ཆུ་སྐྱེས་སྒྲོལ་མ།
༼ VOA ཨ་རིའི་རླུང་འཕྲིན་ཁང་གི་ བོད་སྐད་ཚན་པས་རྒྱང་བསྲིང་ལེ་ཚན་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་བའི་གོ་སྐབས་ གནང་དོན་ལྟར། འདས་པའི་ཟླ་བ་བཅུ་གཉིས་ཡས་མས་རིང་། བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རིང་གི་རྩོམ་རིག་དང་སྒྱུ་རྩལ་རིག་གནས་ཀྱི་ གནས་སྟངས་སྐོར་རྩོམ་སྒྲིག་དང་སྙན་སྒྲོན་ཞུས་གྲུབ་ནས། ཉེ་ལམ་ནས་བཟུང་བོད་ཀྱི་དུས་ཆེན་སྐོར་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་མགོ་ཚུགས་ ཏེ། དེའི་སྐོར་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་མུས་ལ། ད་ལམ་VOA ཨ་རིའི་རླུང་འཕྲིན་ནང་། མུ་འབྲེལ་ངོ་སྤྲོད་རྒྱང་བསྲིང་གི་མ་ཟིན་ཁག་དང་། འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་དང་ལྷན་བསྡེབས་ཀྱི་རྒྱང་བསྲིང་སྒྲ་སྐད་ཀྱང་ ཟིན་བྲིས་ནང་ལྷན་འགོད་ཞུ་འཆར་ཡིན་ནའང་། གུས་མོས་དྲ་ངོས་འདིར་སྒྲ་སྐད་འཇོག་སྟངས་སྐོར་ཤེས་མ་སོང་སྟབས། སྒྲ་སྐད་སྐོར་རྗེས་ལ་རིམ་པས་ལྷན་འགོད་ཞུ་འཆར་ཡིན། ༽
རང་ཅག་ཁ་བ་ཅན་པ་ཚོར་རང་གི་ཡུལ་སྲོལ་གོམས་གཤིས་དང་། ཆོས་དང་རིག་གཞུང་བཅས་དང་འབྲེལ་བའི་དུས་ཆེན་འདྲ་མིན་སྣ་ཚོགས་ཤིག་གཏོང་སྲོལ་ ཡོད་པ་དང་། དེ་རེ་རེར་ཡང་བྱུང་ལུགས་བྱུང་སྟངས་དང་། ཁྱད་ཆོས། ནང་དོན་སོགས་མང་པོ་ཞིག་ཡོད། ཡིན་ནའང་། དེའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་རིམ་པས་ཉམས་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་མི་རབས་དང་ལོ་ཆུང་བྱིོས་པ་མང་པོ་ཞིག་གིས་དེའི་སྐོར་ རབ་བེ་རིབ་བེ་ཞིག་ལས་ཤེས་ཀྱི་ཡོད་པ་མ་རེད། དེར་བརྟེན། དེ་རིང་གི་ལེ་ཚན་འདི་ནས་མགོ་བཙུགས་ཏེ། དུས་ཆེན་སོགས་ཀྱི་སྐོར་ནས་སྙན་སྒྲོན་ལེ་ཚན་འདི་མགོ་འཛུགས་ཞུ་ཡི་ཡོད། དེ་རིང་གི་ལེ་ཚན་འདིའི་ནང་། རིང་མིན་བོད་ཟླ་དགུ་པའི་ནང་སླེབས་ལ་ཉེ་བའི་ལྷ་བབས་དུས་ཆེན་གྱི་སྐོར་སྙན་ སྒྲོན་ཞུ་ཡག་ཡིན། ང་ཚོས་གསན་མཁན་རྣམ་པ་ཚོར། འབྲེལ་ཡོད་མི་སྣ་ཁག་ལ་བཅར་འདྲི་དང་སྦྲགས་ནས་སྙན་སྒྲོན་ཞུ་གི་ཡིན།
སྤྱིར་ དུས་ཆེན་ཞེས་པ་ནི། དུས་ཚོད་ངེས་ཅན་ཞིག་དྲན་ གསོའི་སླད་དུ་སྲུང་བརྩི་ཞུ་བར་གོ་དགོས་པ་ཡིན། དེ་ཡང༌། རྒྱ་ ཆེ་བའི་འཛམ་གླིང་འདིའི་སྟེང་དུ། མི་རིགས་སོ་སོར་སོ་སོའི་ རིག་གཞུང་དང་འབྲེལ་དུས་ཆེན་དང༌། ལོ་རྒྱུས་དང་འབྲེལ་བའི་དུས་ ཆེན། ཡུལ་སྲོལ་གོམས་གཤིས་དང་ འབྲེལ་བའི་དུས་ཆེན། ཡང་། དཔའ་བོ་དཔའ་མོ་ཚོར་དྲན་གསོ་ཞུ་བའི་དུས་ཆེན་སོགས་དུས་ཆེན་འདྲ་མིན་སྣ་ཚོགས་ ཤིག་ལ་སྲུང་བརྩི་བྱེད་སྲོལ་ཡོད་པ་ལྟར། རང་ཅག་བོད་མི་རིགས་ལ་མཚོན་ནའང་དུས་ཆེན་དང་དུས་དྲན་སྲུང་བརྩི་བྱེད་པའི་རྣམ་ གྲངས་མང་པོ་ཞིག་ཡོད། དཔེར་ན་དུས་ཆེན་ཁག་ཅིག་ནི་དགའ་སྟོན་གྱི་རྟེན་འབྲེལ་དང་བཅས་ཏེ་སྲུང་བརྩི་ཞུ་ ཡི་ཡོད་པ་དང་། རིགས་གཅིག་ནི་མྱ་ངན་རྗེས་དྲན་གྱི་ཆེད་དུ་སྲུང་བརྩི་ཞུ་ཡི་ཡོད་པ་སོགས་ངོ་བོ་ མི་འདྲ་བ་སྣ་ཚོགས་ཤིག་ཡོད། སྲུང་ བརྩི་བྱེད་པའི་དུས་ཆེན་གྱི་རིགས་འདིའི་ནང་ལ། ལོ་རྒྱུས་ཀྱི་དོན་སྙིང་དང་འབྲེལ་བ་ཡོད་པ་དང་། བོད་མི་རིགས་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་ གཤིས་དང་འབྲེལ་བ་ཡོད་པ་སོགས་མང་པོ་ཞིག་ཚུད་ཡོད། མདོར་ན། ང་ཚོའི་དུས་ཆེན་སྲུང་བརྩའི་རྣམ་གྲངས་ཀྱི་ནང་ལ། ཆོས་དང་འཇིག་བརྟེན་ཉིས་ཐད་ཀྱི་དུས་ཆེན་ཡང་མང་པོ་ཞིག་ཚུད་ཀྱི་ཡོད་པ་ནི་རིག་ གནས་ཀྱི་རྣམ་གྲངས་ཤིག་ཆགས་ཡོད། གསན་མཁན་རྣམ་པ་ཚོས་དུས་ཆེན་ཞེས་པ་འདིར་ནང་དོན་གང་འདྲ་ཞིག་ལྡན་ཡོད་པར་ངོས་ འཛིན་གནང་གི་ཡོད་དམ།
