མདོ་འདུམ་ཚང་།
ཕྱི་ལོ་༢༠༠༨ལོའི་དབྱར་གནང་ལ་ང་རྒྱ་གར་དུ་ཕྱིན། དབྱར་གནང་གི་དུས་ཡུན་དེ་ཟླ་ངོ་གཉིས་ཙམ་ཡིན། ཟླ་ངོ་གཉིས་ཙམ་དེའི་ནང་ལ་ང་ལ་ནང་ལས་མང་།
ངེད་ཀྱི་དབྱར་གནང་གི་ལས་ཀ་གཅིག་ནི། བཙན་བྱོལ་བོད་མིའི་མི་འབོར་དང་ལས་མེད་ཀྱི་གནས་སྟངས་སྐོར་ལ་ཡིན། རྡ་སར་སླེབས་ནས་བདུན་གཅིག་ཙམ་ཕྱིན་ཚར་བའི་རྗེས་སུ།
ངེད་ཀྱིས་རང་གི་ལས་ཀ་དེ་འགོ་བཙུགས་པ་ཡིན། ལས་ཀ་དེ་འགོ་འཛུགས་པ་ལ་ལས་ཁུངས་འགའ་ལ་འགྲོ་དགོས་ཀྱི་རེད། ང་ཐོག་མར་འགྲོ་ས་དེ་དབུས་སྣེ་ལེན་ཁང་རེད།
དེ་ནི་སྤྱི་ཟླ་བདུན་པའི་ནང་རེད། དབུས་སྣེ་ལེན་ཁང་ན་བོད་ནས་འབྱོར་བ་མི་བཅུ་ཡང་མི་འདུག ང་སྣེ་ལེན་ཁང་གི་ནང་ལ་འཛུལ་ཞོར་དུ་གཡོན་ཕྱོགས་ཀྱི་ཉལ་ཁང་ཆེན་པོ་དེར་ཅིག་བལྟས།
ཉལ་ཁང་ཆེན་པོ་དེ་སྟོང་སེ་ངེ་འདུག ཐོག་ཁང་གཉིས་པ་དེའི་སྐས་འཛེགས་ལ་གོམ་པ་སྤོ་བཞིན་དུ། ངས་སེམས་ནས་སྟོང་སེ་ངེར་ལྷག་པའི་ཉལ་ཁང་འདི་དང་༡༩༩༩ལོའི་ང་ཡོད་དུས་ཀྱི་ཉལ་ཁང་གི་འཚང་ཁ་དེ་གཉིས་བསྡུར། ང་ཐོག་བརྩེགས་གཉིས་པ་དེར་ཡོད་པའི་ལས་ཁུངས་སུ་འཛུལ། “སྣེ་ལེན་ཁང་གི་སྐུ་ངོ་བཞུགས་འདུག་གམ།” ” སྐུ་ངོ་འདུག དོན་དག་ག་རེ་ཡོད།”
“ང་སྐུ་ངོ་ལ་ཅིག་ཐུག་དགོས་ཀྱི་ཡོད།” “དེ་བ་ནས་ཅུང་ཙམ་སྒུག་རོགས།” ” སྐུ་ངོས་ཁྱེད་རང་ནང་ལ་བཅར་གསུངས་སོང་།” ” སྐུ་ངོ་བཀྲ་ཤིས་བདེ་ལེགས། ང་གཙུག་ལག་སློབ་ཁང་གི་སློབ་མ་ཞིག་ཡིན།
ངས་བཙན་བྱོལ་བོད་མིའི་མི་འབོར་གྱི་སྐོར་ལ་ཞིབ་འཇུག་གི་རྩོམ་ཞིག་འབྲི་དགོས་ཀྱི་ཡོད།” ངས་དེ་སྐད་ཟེར་བཞིན་སློབ་གྲའི་ངོས་སྦྱོར་དེ་སྣེ་ལེན་སྐུ་ངོའི་མདུན་ཅོག་སྟེང་ལ་བཞག
ཁོང་གིས་ངའི་ངོས་སྦྱོར་ཡི་གེ་ྐློག་བཞིན་འདུག ང་ཁུ་སིམ་མེར་བསྡད། ” འདིའི་སྒང་ལ་ཞིབ་འཇུག་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག ལས་གཞི་འདིའི་སྒང་ལ་ངས་ཁྱེད་ལ་རོགས་པ་ག་རེ་བྱེད་ཐུབ་པ་འདུག” ” སྐུ་ངོ་ལགས། ང་ལ་ཕྱི་ལོ་༢༠༠༥ལོ་ནས་༢༠༠༨ལོའི་དབར་གྱི་ལོ་རེའི་བོད་ནས་འབྱོར་མཁན་གྱི་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་དེ་དང་། ཁོང་ཚོ་རྡ་ས་དབུས་སྣེ་ལེན་ཁང་དུ་སླེབས་རྗེས། དགོན་པ་དང་སློབ་གྲ་ གཞིས་ཆགས་ཁག་བཅས་གང་གང་ལ་བཏང་ཡོད་མེད་དང་དེའི་ལོ་རེའི་གྲངས་འབོར་ཞིག་དགོས་ཀྱི་འདུག ”
“ཨ་ལེ། འདི་ངས་ཁྱོད་ལ་ད་ལྟ་རང་སྤྲོད་ཆོག་གི་མ་རེད། དང་པོ་ཁྱེད་རང་དྲིལ་བསྒྲགས་ལས་ཁུངས་སུ་སོང་ནས་དྲིལ་བསྒྲགས་དྲུང་ཆེའི་རྩ་ནས་རྒྱབ་གཉེར་ཡི་གེ་ཞིག་ལེན་དགོས་རེད།
རྒྱབ་གཉེར་ཡི་གེ་དེ་འཁྱེར་ནས་འདིར་ཤོག་དང་། ངས་ཁྱེད་ལ་རོགས་པ་ག་རེ་བྱེད་ཐུབ་གི་འདུག་བལྟ་ཆོག་གི་རེད།” ” སྐུ་ངོ་ལགས། ཐུགས་རྗེ་ཆེ།” ང་སྣེ་ལེན་ཁང་དང་ཁ་བྲལ།
འདི་ནི་ང་རྒྱ་གར་དུ་འབྱོར་ཚར་བའི་རྗེས་སུ། སྣེ་ལེན་ཁང་དུ་བཅར་བ་ཐེངས་དང་པོ་དེ་ཡིན། ཉིན་རྗེས་མ་དེར་ང་ཕྱི་དྲིལ་ལ་བཅར། དྲིལ་བསྒྲགས་དྲུང་ཆེ་དེར་ངའི་སློབ་གྲའི་ངོས་སྦྱོར་དེ་སྤྲད།
སྣེ་ལེན་སྐུ་ངོས་གང་གསུངས་བ་དེ་བཤད། དྲུང་ཆེ་བུད་མེད་དེས། བོད་སྐད་དབྱིན་སྐད་འདྲེས་མ་ཞིག་གིས། སང་ཉིན་ཤོག་དང་ངས་དྲུང་ཆེའི་རྩ་ནས་རྒྱབ་གཉེར་ཡི་གེ་དེ་བླངས་ཆོག་ཟེར།
ལགས་སོ་ཟེར་བཞིན་ཕྱི་དྲིལ་དང་ཁ་བྲལ་ནས་ཕྱིར་རང་གི་གནས་ཚང་ལ་ཕྱིན། ཕྱི་ཉིན་ཕྱི་དྲིལ་དྲུང་ཆེའི་རྒྱབ་གཉེར་ཡི་གེ་དེ་ལེན་དུ་ཕྱིན།” རྒྱབ་གཉེར་ཡི་གེ་དེ་ Envelope འདིའི་ནང་ན་ཡོད།”
ངས་ཡིག་ཐུམ་དེ་ལག་ཏུ་བླངས། ཡིག་ཐུམ་དེའི་ངོས་སུ་བསྟན་འཛིན་ནོར་བུ་ཟེར་མཁན་ཞིག་གི་ཁ་བྱང་འདུག ཁ་བྱང་དེའི་སྒང་ལ་འཕྲེད་རྟགས་འགའ་བརྒྱབ་འདུག ངའི་སེམས་ལ།
