་ཐེག་བྱེད་དགོས། མཐར་ཐུག་གི་དམིགས་ཡུལ་དེ་མངོན་དུ་མ་གྱུར་བའི་སྔོན་དུ་སྲིད་སྐྱོང་ཚོགས་ཤོག་ལ་དབུས་གཞུང་མན་ཆད་ཀྱི་རིམ་པ་སོ་སོའི་ས་གནས་གྱི་ཁྲིམས་བཟོ་སྒྲིག་འཛུགས་ཡོད་ཚད་ཐད་ཀར་འོས་འདེམས་ལས་བྱུང་བར་རིམ་གྱིས་ལག་བསྟར་བྱེད་རྒྱུར་འོས་འགན་ལྡན་ཡོད།
༤༽ ཁྲིམས་འཛིན་རང་དབང་།
ཁྲིམས་འཛིན་དེ་ངེས་པར་དུ་ཚོགས་ཤོག་ལས་འདས་པ་ཞིག་ཡིན་དགོས་པ་དང་། སུ་གང་གིས་ཇུས་གཏོགས་མ་ཐེབས་པའི་ལམ་ནས་རང་དབང་རང་བཙན་གྱི་ཁྲིམས་འཛིན་དངོས་སུ་བཀོལ་སྤྱོད་དང་། ཁྲིམས་འཛིན་གྱི་དྲང་བདེན་ལ་འགན་ལེན་ཁག་ཐེག་ཡོད་དགོས། རྩ་ཁྲིམས་ཁྲིམས་ཁང་གསར་འཛུགས་དང་རྩ་ཁྲིམས་ལས་འགལ་བར་ཞིབ་བཤེར་ཀྱི་ལམ་ལུགས་བཙུགས་ནས་རྩ་ཁྲིམས་གྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་གྱི་ཁྲིམས་སྐྱོང་ལ་གནོད་པའི་རིམ་པ་ཁག་གི་ཚོགས་ཤོག་གི་སྲིད་ཁྲིམས་ལྷན་ཁང་སོགས་སྔ་མོ་ནས་རྩ་མེད་བཟོས་ཏེ་སྤྱི་ཆས་སྒེར་སྤྱོད་བྱེད་རྒྱུར་སྔོན་འགོག་བྱེད་དགོས། མཐར་ཐུག་གི་དམིགས་ས་དེར་མ་སླེབས་པའི་གོང་དུ་སྲིད་སྐྱོང་ཚོགས་ཤོག་ལ་མིག་སྔར་གྱི་ཁྲིམས་འཛིན་སྒྲིག་སྲོལ་ལ་བཅོས་བསྒྱུར་བྱ་རྒྱུ་དང་། སྲིད་ཁྲིམས་ལྷན་ཁང་དག་གཏོར་ནས་མིང་དོན་མཚུངས་པའི་རང་དབང་རང་བཙན་གྱི་ཁྲིམས་འཛིན་ལག་བསྟར་བྱེད་རྒྱུར་འོས་འགན་ལྡན་ཡོད།
༥༽ སྤྱི་ཆས་སྤྱི་སྤྱོད་།
དམག་དཔུང་རྒྱལ་ཁབ་ཅན་དུ་མངོན་གྱུར་བྱེད་དགོས། དམག་མིས་རྩ་ཁྲིམས་ལ་གུས་བཀུར་དང་རྒྱལ་ཁབ་ལ་སྲི་ཞུ་ལེགས་པོར་སྒྲུབ་རྒྱུ་དང་། ཆབ་སྲིད་དང་ཚོགས་ཤོག་གི་རྩ་འཛུགས་ཡོད་ཚད་དམག་དཔུང་ལས་ཕྱིར་འཐེན་བྱས་ཏེ་དམག་དཔུང་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་དགོས། ཉེན་རྟོག་མི་སྣ་ཐེ་བའི་གཞུང་དོན་ལས་བྱེད་མི་སྣ་ཡོད་ཚད་ཀྱིས་ཆབ་སྲིད་གྱི་ལངས་ཕྱོགས་དེ་ཕྱོགས་ཞེན་གྱི་དབང་དུ་མི་འགྲོ་རྒྱུར་རྒྱུན་འཁྱོངས་བྱེད་དགོས། གཞུང་དོན་ལས་བྱེད་མི་སྣ་བསྡུ་ལེན་སྐབས་ཀྱི་ཚོགས་ཤོག་ལ་དམིགས་བསལ་ཐོབ་དབང་མེད་པར་བཟོས་ནས་ཚོགས་ཤོག་གི་དབྱེ་བ་མེད་པའི་ལམ་ནས་བསྡུ་ལེན་བྱ་དགོས།