ད་ ནི་རྒྱ་ཆེའི་གསན་མཁན་རྣམ་པ་ཚོར་དགུ་པ་ལྷ་བབས་དུས་ཆེན་གྱི་སྐོར་ངོ་སྤྲོད་ཞུ་ གི་ཡིན། དགུ་པ་ཞེས་བོད་ཟླ་དགུ་པར་ གོ་དགོས་པ་དང༌། ལྷ་བབས་ཞེས་པ་ལྷ་ཡུལ་ནས་ བབས་པའི་དོན་ལ་གོ་དགོས་ཀྱི་ཡོད། འོ་ན། སུ་ཞིག་ལྷ་ཡུལ་ནས་མི་ཡུལ་ལ་བབས་པ་རེད་ཟེར་ན། འདི་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ནང་མཛད་པ་བཅུ་གཉིས་ཞུ་བ་ཞིག་ གླེང་གི་ཡོད་པ་དེའི་གྲས་ཀྱི་གཅིག་ཡིན། དེ་ཡང༌། སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་ པའི་ཡུམ་སྒྱུ་འཕྲུལ་ལྷ་མོ་སྐུ་མྱ་ངན་ལས་འདས་ནས། ལྷ་ཡུལ་དུ་སྐྱེ་བ་བཞེས་ཡོད་པའི་སྐབས་སུ་ ཡུམ་གྱི་སྐུ་དྲིན་གསོ་བའི་ཆེད་དུ། སྟོན་པ་ཤཱཀྱ་ཐུབ་པ་ལྷ་ཡུལ་ དུ་ཕེབས་ནས་ཡུམ་དང་ལྷ་ཡི་ཚོགས་མང་པོ་ལ་ཆོས་གསུངས་ནས་བཞུགས་ཡོད་པའི་སྐབས། སྐབས་དེའི་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་ གསལ་རྒྱལ་གྱིས་སྟོན་པ་ཤིན་ཏུ་དྲན་པས། སྟོན་པའི་ཐུགས་སྲས་མོའུ་ འགལ་གྱི་བུ་བརྒྱུད་ནས། སྟོན་པ་སླར་མི་ཡུལ་དུ་ཕེབས་ པར་གསོལ་བ་ཤུགས་དྲག་བཏབས་པའི་ཚེ། སྟོན་པ་བཅོམ་ལྡན་འདས་ལྷའི་ འཁོར་ཚོགས་དང་བཅས་པ་རྫུ་འཕྲུལ་གྱི་སྐས་འཛེགས་ནས་མར་མི་ཡུལ་འདིར་ཕེབས་པ་རེད། དུས་ཚོད་དེ་ནི་བོད་རྩིས་ཀྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཉིན་ལ་འཁེལ་ཡོད་པ་ རེད། རྗེས་ལ་རྒྱ་གར་གྱི་ནང་པ་ རྣམས་ཀྱིས་དུས་ཚོད་དེ་ནི་དུས་ཚོད་གཞན་དང་མ་འདྲ་བ་ཞིག་ལ་ངོས་འཛིན་བྱས་ནས་ལྷ་ ལས་བབས་པའི་དུས་ཆེན་འདི་སྲུང་བརྩི་ཞུ་སྲོལ་བྱུང་བ་དང་། བོད་ལ་ནང་པའི་བསྟན་པ་དར་བ་ནས་བོད་ཀྱིས་མུ་མཐུད་དུས་ཆེན་དེ་སྲུང་བརྩི་བྱས་ དང་བྱེད་ཀྱི་ཡོད། བོད་ཁམས་ཡོངས་ཀྱིས་དུས་ཚེས་འདི་ལ་དགུ་པ་ལྷ་བབས་དུན་ཆེན་ནམ་ལྷ་བབས་དུས་ཆེན་ ཞེས་འབོད་པ་དང་། དེ་བཞིན་སྲུང་བརྩི་བྱས་དང་བྱེད་ཀྱི་ཡོད།