རྒྱབ་གཉེར་ཡི་གེ་དེ་ཡིག་ཐུམ་འདིའི་ནང་ན་ཡོད་དམ། གཅིག་བྱས་ན་ནོར་མེད་འགྲོ་ ཡིག་ཐུམ་འདིའི་སྒང་ན་མི་གཞན་གྱི་ཁ་བྱང་འདུག ངའི་སེམས་ལ་དོགས་པ་ཇེ་ཆེ་ཕྱིན།
ཕྱི་དྲིལ་ལས་ཁུངས་མདུན་གྱི་སྐས་འཛེགས་ཆུང་ཆུང་དེར་མར་བབས་ནས་ཕྱིར་ལས་ཁུངས་ལ་ཕྱིན། ” ཨ་ཅག་ལགས། རྒྱབ་གཉེར་ཡི་གེ་དེ་འདིའི་ནང་དུ་ཡོད་དམ།
འདིའི་སྒང་ན་མི་གཞན་གྱི་ཁ་བྱང་འདུག” ” དེ་ལ་སྐྱོན་ཡོད་མ་རེད། རེད། རྒྱབ་གཉེར་ཡི་གེ་དེ་དེའི་ནང་ན་ཡོད།” “Ok Thanks” ངས་ཀྱང་དབྱིན་སྐད་ཞིག་བརྒྱབ་ནས་ཕྱིར་ལོག
ཉིན་རྗེས་མ་དེར་ཆར་བ་བབས་སོང་། ང་ཡང་སྣེ་ལེན་ཁང་ལ་ཕྱིན་མེད། གནས་ཚང་དུ་དེབ་ཞིག་ྐློག་ནས་བསྡད་པ་ཡིན།
ཉིན་གཉིས་ཀྱི་རྗེས་སུ་ང་སྣེ་ལེན་ཁང་ལ་བསྐྱར་དུ་ཕྱིན་པ་ཡིན། སྔར་བཞིན་སྣེ་ལེན་སྐུ་ངོའི་གཞུང་སྒྲུབ་ཁང་ལ་འཛུལ། སྐུ་ངོས་དྲིལ་བསྒྲགས་དྲུང་ཆེའི་རྒྱབ་གཉེར་དེར་བལྟ་ཙམ་བྱས་སོང་།
“ངས་ཁྱོད་ལ་གྲངས་ཀ་ངོ་མ་དེ་སྤྲད་ཆོག་གི་མ་རེད། ང་ཚོས་རྒྱ་གར་གསང་བའི་ལས་ཁུངས་ལ་མ་གཏོགས་སུ་ལ་ཡང་གྲངས་ཀ་ངོ་མ་དེ་སྤྲོད་ཀྱི་ཡོད་མ་རེད།
ཡིན་ན་ཡང་། ངས་ཁྱེད་ལ་རོབ་ཙམ་ཞིག་སྤྲད་ཆོག་གི་རེད།” སྐུ་ངོས་ཡིག་སྒམ་ནས་ཡིག་ཐུམ་ཚན་པ་གཅིག་ཚུར་བླངས་སོང་།
ངས་འབྲི་དེབ་ཞིག་དང་སྨྱུ་གུ་ཞིག་བཟུང་། སྐུ་ངོས་གྲངས་ཀ་དེ་ཚོ་ྐློགས་སོང་།ངས་མར་བྲིས་བ་ཡིན། ༢༠༠༥ལོར་སློབ་གྲ་ཁག་ལ་བཏང་བའི་སློབ་མའི་འབོར་དེར་སླེབས་སོང་། སྐུ་ངོས། ཁྱོན་བསྡོམས་སློབ་མ་༥༢༠ཙམ་ཟེར། ངའི་སེམས་ལ་ཡང་འདི་ཚོད་དཔག་གི་གྲངས་ཀ་ཙམ་རེད་མ་གཏོགས་གྲངས་ཀ་ངོ་མ་དེ་རེད་བསམ་པ་ཞིག་ཤར་མ་སོང་། གང་ལྟར། ངས་གྲངས་ཀ་དེ་དག་བསྒྲིགས་ནས་སྣེ་ལེན་ཁང་དང་ཁ་བྲལ། ལམ་བར་དུ་བསམ་བློ་ཡང་ཡང་བཏང་། གྲངས་ཀ་ངོ་མ་དེ་མེད་ན་དེས་ངའི་ཞིབ་འཇུག་ལ་ཕན་ཐོགས་ཀྱི་མ་རེད། ད་ཅི་བྱས་ན་དགའ་སམ།
གྲངས་ཀ་ངོ་མ་དེ་མི་རག་ན་། འདིའི་སྒང་ལ་ཞིབ་འཇུག་བྱས་ན་ཕན་པ་མི་འདུག དེ་ལས་ཞིབ་འཇུག་གི་བརྗོད་གཞི་འདི་བརྗེ་བོ་བརྒྱབ་ན་དགའ་ས་རེད། བསམ་བློ་འདྲ་མིན་གཏོང་གིན་གཏོང་གིན།
ངའི་སེམས་ལ་ཐབས་ཇུས་གཞན་ཞིག་ཤར། ངས་ལམ་འགྲམ་གྱི་ཁ་པར་གཏོང་ས་ཞིག་ནས། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ལ་ཁ་པར་བཏང་། “རྒན་ལགས། བཀྲ་ཤིས་བདེ་ལེགས།
ཕྱི་ལོ་༢༠༠༥ལོར་བོད་ཁྱིམ་དུ་བོད་ནས་སློབ་མ་ག་ཚོད་འབྱོར་འདུག་གམ། འདིའི་གྲངས་ཀ་ཞིག་གནང་རོགས།” ” ཕྱི་ལོ་༢༠༠༥ལོར་། བོད་ཁྱིམ་དུ་ཁྱོན་བསྡོམས་བོད་ནས་འབྱོར་བའི་སློབ་མ་གྲངས་༦༥༠ལྷག་བྱུང་འདུག” ” རྒན་ལགས། བཀའ་དྲིན་ཆེ།” ང་ཁོང་ཁྲོ་ཅུང་ཙམ་ལངས། ངའི་སེམས་ལ། སྣེ་ལེན་སྐུ་ངོ་རྫུན་རྐྱལ་དེ་ལ་རེ་བ་རྒྱག་པ་ལས། བོད་ཁྱིམ་དང་གསོག་སྒར་སློབ་གྲ་གཉིས་ལ་ཐད་ཀར་འབྲེལ་བ་བྱས་ནས་གྲངས་ཀ་དེ་རག་ཐབས་བྱས་ན་ཡག་པ་འདུག་དྲན་སོང་། གང་ལྟར། སྣེ་ལེན་སྐུ་ངོ་དེའི་རྩ་ནས་གྲངས་ཀ་ངོ་མ་དེ་རག་ཐབས་བྱེད་དགོས་རེད་དྲན་སོང་།
ངའི་སེམས་སུ། སྣེ་ལེན་ཁང་དེ་བདེ་སྲུང་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་རེད་། བདེ་སྲུང་སྐུ་ངོ་ལ་སྐད་ཆ་བཤད་ན་རེ་བ་མེད་འགྲོ་དྲན། ཉིན་རྗེས་མ་དེར། ང་ཐད་ཀར་བདེ་སྲུང་ལས་ཁུངས་སུ་བཅར། སྣེ་ལེན་བྱེད་མཁན་ཨ་ཅག་རྒྱགས་པ་དེར། བདེ་སྲུང་སྐུ་ངོ་ལ་ཐུག་དགོས་བའི་རྒྱུ་མཚན་དེ་ཚོ་བཤད། བདེ་སྲུང་སྐུ་ངོ་ལས་ཁུངས་སུ་འདུག ངས་རང་གི་ཞིབ་འཇུག་གི་ལས་གཞི་དེའི་སྐོར་བཤད། སློབ་གྲའི་ངོས་སྦྱོར་ཡི་གེ་དེ་བདེ་སྲུང་སྐུ་ངོའི་མདུན་ལ་བཞག བདེ་སྲུང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ཞུ་བ་དེ་རེད། ངས་སྣེ་ལེན་སྐུ་ངོས་སྤྲད་པའི་གྲངས་ཀ་དེ་དང་བོད་ཁྱིམ་ནས་རག་པའི་གྲངས་ཀ་དེ་གཉིས་ཀྱི་སྐོར་ཁོང་ལ་བཤད། ཁོང་ཅུང་ཙམ་ཡིད་མ་ཆེས་བའི་ངང་ནས་། གྲངས་ཀ་སྤྲོད་ཆོག་གི་རེད། ངས་སྣེ་ལེན་སྐུ་ངོར་ཁ་པར་བཏང་ཆོག ཁྱེད་རང་སང་ཉིན་སོང་དང་རག་གི་རེད་ཟེར། སྐུ་ངོ་ལ་ཐུགས་རྗེ་ཆེ་ཞུས་རྗེས་བདེ་སྲུང་ལས་ཁུངས་དང་ཁ་བྲལ། ཕྱི་ཉིན་དེར། ང་སྣེ་ལེན་ཁང་དུ་བཅར་དུས། སྣེ་ལེན་སྐུ་ངོའི་དྲུང་ཡིག་དེས་མི་འབོར་གྱི་གྲངས་ཐོ་དེ་མདུན་ཅོག་སྟེང་ལ་ཉར་ནས་བསྡད་འདུག