༦༽ འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི།
འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ནན་མོ་བྱས་ནས་མིའི་ལ་རྒྱ་སྲུང་སྐྱོབ་བྱེད་དགོས། ཆེས་མཐོའི་འབངས་མིའི་འདོད་བློ་མཚོན་པའི་སྒྲིག་འཛུགས་ལ་འགན་འཁུར་བའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ཆེད་དུ་བཙུགས་ནས་སྲིད་གཞུང་གིས་སྤྱི་གཞུང་གི་དབང་ཆ་བཀོལ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུར་སྔོན་འགོག་དང་། སྒོས་སུ་སྤྱི་འབངས་ཀྱི་རང་དབང་ལ་འགན་སྲུང་ཡོད་དགོས། མི་སུ་ཞིག་ཡིན་ཡང་ཁྲིམས་འགལ་གྱིས་འཛིན་བཟུང་། བཀག་ཉར། བཀའ་འགུག་འདྲི་ཞིབ། འདྲི་བཅོད། ཚ་འདྲི་ཉེས་གཅོད་མི་བྱེད་པ་དང་། ངལ་རྩོལ་བསྒྱུར་བཅོས་ལམ་ལུགས་མེད་པར་བཟོ་དགོས།
༧ ༽ གཞུང་ཞབས་པ་འདེམས་བསྐོ།
དམངས་གཙོའི་འོས་འདེམས་ལམ་ལུགས་ཁྱབ་སྤེལ་བཏང་ནས་མི་གཅིག་ལ་འོས་ཤོག་གཅིག་གི་འདྲ་མཉམ་འོས་འདེམས་ཐོབ་ཐང་དངོས་སུ་ལག་ལེན་བྱ་རྒྱུ། རིམ་པ་སོ་སོའི་འཛིན་སྐྱོང་འགན་འཛིན་གྱིས་ཐད་ཀར་འདེམས་བསྐོ་དེ་ལམ་སྲོལ་ཅན་གྱི་ངང་ནས་རིམ་བཞིན་ཁྱབ་སྤེལ་གཏོང་བ། དུས་བཀག་ལྟར་རང་དབང་འགྲན་རྩོད་འོས་འདེམས་དང་ཁྲིམས་ལྟར་ཐུན་མོང་གི་གོ་གནས་ཐོབ་ཆེད་སྤྱི་འབངས་འོས་འདེམས་ནང་མཉམ་ཞུགས་བྱ་རྒྱུ་ནི་མེད་དུ་མི་རུང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན། མཐར་ཐུག་གི་དམིགས་ས་དེར་མ་སླེབས་པའི་སྔོན་དུ་སྲིད་སྐྱོང་ཚོགས་ཤོག་ལ་རིམ་པ་སོ་སོའི་ས་གནས་འཛིན་སྐྱོང་འགན་འཛིན་ཐད་ཀར་འདེམས་བསྐོ་ལག་ལེན་བྱེད་རྒྱུར་འོས་འགན་ཡོད།
༨༽ གྲོང་ཁྱེར་དང་གྲོང་གསེབ་འདྲ་མཉམ།
ད་ལྟའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་ཁྱིམ་ཐོའི་ལམ་ལུགས་མེད་པར་བཟོ་རྒྱུ། མི་སེར་ཚང་མ་འདྲ་མཉམ་ཡིན་པའི་རྩ་ཁྲིམས་ཁེ་དབང་ལག་བསྟར་གྱིས་མི་སེར་གྱི་གནས་སྤོའི་རང་དབང་ལ་འགན་སྲུང་དང་། སྒོས་སུ་གྲོང་ཁྱེར་ནང་འགྲོ་མཁན་ཞིང་བ་དང་ས་ཁུལ་གཞན་དག་གི་ལས་བཟོ་བར་ས་གནས་དེ་གའི་ཡུལ་མིའི་ཐོབ་ཐང་དང་ཕན་བདེའི་ཐོབ་སྐལ་སྤྲོད་དགོས།