སྔོན་ བྱོན་བོད་ཀྱི་མཁས་པ་ཚོའི་གསུང་རྩོམ་དེ་ཚོའི་ནང་ལ། ལྷ་བབས་དུས་ཆེན་སོགས་སྟོན་པའི་མཛད་པ་རྣམ་ཐར་དེ་ཚོ་མང་པོ་མཇལ་རྒྱུ་ཡོད་པ་ དང་། དེང་སང་ལ་མཚོན་ནའང་། སྐྱ་སེར་གྱི་དབྱེ་བ་མེད་པར་གཞོན་སྐྱེས་རྩོམ་པ་པོ་ཚོའི་ཁྲོད་ནའང་མཁས་པ་སྔོན་ མ་དག་གི་རྗེས་སུ་འབྲངས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་བའི་དུས་ཚེས་ཁྱད་པར་ཅན་གྱི་སྐོར་ལ་རྩོམ་ ཡིག་གང་འཚམ་ཐོན་དང་ཐོན་མུས་ཀྱིགནས་སྟངས་ཤིག་ཆགས་ཡོད། དཔེར་ན། བོད་ནང་བཞུགས་པའི་རྩོམ་པ་པོ་དགེ་བུ་ལགས་ཀྱིས་ད་ལྟ་ང་ཚོས་ངོ་སྤྲོད་ཞུ་མུས་ ལྷ་བབས་དུས་ཆེན་སྐོར་ལ། སྔོན་ཚེ་སྟོན་པ་མཆོག་དེ།། ཡུམ་ལ་དྲིན་ལན་འཇལ་ཆེད།། ལྷ་ཡུལ་ཆོས་གསུང་ཕེབས་ནས།། མི་ཡུལ་ཕྱིར་ལ་ཕེབས་པའི།། དུས་དེར་དྲན་གསོ་ཞུ་ཆེད།། ལྷ་བབས་དུས་ཆེན་གྲགས་སོ།། སྔོན་བྱོན་སྟོན་པའི་རྣམ་ཐར།། རྗེས་འཇུག་གདུལ་བྱའི་ཉམས་ལེན།། ཕ་མའི་བཀའ་དྲིན་གསོ་བའི།། སངས་རྒྱས་བྱང་སེམས་དགྱེས་བཞིན།། ལྷ་ཡི་ཞིང་ནས་བབས་ཏེ།། མི་ཡུལ་བྱིན་གྱིས་བརླབས་སོང༌།། ཞེས་བྲིས་འདུག་པ་དང་། ཡང་དེང་སང་བོད་ཕྱི་ནང་གི་གཞོན་སྐྱེས་ཚོའི་ནང་ན། ལྷ་བབས་དུས་ཆེན་འདི་ཕ་མ་དང་རྒན་རབས་པ་ལ་བརྩི་བཀུར་གྱི་ཉིན་མོ་ལྟ་བུར་བརྩི་ སྲུང་ཞུ་ཐུབ་པ་ཡིན་ན། བོད་རང་གི་ཡ་རབས་གོམས་གཤིས་མང་པོ་ཞིག་ལ་འདི་འདྲའི་དུས་ཆེན་སྲུང་བརྩི་བྱེད་ པའི་འཕེལ་རྒྱས་དང་འགྲོགས་ནས། འདིའི་སྐོར་གྱི་རིག་གནས་མང་པོ་ཞིག་སྲུང་སྐྱོབ་དང་དར་སྤེལ་བྱེད་པ་ལ་ཕན་ཐོགས་ ཆེན་པོ་ཡོང་གི་རེད་ཅེས་བསམ་ཚུལ་འདོན་མཁན་ཡང་མང་པོ་ཡོང་གི་ཡོད་པ་རེད། ལྟ་ཚུལ་འདི་དག་གི་ངོས་ནས་བལྟས་ན། ལྷ་བབས་དུས་ཆེནཞེས་པ་དེ་ནི། བདག་ཅག་གི་སྟོན་པ་སླར་མི་ཡུལ་དུ་བྱོན་པར་ དྲན་གསོ་བའི་དུས་ཆེན་ཁོ་ན་མ་ཡིན་པར། ཉིན་མོ་འདི་བོད་ཀྱི་ཕ་མའི་ དུས་ཆེན་ཉིན་མོའང་ཆགས་ཏེ། ཕ་མར་བསྙེན་བཀུར་དང༌། གུས་བཀུར་གྱིས་མཚོན་པའི་ནང་དོན་དང་ལྡན་པ་ ཞིག་ཀྱང་ཆགས་རྒྱུ་ཡིན་པ་དེ་རེད།