སྣེ་ལེན་ཁང་ནས་བོད་མི་སྐྱབས་བཅོལ་བའི་མི་འབོར་གྱི་གྲངས་ཀ་དེ་རག་ཚར་བའི་རྗེས་ཀྱི་བདུན་གཅིག་གི་རྗེས་སུ། ང་བོད་གཞུང་འཆར་འགོད་ལས་ཁུངས་དུ་བཅར། ཉིན་དེར། འཆར་འགོད་འགན་འཛིན་མི་འདུག འཆར་འགོད་ལས་ཁུངས་ནས་ང་ལ་དགོས་རྒྱུ་དེ། ཕྱི་ལོ་༢༠༠༥ཚུན་གྱི་གཞིས་ཆགས་ཁག་གི་མི་འབོར་དང་བུ་སྐྱེས་ཀྱི་གྲངས་འབོར། སྤྱི་སྙོམས་གྱི་ཚེ་ཚད།
ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གྲངས་འབོར་བཅས་ཡིན། འཆར་འགོད་ལྷན་ཁང་གིས་ཕྱི་ལོ་༢༠༠༨ལོར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་དེ་ཚར་དགོས་ཀྱི་ཡོད་རེད།
ངས་དེ་ཤེས་གི་ཡོད། འཆར་འགོད་ལྷན་ཁང་གིས་ཀྱང་དེ་མཁྱེན་གི་ཡོད་རེད། འཆར་འགོད་ལྷན་ཁང་གིས་ལོ་བཅུ་རེའི་ནང་ལ་བཙན་བྱོལ་བོད་མིའི་མི་འབོར་ལ་བསྐྱར་ཞིབ་ཐེངས་གཅིག་གནང་གི་ཡོད་རེད། འཆར་འགོད་ལྷན་ཁང་གི་བུད་མེད་ལས་བྱེད་དེས། ང་ལ་དྲི་ལན་སྐྱིད་པོ་ཞིག་གནང་ནས་མགོ་སྐོར་སོང་། ངས་རང་ལ་དགོས་བ་དེ་ཚོའི་སྐོར་ཞིབ་ཕྲ་བཤད། བུད་མེད་དེས་ང་ལ།
“ད་ལོར་བོད་ནང་དུ་བོད་མིའི་ཞི་རྒོལ་བྱུང་བ་ལ་བརྟེན་ནས། ང་ཚོས་མི་འབོར་ཞིབ་བཤེར་གྲངས་ཐོ་དེ་ཕྱི་ལ་བཏོན་ཐུབ་ཡོད་མ་རེད། ཡིན་ན་ཡང་། གློག་ྐླད་ནང་ན་ཡོད་རེད།”
ངས་བུད་མེད་དེར། ” སྐུ་མཁྱེན། ང་ལ་གློག་ྐླད་ནང་གི་དེ་ཚོ་གཅིག་བསྟན་ན་འགྲིག་གམ།” བུད་མེད་དེས་ལན་དུ། “འགྲིག་གི་མ་རེད་ཟེར།” ངས་ཨ་ཚུགས་མ་བརྒྱབ་པར་ཕྱིར་ལོག
འདིའི་རྗེས་ཀྱི་བདུན་གཅིག་གི་རྗེས་སུ། ང་ཡོངས་གླིང་ཟླ་བ་ཚེ་རིང་གི་རྩར་བཅར། ཁོང་གི་རྩར་འགྲོ་དོན་ནི། རྡ་ལམ་ས་ལའི་ལས་མེད་ཚོགས་པ་དེ་དང་ཚོགས་པ་དེའི་ཚོགས་མིའི་གནས་སྟངས།
ཚོགས་མིའི་ལས་ཀ་བཅས་ཀྱི་སྐོར་ནས་ཡིན། ངེད་གཉིས་ཀྱིས། ཡོངས་གླིང་སློབ་གྲའི་ཡང་ཐོག་གི་ཁོང་གི་ལས་ཁུངས་དེར་གླེང་མོལ་རིང་ཙམ་གནང་། ང་ཡོང་དོན་གྱི་སྐོར་ལ་སྐད་ཆ་མ་བཤད་སྔོན་ལ་ཁོང་གིས་ང་ལ་ཡོངས་གླིང་སློབ་གྲ་དང་ལས་མེད་ཚོགས་པའི་སྐོར་ངོ་སྤྲོད་གནང་སོང་། དེའི་རྗེས་སུ་། ངས་རང་གི་ཞིབ་འཇུག་གི་ལས་ཀ་དེའི་སྐོར་བཤད།
“ང་ལ་ལས་མེད་ཚོགས་པ་འདིའི་ལོ་རེའི་འགྲོ་སོང་དང་། ཚོགས་མི་གཅིག་གི་ལོ་རེའི་ཡོང་འབབ། ལག་རྡུབ་བཟོ་གྲ་ཆུང་ཆུང་དེའི་ཡོང་སྒོ་བཅས་བརྗོད་ན་འགྲིག་གམ།”
དྲི་བ་འདི་གསུམ་ངེད་ཀྱི་ཁ་ནས་མ་ཚར་སྔོན་ལ། ཟླ་བ་ཚེ་རིང་གི་ཁུ་ཚུར་གྱིས་མདུན་ཅོག་གི་སྟེང་ལ་བཞུས་སོང་།
“ཁྱོད་ག་རེ་རེད། ཁྱོད་ངའི་རྩིས་བ་རེད་དམ། ཡང་ན་ཁྱོད་ང་ལ་ཞིབ་འཇུག་བྱེད་མཁན་རེད་དམ།” ཟླ་བ་ཚེ་རིང་གི་ཁོང་ཁྲོ་ཆེ་རུ་ཕྱིན་སོང་།
ང་ཁོང་ཁྲོ་ལངས་རྒྱུ་ཚབ་ལ། ངས། “སྐུ་ངོ་། ང་ལ་གྲངས་ཀ་དེ་དག་གནང་ཐུབ་གི་མེད་ན་མ་གནང་ན་འགྲིག”
ང་འགྲོ་རྩིས་བྱས། ཟླ་བ་ཚེ་རིང་གི་གདོང་གཤིས་ཅུང་ལྷོད་ལ་བབས་སོང་། ” མ་རེད་མ་རེད། གྲངས་ཀ་སྤྲོད་ཆོག་གི་རེད། ཡིན་ན་ཡང་། དྲི་བ་དེ་འདྲ་བཏང་ན་ཁག་པོ་རེད།”
ཕྱི་ལོག་ཏུ་ཆར་བ་སིམ་སིམ་ཞིག་འབབ་བཞིན་འདུག ང་ཡོངས་གླིང་སློབ་གྲའི་སྐས་འཛེགས་བརྒྱུད་མེག་ལོར་གྱི་རླངས་འཁོར་བབས་ཚུགས་སུ་ཕྱིན།