༩༽ ཚོགས་སྡེ་གསར་འཛུགས་རང་དབང་།
མི་སེར་གྱི་ཚོགས་སྡེ་གསར་འཛུགས་རང་དབང་གི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུ། ད་ལྟའི་ཚོགས་སྡེ་ཐོ་འགོད་ཞིབ་བཤེར་ཆོག་མཆན་ལམ་ལུགས་དེ་སྙན་སེང་ཐོ་འགོད་ལམ་ལུགས་སུ་བསྒྱུར་དགོས། ཚོགས་ཤོག་ཚང་མར་འདྲ་མཉམ་གཅིག་མཚུངས་ཀྱི་གོ་སྐབས་སྤྲད་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་ཆབ་སྲིད་ཚོགས་ཤོག་གི་བྱ་སྤྱོད་ལ་ཚོད་འཛིན་གྱིས་ཚོགས་ཤོག་གཅིག་གིས་སྲིད་སྐྱོང་སྒེར་སྡེམ་བྱས་པའི་དམིགས་བསལ་དབང་ཆ་རྩ་མེད་བཟོ་རྒྱུ་དང་། ཆབ་སྲིད་ཚོགས་ཤོག་གི་འགུལ་སྤྱོད་རང་དབང་དང་འགྲན་རྩོད་འདྲ་མཉམ་གྱི་རྩ་དོན་གཏན་འཁེལ་བྱས་ནས་ཆབ་སྲིད་ཚོགས་ཤོག་གི་ཆབ་སྲིད་དེ་རྒྱུན་ལྡན་ཅན་དང་ཁྲིམས་དང་ལྡན་པར་མངོན་གྱུར་ཡོང་བ་བྱེད་དགོས།
༡༠༽ འདུ་འཛོམས་རང་དབང་།
ཞི་བདེའི་ངང་འདུ་འཛོམས། ཁྲོམ་སྐོར། རྔམ་སྟོན་དང་རང་དབང་མངོན་མཚོན་ནི་རྩ་ཁྲིམས་སུ་གཏན་ལ་འཁེལ་བའི་སྤྱི་འབངས་ཀྱི་གཞི་རྩའི་རང་དབང་ཡིན་པས་སྲིད་སྐྱོང་ཚོགས་ཤོག་དང་ཆབ་སྲིད་ཀྱིས་ཁྲིམས་འགལ་ངང་བཀག་འགོག་དང་ཡང་ན་ཚད་བཀག་བྱ་ཆོག་གིན་མེད།
༡༡༽ སྨྲ་བརྗོད་རང་དབང་།
སྨྲ་བརྗོ་རང་དབང་། པར་སྐྲུན་རང་དབང་དང་རིག་གཞུང་རང་དབང་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྤྱི་འབངས་ཀྱི་གནས་ཚུལ་ཤེས་འདོད་ཀྱི་དབང་ཆ་དང་ལྟ་སྐུལ་གྱི་དབང་ཆར་བརྩི་སྲུང་བྱ་དགོས།
༡༣༽ སྤྱི་འབངས་སློབ་གསོ།
ཚོགས་ཤོག་གཅིག་གིས་དབང་བསྒྱུར་དང་། འདུ་ཤེས་འཛིན་སྟངས་ཀྱི་མཚོན་མདོག་མཐུག་པོ་བཀྲ་བའི་སློབ་གསོའི་ལམ་ལུགས་དང་ཆབ་སྲིད་ཡིག་རྒྱུགས་རིགས་ཤུལ་མེད་དུ་གཏོར་ནས། ཡོངས་ཁྱབ་རིན་ཐང་དང་འབངས་མིའི་ཐོབ་ཐང་རྨང་གཞིར་ཆགས་པའི་སྤྱི་འབངས་ཀྱི་སློབ་གསོ་ཁྱབ་གདལ་དུ་ངཏོང་བ། སྤྱི་འབངས་ཀྱི་འདུ་ཤེས་གཏན་ལ་ཕབ་སྟེ་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུའི་ཀུན་སྤྱོད་ལེགས་པོའི་རིགས་སྣེ་ཁྲིད་དར་སྤེལ་གཏོང་བ།
༡༤༽ རྒྱུ་ནོར་སྲུང་སྐྱོབ།