གཤམ་ ལ་ལྷ་བབས་དུས་ཆེན་སྲུང་བརྩི་བྱེད་སྟངས་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན། བོད་ཀྱི་ལུགས་སྲོལ་ལྟར་ན། བོད་ཟླ་དགུ་པ་མ་ཤར་ཙམ་ནས། ཕོ་བྲང་པོ་ཏཱ་ལ་དང་བོད་ཀྱི་དགོན་སྡེ་ཆེ་ གྲས་སེར་ར་དགོན་པ་དང༌། འབྲས་སྤུངས་དགོན་པ། དགའ་ལྡན་དགོན་པ། དེ་བཞིན་རྒྱུད་སྟོད་དང་རྒྱུད་སྨད་སོགས་ དང་། གཞན་ཡང་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་དག་གིས་གཙུག་ལག་ཁང་དང་ལྷ་ ཁང་ཁག་ལ་དཀར་རགས་གསོལ་བ་མགོ་བཙུགས་ཏེ། ཡུལ་མི་སོ་སོས་ཀྱང་རང་རང་ གི་སྡོད་གནས་ཁང་ཁྱིམ་ཚང་མར་དཀར་རགས་གཏོང་བ་དང༌། སྒེའུ་ཁུང་ལ་ནག་རྩི་གཏོང་བ་སོགས་བྱས་ནས། དཀར་གཙང་ཡིད་དུ་འོང་བ་ཞིག་བཟོ་སྲོལ་ཡོད། དགོན་སྡེ་ཁག་དང་ཡུལ་མིའི་སྡོད་ཁང་ལ་དཀར་ རགས་གཏོང་སྲོལ་དེ་ནི། བོད་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཏེ་ལྷ་བབས་དུས་ཆེན་དངོས་གཞིའི་གོང་ལ་ངེས་པར་ ཚར་བ་བྱེད་སྲོལ་ཡོད། འདི་ནི་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཧ་ལམ་བྱེད་སྒོ་གཅིག་མཚུངས་སྤེལ་སྲོལ་ཡོད་ པ་ཞིག་ཀྱང་ཆགས་ཡོད། དེ་ཡང་ཡུལ་མི་ཚོས། ལྷ་བབས་དུས་ཆེན་གྱི་ཞོགས་པ་ སྔ་པོ་ལངས་ནས་ཁང་ཁྱིམ་ཚང་མའི་ནང་གད་བདར་གཙང་མ་བྱེད་པ་དང༌། མཆོད་པ་བཤམས་པ་སོགས་བྱེད་པ་དང་། རང་རང་ས་གནས་ཀྱི་དགོན་སྡེ་ཁག་ལ་མཆོད་མཇལ་ དུ་བསྐྱོད་པ། རི་མགོ་མཐོ་ས་རྣམས་ལ་སོང་ ནས་བསངས་གསོལ་བྱེད་པ་སོགས་བྱེད་སྲོལ་ཡོད།