ཆར་ཤུགས་ཆེ་རུ་ཕྱིན་སོང་། ང་གླ་འཁོར་མོ་ཌ་ཞིག་ཏུ་བསྡད་ནས་གངས་སྐྱིད་ལ་ཕྱིན།
ཨ་ལེ། དེ་འདྲ་ཟེ་རེད་པས།
དེ་ནས་ག་བར་ཕྱིན་པ་ཡིན་ནམ། མུ་མཐུད་ནས་ཅིག་ཤོད་དང་། སྙན་པོ་དཔེ་འདུག
མདོ་འདུམ་ཚང་།
ཡང་སྙིང་ཁྱེད་ལ་དོན་དག་རྩ་བ་ནས་མ་བྱུང་བ་ཨེ་རེད། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་དེའི་སྒང་ལ། གོམ་པ་རྩ་བ་ནས་བརྒྱབ་མ་ཐུབ་པ་རེད་པས། མ་གཞི་ནས་སྣེ་ལེན་རྐུབ་སྔོ་དེས། བོད་ནས་སླེབས་པའི་མིའི་གྲངས་ཚད་དྲང་པོ་ཤོད་མི་ནུས་པ་ཅི་ཡིན་ནམ། ཡང་ཡོངས་གླིང་ཟླ་བ་ཚེ་རིང་ལ་ལས་མེད་ཚོགས་པའི་ཡོངས་འབབ་སྐོར་གླེང་དུས། ཟླ་བ་ཚེ་རིང་གིས་ལམ་སེང་ཅོག་ཙེའི་སྟེང་མུར་མཛོག་བརྡབ་དགོས་དོན་གང་ཡིན་ནམ། འཆར་འགོད་ལས་ཁུངས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གྲངས་ཐོ་ཕྱིར་བསྒྲགས་མ་བྱས་ཟེར། ཁྱེད་ལ་གྲངས་ཐོ་ངོ་མ་མི་སྤྲད་པ་གང་ཡིན་ནམ།
༸གོང་ས་མཆོག་དང༌། བཀའ་བློན་ཁྲི་པས་རྟག་ཏུ། ང་ཚོའི་ངོས་ནས་དྲང་པོ་དྲང་གཞག ཕྱི་གསལ་ནང་གསལ། ངོ་ལྐོག་རྒྱབ་མདུན་མེད་པ། གསང་བ་གང་ཡང་མེད་ཅེས། གསུངས་ཀྱི་འདུག ཡིན་ནའི་འོག་གི་ལས་ཀ་བྱེད་མཁན་དེ་ཚོས་ཡང་སྙིང་དྲང་པོ་བྱེད་མི་ཕོད་པ་ཅི་ཡིན་ནམ། ངོ་མ་ཁྱད་མཚར་རེད།
ཁྱེད་རང་གིས་སྐུ་ངོ་ལགས་དང༌། མལ་ཌམ་ལགས་ཞེས་ཞུས་པས།
མདོ་འདུམ་ལགས། དུས་བབ་ཐོག་མི་འབོར་སྐོར་འདི་འདྲ་ཞིག་འདུག
ད་ལྟ་བཙན་བྱོལ་བོད་མིའི་གྲངས་འབོར་ ༡༢༧༩༣༥ རེད།
འདོན་སྤེལ། ༢༠༡༠/༡༢/༠༧
བཙན་བྱོལ་བོད་གཞུང་གི་ ༢༠༠༩ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ད་ཆར་བཙན་བྱོལ་ནང་ཁྱོན་བོད་མི་ ༡༢༧༩༣༥ ཡོད་པ་ལས་ཕོ་ ༧༠༥༥༦ དང་། མོ་ ༥༧༣༧༩ བཅས་ཡིན་འདུག་ལ། ཕྱི་ལོ་ ༡༩༩༨ ལོའི་མི་འབོར་ཞིབ་བཤེར་དང་བསྡུར་ན་མི་ ༡༦༩༡༥ ཙམ་འཕར་ཡོད།
ཟླ་འདིའི་ཟླ་མགོར་བོད་གཞུང་འཆར་འགོད་ལྷན་ཁང་གིས་ལོ་སྔོན་མར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པ་གནང་བའི་སྙན་ཐོ་བཏོན་པའི་ནང་། དེང་སྐབས་བཙན་བྱོལ་ཁྱོན་ཡོངས་སུ་བོད་མི་གྲངས་ ༡༢༧༩༣༥ ཙམ་ཡོད་འདུག་ཅིང་། དེ་དག་གི་ཁྲོད་ཕོ་ ༧༠༥༥༦ དང་མོ་ ༥༧༣༧༩ བཅས་ཡིན་ཞིང་། རྒྱ་གར་དུ་བོད་མི་ ༩༤༢༠༣ ཡོད་པ་དང་། བལ་ཡུལ་དུ་བོད་མི་ ༡༣༥༡༤། འབྲུག་ཡུལ་དུ་བོད་མི་ ༡༢༩༨། དེ་བཞིན་ཕྱི་རྒྱལ་ཁག་ཏུ་བོད་མི་ ༡༨༩༢༠ བཅས་ཡོད་འདུག ༡༩༩༨ ལོའི་བཙན་བྱོལ་བོད་གཞུང་གི་མི་འབོར་ཞིབ་བཤེར་ཐེངས་དང་པོའི་སྐབས། བཙན་བྱོལ་ཁྱོན་ཡོངས་སུ་བོད་མི་གྲངས་ ༡༡༡༠༢༠ ཙམ་ཡིན་ཞིང་། སྔ་ཕྱི་གཉིས་བསྡུར་ན་ཐེངས་འདིར་མི་གྲངས་ ༡༦༩༡༥ ཙམ་ཡར་འཕར་ཡོད་འདུག བཙན་བྱོལ་བོད་མིའི་གྲངས་འབོར་གྱིས་འཛམ་གླིང་སྟེང་གི་བོད་རིགས་ཀྱི་བརྒྱ་ཆ་ ༣ ཙམ་ཟིན་ཡོད།
བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་དང་སློབ་གྲྭ་ཁག དགོན་སྡེ་སོགས་གཙོས་བོད་མིའི་སྤྱི་ཚོགས་ནང་གཏན་སྡོད་བྱེད་མཁན་བོད་རིགས་མ་ཡིན་པ་གྲངས་ ༡༥༤༦༡ ཙམ་ཡོད་འདུག་ལ། ཐེངས་སྔོན་མའི་མི་འབོར་ཞིབ་བཤེར་དང་བསྡུར་ན། བོད་མིའི་གཞིས་ཆགས་ཁག་ཏུ་གཏན་སྡོད་བྱས་ཡོད་པའི་ཕྱི་མིའི་གྲངས་འབོར་ལྡབ་ ༢༤ མང་དུ་ཕྱིན་ཡོད་ཅིང་། ༡༩༩༨ ལོ་ནས་ ༢༠༠༩ བར་བཙན་བྱོལ་བོད་མིའི་གྲངས་འབོར་ ༡༦༩༡༥ འཕར་ཡོད་པ་དེ་བལ་ཡུལ་དང་འབྲུག་གཉིས་ཀྱི་གཞིས་ཆགས་བོད་མིའི་གྲངས་ཚད་ཕྱོགས་གཅིག་ཏུ་བསྡོམས་པའི་གྲངས་འབོར་ལས་བརྒལ་ཡོད།