མི་སྒེར་གྱི་རྒྱུ་ནོར་གྱི་ཁེ་དབང་ལ་སྲུང་སྐྱོབ། རང་དབང་དང་གློད་འབྱེད་ཀྱི་ཚོང་རའི་ལམ་ལུགས་ལག་ལེན་དུ་བསྟར་ནས་བྱ་བཞག་གསར་བཏོད་ཀྱི་རང་དབང་ལ་བརྩི་སྲུང་བྱ་རྒྱུ་དང་། འཛིན་སྐྱོང་གིས་སྒེར་སྡེམ་བྱེད་རྒྱུར་ལྟ་རྟོག་བྱ་རྒྱུ། ཆེས་མཐོའི་འབངས་མིའི་འདོད་བློ་མཚོན་པའི་ལས་ཁུངས་ལ་འགན་འཁུར་ནུས་པའི་རྒྱལ་གཉེར་རྒྱུ་ནོར་དོ་དམ་ལྷན་ཁང་གསར་འཛུགས་ཀྱིས་ཁྲིམས་ལུགས་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་རྒྱུ་ནོར་གྱི་བདག་དབང་ལ་བཅོས་བསྒྱུར་བྱས་ཏེ་རྒྱུ་ནོར་བདག་དབང་དེ་སུའི་ཁོངས་སུ་གཏོགས་པ་དང་འོས་འགན་ལེན་མཁན་སུ་ཡིན་པ་སོགས་གསལ་བོ་བྱ་རྒྱུ། ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ་གསར་བ་ཞིག་སྤེལ་ནས་ས་ཞིང་སྒེར་བདག་ཅན་དུ་རིམ་བསྒྱུར་བྱ་རྒྱུ། མི་སེར་ཡོངས་དང་ནང་སྒོས་སུ་ཞིང་བའི་ས་ཞིང་གི་བདག་དབང་ལ་སྲུང་སྐྱོབ་ནན་མོ་བྱ་དགོས།
༡༥༽ནོར་སྲིད་དང་དཔྱ་ཁྲལ་བཅོས་བསྒྱུར།
དམངས་གཙོའི་ནོར་སྲིད་ལེགས་པོར་ཚུགས་རྒྱུ་དང་དཔྱ་ཁྲལ་འཇལ་མཁན་ཚོའི་ཐོབ་ཐང་འགན་སྲུང་བྱ་དགོས། ཁེ་དབང་དང་འགན་འཁྲི་གསལ་བོར་མཚོན་པའི་ཐུན་མོང་གི་ནོར་སྲིད་ལམ་ལུགས་ཀྱི་སྒྲོམ་གཞི་དང་འཁོར་སྐྱོད་ནང་རྐྱེན་གསར་འཛུགས་དང་། རིམ་པ་སོ་སོའི་སྲིད་གཞུང་ནང་འོས་འཚམ་ནུས་ལྡན་དང་དབང་ཆ་ཁག་བགོས་ཅན་གྱི་ནོར་སྲིད་མ་ལག་འཛུགས་རྒྱུ། དཔྱ་ཁྲལ་ལམ་ལུགས་ལ་བཅོས་བསྒྱུར་ཆེན་པོ་བྱས་ཏེ་ཁྲལ་རིགས་ཀྱི་ཚད་ཇེ་དམའ་དང་དཔྱ་ཁྲལ་ལམ་ལུགས་སྟབས་བདེ་ཅན་དུ་གཏོང་རྒྱུ། སྤྱི་ཚོགས་ཐུན་མོང་གི་འདེམས་སྒྲིག་བརྒྱུད་རིམ་དང་འབངས་མིའི་འདོད་བློ་མཚོན་པའི་ལས་ཁུངས་ཀྱི་གྲོས་ཆོད་མ་བརྒྱུད་པར་འཛིན་སྐྱོང་སྡེ་ཁག་གིས་རང་འདོད་ལྟར་དཔྱ་ཁྲལ་ཁ་སྣོན་དང་ཁྲལ་རིགས་ཐེབ་ལེན་བྱས་མི་ཆོག རྒྱུ་ནོར་གྱི་བདག་དབང་བཅོས་བསྒྱུར་བྱས་པ་བརྒྱུད་རྒྱུ་མང་ཚོང་རའི་གྲུབ་ཆ་གཙོ་བོ་དང་འགྲན་རྩོད་ནང་རྐྱེན་ནང་འདྲེན་བྱས་ཏེ་དཔལ་འབྱོར་ནང་ཞུགས་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་རྒྱུ་དང་། དམངས་ཁྲོད་ཀྱི་དཔལ་འབྱོར་ཡར་རྒྱས་སུ་གཏོང་རྒྱུར་ཆ་རྐྱེན་སྐྲུན་ནས་དཔལ་འབྱོར་མ་ལག་གིས་སྐྱེ་སྟོབས་ཀྱི་ནུས་ཤུགས་གང་ཐུབ་འདོན་རྒྱུ།