སྔ་ མོའི་སྐབས་ཡིན་ན། དགེ་ལུགས་པའི་དགོན་པ་ཁག་གི་ ནང་དུ། དགུ་པའི་སྨོན་ལམ་འཚོགས་ སྲོལ་ཡོད་པ་དང་་འབྲེལ་ནས། ལྷ་བབས་དུས་ཆེན་ལ་སྲུང་བརྩི་ཞུ་སྲོལ་ཡོད། གཞན་ཡང༌། བོད་ ཀྱི་ཡུལ་དབུས་ལྷ་ས་ཁུལ་ལ་མཚོན་ན། ལྡུམ་རའི་ནང་གི་དྲང་སོང་མེ་ཏོག་གི་རིགས་དེ་ཚོ། ནམ་རྒྱུན་ཞལ་ཁ་འབྱེད་ལ་ཁད་དུ་ཡོད་རུང༌། ལྷ་བབས་དུས་ཆེན་ཤར་མཚམས་མ་གཏོགས་ཞལ་ཁ་ འབྱེད་ཀྱི་མེད་པ་དེ་རྒྱུ་མཚན་དུ་བྱས་ནས། དྲང་ སྲོང་མེ་ཏོག་གི་མིང་ལ་ལྷ་བབས་དུས་ཆེན་གྱི་མེ་ཏོག་ཞེས་འབོད་སྲོལ་ཡང་ཡོད་པ་ རེད། གཞན་ཡང་མི་ཚང་སོ་སོས་རང་རང་གི་རྒྱུ་ནོར་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་ནས། ཡར་སྐྱབས་གནས་དགེ་འདུན་ལ་བསྙེན་བཀུར་དང་། མར་ སྤྲང་པོ་ཉམ་ཐག་གི་རིགས་ལ་སྦྱིན་པ་གཏོང་བས་མཚོན། དུས་ཚེས་ཁྱད་པར་ཅན་འདིའི་ཉིན་མོར་དགེ་སྒྲུབ་སྡིག་སྤོང་གི་རྣམ་དཀར་དགེ་བའི་ ལས་ལ་འབད་པར་བྱེད་པ་ཡིན།
རྒྱ་ ཆེའི་གསན་མཁན་རྣམ་པ་ཚོ། དུས་ཚོད་ཀྱི་དབང་གིས་དེ་ རིང་གི་ལེ་ཚན་གཏོང་མཚམས་འདི་ནས་འཇོག་རྒྱུ་དང༌། ཐེངས་རྗེས་མའི་ལེ་ཚན་ནང་ང་ཚོ་སླར་ཡང་མཇལ་ ཡོང༌། ལེ་ཚན་འདི་རྩོམ་སྒྲིག་དང་སྙན་སྒྲོན་ཞུ་མཁན། ཆུ་སྐྱེས་སྒྲོལ་མ་ཡིན།
རྒྱང་ བསྲིང་སྒྲ་སྐད་སྐོར་ལ་འདི་ནས་གསན་རོགས། ༼གནས་སྐབས་རིང་འཇུག་འགོད་ཞུ་སྟངས་མ་ཤེས་ནས་བཞག་ཡོད༽
very good .thank you
འོ་ཡ། སི་ངྷར་ཏ་བལ་ཡུལ་ལིན་བྷི་ནི་ལ་འཁྲུངས་ནས་ཉིན་དྲུག་པ་ལ་མ་ཡུམ་སྒྱུ་འཕྲུལ་ལྷ་མཛེས་(Gutul mothere) མྱ་ངན་ལས་འདས་ནས་དགའ་ལྡན་ཡིད་དགའ་ཆོས་འཛིན་ཏུ་འཁྲུངས། སི་ངྷིར་ཏས་མ་ཡུམ་གྱི་ཨོ་མ་རྒྱུན་རིང་པོར་ནུ་རྒྱུ་རེག་མེད། དེ་ནས་སི་ངྷིར་་ཏ་དགོངས་ལོ་ཉེར་དགུ་ལ་རྒྱལ་བོའི་ཁབ་ནས་བྲོས་ནས་ནགས་ཁྲོད་དུ་ལོ་དྲུག་གི་རིང་ལ་དཀའ་ཐུབ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕངས་བསྒྲུབས། དགོངས་ལོ་སོ་ལྔ་སྟེང་དུ་སངས་རྒྱས་ཀྱི་གོ་འཕངས་ཐོབ། དེ་ནས་ཡུལ་ཝ་ར་ན་སིར་བདེན་པ་བཞི་ལས་བརྩམས་ཏེ་ཆོས་གསུངས་པའི་འགོ་བཙུགས། ལྷ་ཡུལ་དུ་ཕེབས་པའི་དུས་ཚིགས་འདི་གསལ་བོ་མ་ངེས་ཀྱང་། ལྷ་ཡུལ་ནས་དབྱར་ཟླ་བ་གསུམ་གྱི་རིང་ལ་དབྱར་གནས་ལ་བཞུགས་པ་རེད། དབྱར་གནས་གྲོལ་རྗེས་ཕྱིར་འཛམ་བུ་གླིང་དུ་ཕེབས་པའི་ཉིན་མོ་དེ་ལ་ལྷ་བབས་དུས་ཆེན་བརྩི་བཞིན་ཡོད་པ་དེ་ག་རེད།