འདས་པའི་མི་ལོ་སུམ་ཅུའི་རིང་གི་བཙན་བྱོལ་བོད་མིའི་ལོ་རེའི་འཕེལ་ཚད་རགས་རྩིས་བྱས་ན་བརྒྱ་ཆ་ ༢་༨ མར་ཆག་ཡོད་པ་དང་། ༢༠༠༩ ལོའི་མི་འབོར་ཞིབ་བཤེར་ལྟར་ན་ལོ་རེའི་མི་འབོར་འཕེལ་རྒྱས་ཀྱི་བརྒྱ་ཆ་ ༡་༩༦ ལས་མེད། ལོ་རབས་དགུ་བཅུ་བ་ནས་མི་འབོར་འཕེལ་ཚད་མར་ཆག་བཞིན་ཡོད་པའི་ཁ་ཕྱོགས་དེས་མུ་མཐུད་འབྱུང་འགྱུར་གྱི་ལོ་རེའི་མི་འབོར་ཟགས་ཚད་ཇེ་མགྱོགས་སུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད། འདས་པའི་མི་ལོ་བཅུ་ཕྲག་འགའི་ནང་བཙན་བྱོལ་བོད་མིའི་སྐྱེ་འཕེལ་གྱི་གྲངས་ཚད་དང་འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་གཉིས་ཀ་མར་ཆག་ཡོད་ཐོག སྐྱེ་འཕེལ་གྱི་གྲངས་ཚད་མར་ཆག་པ་དེ་འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་ལས་བརྒལ་ཡོད་འདུག་པ་སོགས་བཀོད་འདུག
ཕྱི་ཚེས་ ༤ ཉིན་འདི་གའི་གསར་འགོད་པས་བོད་གཞུང་འཆར་འགོད་ལྷན་ཁང་གི་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ༢༠༠༩ ལོའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ནང་ཡོངས་ཁྱབ་ཐོག་དྲི་བ་ ༦༤ ཙམ་ལ་གནས་ཚུལ་ཕྱོགས་བསྡུ་བྱས་ཏེ། མི་ཚང་གཅིག་གི་མི་འབོར་དང་ཕོ་མོ། ལོ་གྲངས། དཔལ་འབྱོར། ཤེས་རིག ཆབ་སྲིད། སྡོད་གནས་དང་འཚོ་བའི་གནས་སྟངས་བཅས་ཆ་ཚང་འདུས་ཡོད་པའི་མི་འབོར་ཞིབ་བཤེར་ཚད་མཐོ་ཤོས་ཤིག་རེད།
ད་ལྟའི་ཆར་ཚོད་དཔག་བྱས་པ་ལྟར་ན། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ལྔ་ཁྲི་ལྷག་ཅིག་དགོས་པ་རེད་ཅེས་ཚང་མས་བཤད་ཀྱི་ཡོད་ལ། འཕར་ཚད་བརྒྱ་ཆ་གཉིས་བྱས་ན་དེ་ལྟ་བུ་ཞིག་ཏུ་བསླེབ་དགོས་ཀྱང་། ང་ཚོའི་འཕར་ཚད་ཧ་ཅང་དམའ་བོ་རེད། དེ་ནི་ཕྱི་སྡོད་བོད་མི་མང་དུ་ཕྱིན་པ་དང་བཙན་བྱོལ་བོད་མི་ཉུང་དུ་ཕྱིན་སྟབས་རེད། དཔེར་ན། ལོ་སྔོན་མའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ནང་། ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་དང་རྒྱ་གར་གྱི་མི་སེར་བཟོས་ཟིན་པའི་བོད་མི་མང་བོ་ཞིག་མཉམ་ཞུགས་བྱས་མེད། གལ་སྲིད་ཁོང་ཚོ་མི་འབོར་ཞིབ་བཤེར་ནང་འཛུལ་ན་འགོག་རྐྱེན་མེད་པ་དང་རྒྱ་གར་གཞུང་ཕྱོགས་ནས་དཀའ་ངལ་འཕྲད་ཀྱི་མེད་པ་ང་ཚོས་ཤེས་ཀྱི་ཡོད་མོད། དོགས་ཟོན་བྱས་ཏེ་མ་འཛུལ་བ་ཆགས་ཡོད། དེའི་རིགས་བོད་མི་ཡིན་ནའང་། མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་ཚུད་མེད། ཅེས་གསུངས།
ཡང་ཁོང་ལ་མི་འབོར་ཞིབ་བཤེར་འདི་བརྒྱུད་འདས་པའི་ལོ་བཅུའི་རིང་གི་བོད་མིའི་ཤེས་ཡོན་གནས་ཚུལ་གང་དུ་བསླེབས་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། མི་འབོར་ཞིབ་བཤེར་འདི་བརྒྱུད་འདས་པའི་མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་སྟངས་ཀྱང་གསལ་བོ་བྱུང་ཡོད། ཤེས་ཡོན་གནས་ཚུལ་ནང་ཚད་འཛིན་སའི་གྲངས་ཀ་ཆེ་བ་ཁག་ཅིག་ཡོད་པ་ལས། དཔེར་ན། ཡིག་རྨོངས་སེལ་བ་ལྟ་བུ་རེད། ༡༩༥༩ ལོར་ང་ཚོ་འདིར་འབྱོར་སྐབས་ཡིག་རྨོངས་ཀྱི་ཚད་གཞི་མཐོ་བོ་རེད། དེ་བཞིན། ལོ་རབས་བརྒྱད་ཅུའི་ནང་བརྒྱ་ཆ་ ༦༠ ཡས་མས་དང་། ༡༩༩༨ ལོའི་ཞིབ་བཤེར་སྐབས་བརྒྱ་ཆ་ ༧༠ ཟིན་ཡོད། སྔར་ལོ་བརྒྱ་ཆ་ ༨༤ ཙམ་ཟིན་ཡོད་སྟབས། ལོ་བཅུའི་ནང་དུ་བརྒྱ་ཆ་བཅུ་ལྷག་འཕར་ཡོད། ད་ལྟ་བཙན་བྱོལ་བོད་མིའི་ཡིག་རྨོངས་བརྒྱ་ཆ་ ༢༠ མ་ཟིན་ཙམ་ལས་མེད་ལ། དེ་དག་ཁྲོད་ཕོ་ལས་མོ་མང་བ་ཡོད་ཀྱང་། སློབ་གྲྭ་དང་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་སྟབས། ༢༠༢༠ ལོ་ཡས་མས་ལ་བརྒྱ་ཆ་བརྒྱའི་ཡིག་རྨོངས་སེལ་རྒྱུའི་ཆ་རྐྱེན་ཚང་འདུག