༡༦༽སྤྱི་ཚོགས་འགན་སྲུང་།
རྒྱལ་ཡོངས་ཀྱི་འབངས་མི་ཡོངས་ལ་རག་ལས་པའི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་བཙུགས་ནས་འབངས་མིའི་སློབ་གསོ། འཕྲོད་བསྟེན། རྒན་གསོ་དང་ལས་ཀར་ཞུགས་རྒྱུར་ཆེས་རྨང་གཞི་ནས་འགན་སྲུང་ཁག་ཐེག་བྱས་ཏེ་བཙན་འཕྲོག་རང་བཞིན་དང་མཐོང་ཆུང་རང་བཞིན་གྱི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་མཇུག་རྫོགས་དགོས།
༡༧ ༽ཁོར་ཡུར་སྲུང་སྐྱོབ།
སྐྱེ་དངོས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ། བསྟུད་མར་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱས་ཏེ་བུ་རབས་ཚ་རྒྱུད་དང་འགྲོ་བ་མིའི་རིགས་ལ་འགན་འཁུར་དགོས། རྒྱལ་ཁབ་དང་རིམ་པ་སོ་སོའི་འགོ་ཁྲིད་ཚོས་དེ་ལ་ངེས་པར་དུ་འགན་འཁྲི་དང་ལེན་བྱེད་རྒྱུར་གཏན་འཁེལ་གསལ་བོར་བྱ་རྒྱུ། དམངས་ཁྲོད་ཚོགས་པ་སྒྲིག་འཛུགས་དག་ཁོར་ཡུག་སྲུང་སྐྱོབ་ལས་དོན་ནང་མཉམ་ཞུགས་དང་ལྟ་སྐུལ་ཀྱི་ནུས་ཤུགས་འདོན་རྒྱུར་སྐུལ་མ་བྱ་རྒྱུ།
༡༨༽ རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ།
ས་གནས་ཞི་བདེ་དང་འཕེལ་རྒྱས་ཡོང་ཆེད་འདྲ་མཉམ་དང་དྲང་བདེན་གྱིས་ཐེ་བྱུས་དང་། འགན་འཁྲི་ཕྲག་ཏུ་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་བཟོ་བསྐྲུན་བྱ་རྒྱུ། ཧོང་ཀོང་དང་ཨོ་མིན་གྱི་རང་དབང་ལམ་སྲོལ་ལ་བརྩི་སྲུང་བྱ་རྒྱུ། རང་དབང་དང་དམངས་གཙོའི་སྔོན་འགྲོའི་ཆ་རྐྱེན་འོག་འདྲ་མཉམ་ངང་གྲོས་མོལ་དང་གཉིས་ཕན་མཉམ་ལས་ཀྱི་རྣམ་པས་མཚོ་འགག་ཕན་ཚུན་ཞི་འགྲིག་ཡོང་བའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ། བློ་དང་རིག་པ་ཡངས་པོའིི་སྒོ་ནས་མི་རིགས་སོ་སོ་མཉམ་གཅིག་ཏུ་དཔལ་དང་འབྱོར་བ་ལྡན་རྒྱུར་ཐབས་ལམ་དང་སྒྲིག་གཞི་ཇུས་འགོད་འཚོལ་གྲུབ་དང་། དམངས་གཙོའི་ཁྲིམས་སྲིད་ཀྱི་སྒྲོམ་གཞིའི་འོག་མ་འོངས་པའི་རྒྱལ་ཁབ(ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ)གསར་འཛུགས་བྱ་རྒྱུ།