ཆུ་སྐྱེས་སྒྲོལ་མའི་རྩོམ་ཡིག་དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ་ཞུ།
སངས་རྒྱས་དགུང་ལོ་༤༡ཐོག་ལ་ཡུམ་འདོད་ལྷར་སྐྱེས་པ་སོགས་ཀྱི་ཆེད་དུ་ཕེབས་པ་དང་། ལྷ་ཡུལ་ལྭ་ཝ་དཀར་པོ་རྡོ་ལེབ་ཀྱི་སྟེང་དུ་མདོ་གཅིག་གསུངས་པ་དང་། ཤ་རིའི་བུ་སོགས་སྐུ་འཁོར་དང་བཅས་པ་ལྷ་ཡུལ་དུ་དབྱར་གནས་མཛད་པ་དང་། མོའུ་གོལ་བུ་སོགས་མི་ཡུལ་དུ་དབྱར་གནས་མཛད་པ་སོགས་ལོ་རྒྱུས་གསལ་པོ་ཡོད་པ་རེད། གོང་དུ་ཟེར་བ་ལྟར་ང་ཚོ་བོད་མིའི་ལྷ་བབས་ཉིན་འདི་ཡང་། ཕ་མའི་ཉིན་མོ་ཞེས་བརྩི་སྲུང་གནང་ཐུབ་ན། མ་འོངས་པ་ནང་པ་སྤྱིའི་ཕ་མའི་ཉི་མོ་ཞིག་ཏུ་འགྱུར་མི་སྲིད་པ་མིན། དགེའོ། །
ཡང་ན། Mother Day མོ་ཐར་ ཌེ་སྟེ། ཨ་མའི་ཉིན་མོ་ཞེས་བརྩི་སྲུང་ཐུབ་ན་ལོ་རྒྱུས་དང་འབྲེལ་བའི་རྒྱུ་མཚན་གཏིང་ཟབ་འདུག་སྙམ།
དྲ་གྲོགས་རྣམ་པས་རང་རང་གི་དགོངས་ཚུལ་གསུངས་པར་ཡིད་དགའ།
སྤྱིར་བོད་པའི་སྤྱི་ཚོགས་ནང་སྙན་གྲགས་ཅན་གྱི་བུད་མེད་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་མིན་ནའང༌། སྟོན་པའི་ཡུམ་སྒྱུ་འཕྲུལ་ལྷ་མོ་ཉིད་དང་འབྲེལ་ནས་ཨ་མའི་དུས་ཆེན་སྲུང་བརྩི་ཐུབ་ན། དེ་ནི་ཡུལ་འདྲ་མིན་གྱི་ནང་པ་ཚང་མ་དང་འབྲེལ་བ་ཞིག་ཡིན་པས། དགོས་པ་རྒྱུ་མཚན་ལྷག་པར་ཆེ་བར་སྙམ། གཞན་ཡང་རྩོམ་ཡིག་དེའི་དགོས་དམིགས་གཙོ་བོ་ནི། དྲ་ལམ་དུ་ཕེབས་མཁན་ཚོས་དོ་སྣང་དང་བཅས་རང་ཉིད་ཀྱི་ཉེ་འཁོར་ལ་ཡོད་པའི་བོད་མི་ཚོར་འགྲེལ་བརྗོད་རེ་གནང་ནས། བོད་ཀྱི་དུས་ཆེན་གྱི་སྐོར་ཤེས་སུ་འཇུག་རྒྱུ་དེ་ཡིན་ཐུགས་རྗེ་ཆེ།