དཔལ་འབྱོར་གནས་སྟངས་ལ་ཆ་བཞག་ན་ཡང་ ༡༩༩༨ ལོ་དང་བསྡུར་ན། ད་ལྟའི་གནས་སྟངས་ཧ་ཅང་ཡག་ཏུ་ཕྱིན་འདུག བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ལ་དངུལ་ཁང་གི་དངུལ་དེབ་ཡོད་པ་དང་། ཕལ་ཆེ་བར་ནང་དུ་འཁྲུད་ཁང་གསང་སྤྱོད་ཡོད་པ། བརྒྱ་ཆ་བརྒྱ་ལ་གློག་གི་མཐུན་རྐྱེན་ཡོད་པ་ལྟ་བུ་ཆགས་ཡོད་ཟེར།
ཡང་ཁོང་ལ་འདས་པའི་ལོ་བཅུའི་རིང་གི་ཕྲུ་གུ་སྐྱེ་ཚད་ཀྱི་འཕར་ཆག་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་གསུངས་དོན། ཕྲུ་གུ་སྐྱེས་པའི་འཕར་ཚད་ལ་ཐོལ་གྱིས་བལྟས་ན་སེམས་ཁྲལ་ལངས་ཡོང་ནའང་། ཡང་ཕྱོགས་གཞན་ནས་བལྟས་ན་འཕར་ཚད་དེ་ནི་དུས་ཀྱི་འཕོ་འགྱུར་ཞིག་རེད། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར་བྱས་ན། མི་འབོར་གྱི་འཕར་ཚད་མཐོ་བ་ནས་དམའ་བར་འགྲོ་བཞིན་འདུག རྒྱ་གར་ལྟ་བུ་ཡིན་ནའང་ཕྲུ་གུ་དྲུག་ནས་གསུམ་ལ་མར་ཟགས་ཡོད། ཡིན་ནའང་། ང་ཚོའི་ཕྲུ་གུ་སྐྱེ་བའི་འཕར་ཚད་མར་ཟགས་པ་ཧ་ཅང་གི་མྱུར་པོ་རེད། རྒྱལ་ཁབ་ཅིག་གི་ལོ་ ༥༠ ནང་གི་ཟགས་ཚད་དེ་ང་ཚོར་ལོ་ ༣༠ ཆགས་འདུག དཔེར་ན། ༡༩༨༧ ནས་ ༨༩ བར་ཕྲུ་གུ་སྐྱེ་ཚད་ ༤་༩ ཡིན་ཡང་། ༡༩༩༨ ལོར་ ༡་༢༢ དང་། ཐེངས་འདིར་ ༡་༡༨ ཙམ་རེད། དེར་བརྟེན། ཕྲུ་གུ་སྐྱེས་ཚད་ཧ་ཅང་གི་ཉུང་ཉུང་རེད་ལ། སྐྱེ་ཚད་ཉུང་ཉུང་ཡིན་སྟབས་མི་འབོར་འཕར་ཚད་ཀྱང་དེ་མཚུངས་ཀྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག
གང་ལྟར་ཕྲུ་གུ་སྐྱེ་ཚད་དེར་ཅུང་ཙམ་བློ་ཕམ་སྐྱེ་གཞི་ཞིག་ཡོད་ལ། བཀའ་བློན་ཁྲི་པ་མཆོག་གིས་ཀྱང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས། ལོ་ཉི་ཤུ་ཕྱིན་ན་བོད་མིའི་མི་འབོར་ཕྱེད་ཀ་མར་ཆག་ངེས་རེད་ཅེས་གསུངས་ཡོད། དེ་ནི་མི་རིགས་ཤིག་གི་སྐྱེས་འཕེལ་གྱི་ཚད་གཞི་བརྒྱ་ཆ་གཅིག་གི་འོག་གནས་ཡོད་ཚེ། མི་རིགས་དེའི་འཕར་ཚད་མར་ཆག་གི་ཡོད་པས་རེད། ཅེས་གསུངས་བྱུང་།
༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོའི་ནང་བཀོད་པ་ལྟར་ན། ཐེངས་འདིའི་མི་འབོར་ཞིབ་བཤེར་གྱི་དམིགས་འདུན་ནི། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁག་གི་སྤྱི་ཚོགས་ཡར་རྒྱས་དང་སྲ་བརྟན་བཟོ་རྒྱུའི་ལས་གཞི་ཁག་གི་ཆེད་མི་འབོར་གཞིར་བཟུང་གིས་སྤྱི་ཚོགས་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དགོས་གལ་ཆེ་བར་བརྟེན་ནས་ཐག་གཅོད་བྱུང་བ་ཞིག་ཡིན་སྐོར་བཀོད་འདུག
མདོ་འདུམ་ཚང་།
ཡང་སྙིང་ཁྱེད་ལ་དོན་དག་རྩ་བ་ནས་མ་བྱུང་བ་ཨེ་རེད། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་དེའི་སྒང་ལ། གོམ་པ་རྩ་བ་ནས་བརྒྱབ་མ་ཐུབ་པ་རེད་པས། མ་གཞི་ནས་སྣེ་ལེན་རྐུབ་སྔོ་དེས། བོད་ནས་སླེབས་པའི་མིའི་གྲངས་ཚད་དྲང་པོ་ཤོད་མི་ནུས་པ་ཅི་ཡིན་ནམ། ཡང་ཡོངས་གླིང་ཟླ་བ་ཚེ་རིང་ལ་ལས་མེད་ཚོགས་པའི་ཡོངས་འབབ་སྐོར་གླེང་དུས། ཟླ་བ་ཚེ་རིང་གིས་ལམ་སེང་ཅོག་ཙེའི་སྟེང་མུར་མཛོག་རྒྱག་དགོས་དོན་ཅི་ཡིན་ནམ། འཆར་འགོད་ལས་ཁུངས་ཀྱི་ལས་བྱེད་བུ་མོ་དེས་གཏམ་སྙན་པོའི་མགོ་སྐོར་གྱིས་ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གྲངས་ཐོ་ཕྱིར་བསྒྲགས་བྱས་མེད་ཟེར། ཁྱེད་ལ་གྲངས་ཐོ་ངོ་མ་མི་སྤྲད་པ་ཅི་ཡིན་ནམ།
༸གོང་ས་མཆོག་དང༌། བཀའ་བློན་ཁྲི་པས་རྟག་ཏུ། ང་ཚོའི་ངོས་ནས་དྲང་པོ་དྲང་གཞག ཕྱི་གསལ་ནང་གསལ། ངོ་ལྐོག་རྒྱབ་མདུན་མེད་པ། གསང་བ་གང་ཡང་མེད་ཅེས། གསུངས་ཀྱི་ཡོད་པས། འོག་གི་ལས་ཀ་བྱེད་མཁན་དེ་ཚོས་ཡང་སྙིང་དྲང་པོ་བྱེད་མི་ཕོད་པ་ཅི་ཡིན་ནམ། ངོ་མ་ཁྱད་མཚར་རེད། ཁོང་ཚོར་དྲང་པོ་བརྗོད་པར་དཀའ་ངལ་ཞིག་ཡོད་དམ།
ཁྱེད་རང་གིས་སྐུ་ངོ་ལགས་དང༌། མལ་ཌམ་ལགས་ཞེས་ཞུས་པས།
Don’t waste your time to write such things.