༡༩༽དབྱིབས་འགྱུར་དྲངབདེན[6] <#_ftn6>་།
ཆབ་སྲིད་ལས་འགུལ་རིམ་བྱུང་ཁྲོད་ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་མི་སྣ་དང་ནང་མིའི་མིང་སྣ་སླར་གསོ་དང་རྒྱལ་ཁབ་ནས་གུན་གསབ་སྤྲོད་རྒྱུ། ཆབ་སྲིད་ཀྱི་ཉེས་མིང་ཕོག་མཁན་དང་སེམས་རྒྱུད་ཀྱི་ཉེས་མིང་ཕོག་མཁན་[7] <#_ftn7>ཡོད་ཚད་གློད་གྲོལ་གཏོང་རྒྱུ་དང་། དེ་མིན་དད་པའི་དབང་གིས་ཉེས་ཆད་ཕོག་མཁན་ཡོད་དོ་ཅོག་གློད་གྲོལ་གཏོང་དགོས། དངོས་གནས་ཞིབ་བཤེར་ལྷན་ཁང་གསར་དུ་བཙུགས་ནས་ལོ་རྒྱུས་དོན་རྐྱེན་གྱི་དངོས་ཡོད་གནས་ཚུལ་ཞིབ་བཤེར་གསལ་བོ་བྱ་རྒྱུ་དང་། འགན་འཁྲི་དབྱེ་བཀར་དང་བདེན་དོན་སྐྱེད་སྤེལ། རྒྱུ་ནོར་གྱི་བདག་དབང་བཅོས་བསྒྱུར་ཁྲོད་རྒྱལ་ཁབ་དང་ཁེ་ལས་ཀྱི་རྒྱུ་ནོར་ལྐོག་ཟ་དང་། བཟོ་བ་དང་ཞིང་བ་སོགས་ལ་ཐོབ་ཆོག་པའི་ཁེ་ཕན་བཤུ་གཞོག་བྱས་པའི་དོན་རྐྱེན་ལ་བསྐྱར་ཞིབ་བྱ་རྒྱུ། འདིའི་རྨང་གཞིའི་སྟེང་སྤྱི་ཚོགས་ཞི་འགྲིག་གི་ཐབས་ལམ་འཚོག་སྙེག་བྱ་རྒྱུ།
བཞི་བ། མཐའ་བསྡོམས།
རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་ཆེ་གྲས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་རྒྱལ་ཁབ་ལྔའི་ཡ་གྱལ། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་སོགས་ཡིན་པས། འགྲོ་བ་མིའི་ཞི་བདེའི་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་སླད་རང་སྟེང་གི་ནུས་པ་འདོན་དགོས་པ་ནི་སྨྲ་མ་དགོས་མོད། འོན་ཀྱང་། བློ་ཕམ་པ་ཞིག་ལ་ད་ལྟའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེ་གྲས་ཡོད་ཚད་ཀྱི་ནང་དུ་རྒྱ་ནག་གཅིག་པུ་ནི་ད་དུང་ཡང་དབང་ཤུགས་རིང་ལུགས་ཀྱི་ཆབ་སྲིད་འཚོ་སྟངས་སུ་གནས་ཡོད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་དང་སྤྱི་ཚོགས་ཉམས་ཉེན་སོགས་བསྟུད་མར་བཟོ་བཞིན་པས་ཀྲུང་ཧྭ་མི་རིགས་ཀྱི་རང་ཤུགས་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་མི་ཆུང་བ་ཞིག་ཐེབས་པ་དང་། འགྲོ་བ་མིའི་དཔལ་ཡོན་གྱི་གོང་འཕེལ་ལའང་བཀག་སྡོམ་བྱས་ཡོད། ——འདི་ལྟ་བུའི་གནས་སྟངས་ལ་ངེས་པར་དུ་འགྱུར་བ་འགྲོ་དགོས། ཆབ་སྲིད་དམངས་གཙོ་ཅན་གྱི་བཅོས་བསྒྱུར་ལ་འགོར་འགྱངས་བྱེད་ས་ཡེ་ནས་མེད།