སྤྱིར་བཏང་བོད་མི་སུ་འདྲ་ཞིག་གིས་ཀྱང་བོད་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པ་ནི་ཡག་པོ་རེད། ཡིན་ན་ཡང། ཞིབ་འཇུག་བྱེད་པ་དང། རྒྱལ་ཁབ་དེ་དང་དེའི་གསང་བའི་གནད་དོན་སྐོར་ལ་འགན་ཁུར་དགོས་རྒྱུ་དེ་གནད་འགག་ཆེན་པོ་རེད། སྣེ་ལེན་ཁང་གི་འགན་འཛིན་གྱིས་མིང་གཞུང་མ་སྤྲད་པ་དེ་ཡག་པོ་རེད། དེ་ནི་གསང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། སྤྲད་དང་ལབ་ཚད་གང་ག་ལ་སྤྲད་པ་ཡིན་ན་བོད་མིའི་གསར་འབྱོར་བ་དང་ཁང་གི་ནང་མི་སྤུན་མཆེད་ལྷག་ལུས་ལ་ཉེན་ཁ་འཕྲད་མི་སྲིད་པ་མིན། བྱས་ཙང། མིང་གཞུང་མ་སྤྲད་པ་དེ་ཡག་པོ་བྱུང་འདུག ཕྱིན་ཆད་ལ་བདེ་སྲུང་གི་ངོས་འབྱོར་ཚད་ལྡན་མེད་ན་སྤྲད་མི་ཉན།
ཞིབ་འཇུག་པའི་མིང་འཁྱེར་ནས་ལས་དོན་གང་ཡང་བྱེད་སྲིད། བྱས་ཙང་གཟབ་དགོས།
སྟག་སྨྱོན་ཁྱོད་རང། ལམ་སེང་སྣེ་ལེན་ཁང་དང་གཞན་ཡང་བོད་གཞུང་གི་ལས་བྱེད་ཁག་ལ་སྐྱོན་བརྗོད་བྱེད་སྔ་མ་བྱེད། རང་ལ་འགན་འཁྲི་མེད་པའི་མི་ལ་དྲན་རྒྱུ་རྒོད་པོ་ཡོད། གཅིག་བྱས་དགོས་རེད། གཉིས་བྱེད་དགོས་རེད། གཅིག་བྱེད་ཀྱིན་མི་འདུག་ཟེར་མང་པོ་བཤད་ཆོག ཡིན་ན་ཡང་སོ་སོའི་ཕྲག་པ་སྒང་ལ་ལས་འགན་དེ་བབ་པ་ན་སྔར་གྱི་བསམ་པ་དང་གཅིག་མཚུངས་མིན་པ་གཞི་ནས་ཤེས་ཡོང།
ཨོ་རེད། རྗེ་བླ་མའི་ལམ་རིམ་དང་ཞི་བ་ལྷའི་སྤྱོད་འཇུག་སོགས་ཀྱི་ནང་དུ། དལ་འབྱོར་མི་ལུས་འདི་འཐོབ་དཀའ་བ་ཡིན་ཚུལ་དཔེ་དང་བཅས་ཏེ་གསུངས་ཡོད། ཡིན་ནའང་། དེང་སང་འཛམ་གླིང་འདིར་མི་འབོར་གྱི་གྲངས་ཀ་ཉིན་རེ་ནས་ཉིན་རེར་ཡར་འཕེལ་ནས་དེས་སའི་གོ་ལའི་ཁོར་ཡུག་སོགས་ཀྱིས་མཚོན་པའི་གནས་སྟངས་མང་པོ་ཞིག་ལ་དཀའ་ངལ་བཟོ་བཞིན་པ་རེད་ཅེས་བཤད་མཁན་འདུག འདི་ལ་དགེ་བཤེས་ཤིག་གིས་ལན་ཞིག་གནང་རོགས་ཞུ། ལན་རེ་ཡོད་ན་དེས་ང་ལ་ཅིག་ཕན་ས་རེད།
རྩོམ་འདི་དངོས་སྒྲུང་ཡིན། བོད་མི་སྒེར་བ་ཞིག་ལ་འཕྲད་པའི་དངོས་སྒྲུང་ཞིག་ཡིན།
དངོས་སྒྲུང་འདིའི་སུ་ལ་དགག་པ་རྒྱག་གི་མེད་ལ་སྐྱོན་བརྗོད་ཀྱང་བྱེད་གི་མེད། གང་བྱུང་བ་དེ་ཚིག་གི་རི་མོར་བརྒྱུས་བ་ཞིག་ཡིན།
གོང་དུ་དྲ་གྲོགས་འགས་སྐྱོན་བརྗོད་གནང་འདུག དེ་ལ་དགའ་བསུ་ཞུའོ། གཞན་གྱིས་བསྟོད་སྨད་ཇི་ལྟར་བྱས་རུང་། ངེད་ནི་མུ་མཐུད་དུ་འབྲི་མཁན་གྱི་རིགས་ཡིན།
དལ་འབྱོར་མི་ལུས་རིན་ཆེན་ཟེར་བ་འདི། བོད་ཀྱི་སྔོན་བྱུང་མཁས་བ་ཚོའི་བསམ་ཚུལ་ཞིག་རེད་དྲན།
བསམ་ཚུལ་འདི་ད་ལྟའི་གནས་སྟངས་དང་འཚམ་གི་ཡོད་མ་རེད། ད་ལྟའི་འཛམ་གླིང་འདི་ལ་དཀའ་ངལ་ཆེ་ཁག་འགའ་ཡོད་པའི་ཁྲོད་ནས།
གཅིག་དེ་མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་དེ་རེད། ད་ལྟའི་འཛམ་གླིང་གི་མི་འབོར་དེ། དུང་ཕྱུར་༦༠དང་བྱེ་བ་༧རེད།
སྤྱི་ལོ་༢༠༥༠ལོར། མི་འབོར་གྱི་གྲངས་འདི། དུང་ཕྱུར་༩༠དང་བྱེ་བ་༢ལ་འཕར་གི་རེད་ཟེར་གི་ཡོད་རེད། འོན་ཀྱང་། ཡར་ཐོན་ཆེ་བའི་རྒྱལ་ཁབ་དེ་ཚོའི་ད་ལྟའི་མི་འབོར་དེ་དུང་ཕྱུར་༡༠དང་བྱེ་བ་༢རེད། སྤྱི་ལོ་༢༠༥༠ལོར་ཡང་། རྒྱལ་ཁབ་དེ་དག་གི་མི་འབོར་རང་འཇགས་དུང་ཕྱུར་༡༠དང་བྱེ་བ་༢གྱི་སྒང་ན་འདུག་གི་ཡོད་རེད། ད་དཀའ་ངལ་དེ་གང་དུ་ཡོད་རེད་ཟེར་ན།
ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཚོའི་ནང་ན་ཡོད་རེད། རྒྱ་གར་དང་རྒྱ་ནག་གཉིས་གཙོ་བའི་ཨེ་ཤེ་ཡ་ཤར་མ་དང་ལྷོ་མ། དཀྱིལ་ཤར་ཨེ་ཤེ་ཡ། ཨ་ཧྤེ་རི་ཁ། ལྷོ་ཨ་མེ་རི་ཁའི་ལུང་པ་བཅས་རེད། མི་འབོར་འཕེལ་རྒྱས་ལ་བརྟེན་ནས། ལུང་པའི་དཔལ་འབྱོར་བསྲི་ཚགས་དཀའ་བ་དང་ཆབ་སྲིད་ཀྱི་འཛིན་སྐྱོང་སྤོ་ལུགས་པ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་གིན་ཡོད་རེད།
འདིའི་སྐོར་ནས། རྩོམ་ཡིག་ཐུང་ཐུང་ཞིག་ྐློག་མཁན་ཚོའི་མདུན་ལ་འཇོག་གི་ཡིན།
དགོངས་དག འདི་འདྲ་ཞིག་ངས་ཀྱང་ཤེས། ངས་དགེ་བཤེས་ཤིག་ལ་འདྲི་དོན་ནི། འདི་ལ་ལས་འབྲས་ཀྱི་སྐོར་ནས་ཀྱང་བཤད་རྒྱུ་མང་པོ་ཞིག་ལོས་ཡོད་དྲན་བྱུང་།
སྙན་བཟང་ལགས། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་ལེན་ཁག་པོ་ཡིན་ཏེ། ཆོས་བྱེད་པར་མི་ཁོམ་པ་བརྒྱད་ལས་ཐར་དཀའ་བ་དང་། འབྱོར་བཅུ་རེ་རེ་ནས་བརྟག་ན་ཡང་ཚང་དཀའ་བ་མྱོང་བས་མཐོང་ཐུབ། སྤྱིར་མི་ལུས་ཙམ་ལ་སྤྱར་ན། ལྷ་མིའི་རྟེན་ལས་ངན་སོང་ཁ་གྲངས་ཤིན་ཏུ་མང་བའི་དབང་དུ་བྱས་པ་མིན་འགྲོ
ཀརྡོ་རམ་འབྱམས་པ། ཐུགས་རྗེ་ཆེ།
དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་རིན་པོ་ཆེ་ཞེས་པ། རང་གིས་རང་ལ་ཁ་ཚུར་འཁོར་ནས་བལྟས་ན་མི་ལུས་རིན་ཆེ་འདི་ལྟར་ཐོབ་པ་བརྒྱ་ལས་རེ་འགའ་ཙམ་ཡིན་པའི་ངེས་ཤེས་བཅོས་མིན་གཅིག་སྐྱེ་དགོས་པ་ལས་། འཛམ་གླིང་འདིར་མི་འབོར་གྱི་གྲངས་ཀ་མང་བ་རྒྱུ་མཚན་དུ་བྱས་ན་ནི་ཧ་ཅང་འགྲོ་སྟངས་མེད་པའི་སྐད་ཆ་ཡིན།
རང་གིས་རང་ལ་ཁ་ཚུར་འཁོར་ནས་བལྟས་ན་ད་ལན་མི་ལུས་རིན་ཆེ་འདི་ལྟར་ཐོབ་པ་བརྒྱ་ལས་རེ་འགའ་ཙམ་ཡིན་པའི་ངེས་ཤེས་བཅོས་མིན་གཅིག་སྐྱེ་དགོས་པ་ལས་། བཅོས་རོགས
མདོ་འདུམ་ཚང་། དངོས་སྒྲུང་དེ་སྙན་པོ་འདུག ཁྱེད་རང་གིས་ཞིབ་འཇུག་བྱས་འབྲས་དེ་རང་གཙུག་ལག་སློབ་མ་དང་། སྣེ་ལེན་ཁང་གི་སྐུ་ངོས་རྫུན་གཏམ། བདེ་དོན་ཟླ་བ་ཚེ་རིང་གི་མི་གཤེས། འཆར་འགོད་ལས་ཁུངས་ཀྱི་གསང་བ། ཕྱི་དྲིལ་ལས་ཁུངས་ནས་ཡིག་ལྐོག་རྙིང་བ། བོད་ཁྱིམ་སློབ་གྲྭའི་དྲང་གཏམ་སོགས་ཀྱི་དངོས་སྒྲུང་དེ་སློབ་གྲྭ་ལ་ཕུལ་བ་ཡིན་ནམ། ཕུལ་ཡོད་ན། གཙུག་ལག་སློབ་གྲྭའི་དགེ་སློབ་རྣམ་པས་ཁྱེད་རང་གི་ཞིབ་འཇུག་བྱས་པས་དངོས་སྒྲུང་དེ་ལ་དོ་སྣང་ག་འདྲ་བྱུང་སོང་། ཁོང་ཚོའི་འདི་འདྲ་གསུང་གི་འདུག་གམ། བཙན་བྱོལ་གཞུང་གི་གསང་བ་ཕྱི་ལ་མི་ཤེར་ཆེད་སྣེ་ལེན་སྐུ་ངོས་གྲངས་ཀ་ཁ་ནས་ཐོན་ཚད་ཅིག་བཤད་པ་རེད། ཕྱི་དྲིལ་ལས་བྱེད་དེའི་གཞུང་རྒྱུ་ལ་བསྲི་ཚགས་ཆེ་བའི་ཡིག་ལྐོག་རྙིང་བ་ཞིག་སྤྲད་པ་རེད། འཆར་འགོད་ལས་བྱེད་ཚོས་རང་ལ་ཕོག་ཐུག་མི་འགྲོ་ཆེད་སྐད་ཆ་སྙན་མོ་དེ་འདྲ་བཤད་པ་རེད། བདེ་དོན་ཟླ་བ་ཚེ་རིང་གི་རང་ཁེ་གཞན་ལ་ཤོར་ཉེན་ལ་དོགས་ནི་ཁུ་ཚུར་གྱིས་མདུན་ཅོག་གི་སྟེང་ལ་བཞུས་བ་རེད། དེ་འདྲ་རེ་ཟེར་གྱི་འདུག་གམ། ??????????