དེའི་ཕྱིར། ང་ཚོས་ཁ་དན་ཚིག་ལ་གནས་པའི་སྤྱི་འབངས་ཀྱི་དཔའ་མཛངས་དང་སྙིང་སྟོབས་བཅངས་ནས༼རྩ་འཛིན ༠༨ མ༽ཁྱབ་སྤེལ་བྱས་པ་ཡིན། གཅིག་འདྲའི་ཉམས་ཉེན་ཀྱི་ཚོར་ཤེས་དང་། འགན་འཁྲི་ཡི་ཚོར་ཤེས་ལྡན་པའི་རྒྱ་ནག་གི་མི་སེར་ཚང་མ་སྲིད་སྐྱོང་དང་སྲིད་སྐྱོང་མིན་པའི་ཚོགས་ཤོག་གི་དབྱེ་བ་མེད་པ་དང་། གོ་ས་དང་ཐོབ་ཐང་གི་དབང་དུ་མ་སོང་བར་མཐུན་པོ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་མི་སེར་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་ལག་གདང་དཔུང་སྦྲེལ་ངང་རྒྱ་ནག་སྤྱི་ཚོགས་ཀྱི་རླབས་ཆེ་བའི་བཅོས་བསྒྱུར་ལ་སྐུལ་འདེད་བྱ་རྒྱུར་ང་ཚོས་ལྷག་བསམ་རྣམ་དག་གིས་རེ་བ་བཅོལ་ཡོད། མི་འགྱངས་པར་རང་དབང་དང་། འདྲ་མཉམ། དམངས་གཙོ། སྲིད་ཁྲིམས་གྱི་རྒྱལ་ཁབ་གསར་དུ་བཙུགས་ནས། རྒྱ་ནག་མི་དམངས་ཀྱིས་འདས་པའི་ལོ་ངོ་བརྒྱ་ལྷག་གི་རིང་སྙིང་རུས་ལྷོད་མེད་ཀྱི་འཚོལ་སྙེག་དང་ཕུགས་བསམ་དེ་མངོན་དུ་འགྱུར་བ་བྱེད་དགོས།
༼རྩ་འཛིན ༠༨ མ༽ནི་རྒྱ་ཡིག་གི་མ་ཡིག་ངོ་མར་གཞི་བཅོལ་ནས་བསྒྱུར་བ་ཡིན། རང་རེའི་བོད་ཀྱི་ཐ་སྙད་ནང་གཏན་ལ་ཕབ་མེད་པའི་མིང་ཚིག་གསར་བའི་རིགས་ཅུང་མང་བོ་ཞིག་ཡོད་པ་རྣམས་གང་ཐུབ་ཐུབ་ཀྱིས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཆའི་ནང་བསྡུར་ནས་བསྒྱུར་ཡོད།
————————————————————————
[1] <#_ftnref1> ཡཱང་ཝོའོ་ལས་འགུལ་ནི་༡༩༦༠ནས་༡༨༩༤བར་ཆིན་སྲིད་གཞུང་དུ་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་མཁན་ཚོས་རྒྱལ་ཡོངས་སུ༼ཕྱི་རྒྱལ་པའི་ལེགས་ཆ་སློབ་སྦྱོང་བྱས་ནས་ཕྱི་རྒྱལ་བ་དམ་བསྒྲག་བྱེད་དགོས༽ཞེས་པའི་རྩ་དོན་སྟེང་སྤེལ་པ;འི་ལས་འགུལ་ཞིག་ཡིན།
[2] <#_ftnref2> ཇཱ་ཝོའོ་དམག་འཁྲུག་ལ་ཤིང་རྟ་ལོའི་དམག་འཁྲུག་ཀྱང་ཟེར། དེ་ནི་ཤིང་རྟའི་ལོའི(༡༨༩༤)རྒྱ་ནག་དང་ཉི་ཧོང་གི་བར་ཀོ་རི་ཡའི་གླིང་ཕྲན་གྱི་བདག་དབང་ཆེད་བསླངས་པའི་དམག་འཁྲུག་ལ་ཟེར།
[3] <#_ftnref3> ཝོའོ་ཞེའུ་ལུགས་སྒྱུར་ལ་ས་ཆུའི་ལོའི་ལུགས་སྒྱུར་ཡང་ཟེར། དེ་ནི་མན་ཇུས་དབང་བསྒྱུར་སྐབས ༡༨༩༨ལོའི་ཟླ་༦པའི་ཚེས ༡༡ནས་ཟླ་༩པའི་ཚེས ༢༡བར་བྱུང་བའི་ཆབ་སྲིད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་ ཀྱིས་རྒྱ་ནག་དེ་རྩ་ཁྲིམས་ཅན་གྱི་རྒྱལ་བའི་ལམ་ལུགས་ཀྱི་དེང་རབས་ལམ་ཆེན་ལ་ཞུགས་རྒྱུར་འབད་པའི་ཆབ་སྲིད་བསྒྱུར་བཅོས་ལས་འགུལ་ཞིག་ལ་ཟེར།
[4] <#_ftnref4> ཞིན་ཧྭེ་གསར་བརྗེ་ལ་ལྕགས་ཕག་ལོའི་གསར་བརྗེ་ཡང་ཟེར། དེ་ནི ༡༩༡༡ལོར་བསླངས་པ་དང་། རྒྱ་ནག་གི་ལོ་ངོ་ལྔ་སྟོང་རིང་གི་རྒྱལ་བོའི་དབང་ཆ་སྒེར་གཅོད་ལམ་ལུགས་རྩ་གཏོར་གྱིས་སྤྱི་མཐུན་སྲིད་དབང་གི་སྒྲིག་སྲོལ་གསར་འཛུགས་བྱས་པའི་གསར་བརྗེའི་ལས་འགུལ་ཞིག་རེད།
[5] <#_ftnref5> ཁྲིམས་སྲིད་ནི་རྩ་ཁྲིམས་འོག་ཆབ་སྲིད་ཀྱི་འཁོར་སྐྱོད་ནུས་པ་དེ་བཅའ་ཁྲིམས་རང་བཞིན་ཅན་གྱི་འདུ་ཤེས་དང་ཡང་ན་ཕུགས་འདུན་གྱི་ངང་ཚུལ་ཅན་ལ་ཟེར།
[6] <#_ftnref6> དབྱིབས་འགྱུར་དྲང་བདེན་(Transitionl Justice)ནི་འདས་ཟིན་པའི་བྱ་བཞག་ཁྲོད་ཆབ་སྲིད་བསམ་བློའི་འགལ་རྐྱེན་དང་ཡང་ན་འཁྲུག་རྩོད་སོགས་ལས་རྒྱལ་སྤྱིའི་ཁ྄ིམས་ལུགས་དང་འགལ་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་བྱས་ཉེས་ཀྱི་བྱ་སྤྱོད་ལ་བསྐྱར་ཞིབ་དང་། ཉེས་གསག་པའི་བྱས་ཉེས་བདའ་འདེད་དང་ཁྲིམས་འགལ་ངང་ཐོབ་པའི་གོ་ས་དང་རྒྱུ་ནོར་སོགས་ཀྱི་ཐོབ་ཐང་མེད་པར་བཟོས་པར་ཟེར།
[7] <#_ftnref7> སེམས་རྒྱུད་ཀྱི་ཉེས་མིང་ཕོག་མཁན་(Prisoner of conscience) ནི་ནག་ཉེས་མེད་པའི་བཙོན་མ། དེ་ནི་ནམ་རྒྱུན་རིགས་རྒྱུད། ཆོས་དད། སྨྲ་བརྗོད་སོགས་ཀྱི་གནད་དོན་ལ་ཁ་གཡར་ཏེ་གཙོན་འཇུག་དང་བཀག་ཉར་བྱས་པའི་དྲག་པོའི་བྱ་སྤྱོད་སྤེལ་མེད་པའི་རིགས། སེམས་རྒྱུད་བཙོན་མ་ཞེས་པའི་མིང་ཚིག་འདི་ནི་རྒྱལ་སྤྱི་ཉེ་ཡངས་ཚོགས་པས་གསར་གཏོད་བྱས་པ་ཞིག་རེད།