དེ་རིང་དྲ་གྲོགས་ཚོ་དང་མཉམ་དུ་བརྡ་སྥྲོད་གི་སྐོར་གླེང་མོ་ཅིག་བྱེད་པར་སྤྲོ། ཁ་སང་དེ་རིང་དྲ་ཁང་ནང་ཡང་ཡང་ཡོང་མ་ཐུབ་ཡང་དྲ་གྲོགས་ཚོ་གི་སྒྲའི་སྐོར་ལ་འཛིངས་མོ་ཐུག་བསྡད་ཡོད་པ་ལ་དོ་སྣང་བྱུང་།
འདས་པའི་དུས་ལ་གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་ཞིག་ལོ་བཅོ་ལྔའི་སྔོན་ནས་བཟུང་་སེམས་ལ་ཡང་ཡང་དྲན། ན་ནིང་ཞིག་ནས་ཁྱེད་ཚོས་གི་སྒྲའི་སྐོར་ཤེས་མི་ཤེས་ཚང་མས་མང་པོ་ཞིག་ལབ་ཡོང་གི་འདུག་པས་ནོར་བུ་རིན་པོ་ཆེ་དེ་ཡང་སྐྱར་ངའི་སེམས་ངོར་ཤར། ནོར་བུ་དེ་ནི་གཞན་གང་ཡང་མིན་པར་དེ་ནི་བརྡ་སྤྲོད་སྐོར་གི་སློབ་དེབ་ཅིག་རེད། སློབ་དེབ་དེ་ནི་སྲོལ་རྒྱུན་ཆོས་རིག་གི་སྲོག་ལ་རྒོལ་བཞིན་པའི་དུས་་ངན་དེ་རིག་གནས་གསར་བརྗེའི་སྐབས་བྱུང་བ་ཞིག་ཡིན་པས་རྗེས་སུ་མཁས་བླུན་ཚང་མས་རྣམ་རྟོག་ཟ་ཡུལ་ཅིག་ལ་བཟུང་དེ་རིག་གསར་མཇུག་བསྒྲིལ་བ་དང་ལམ་སང་གད་སྙིགས་ཁྲོད་གཡུགས་དེ་གར་སོང་གི་རྗེས་མགོ་མི་ནོན་པར་གྱུར། དེའི་ནང་ཡང་སྙིང་གང་ཞིག་བྲིས་ཡོད་པ་རེད་ཟེར་ན་ང་ལ་རབ་རིབ་ཅིག་མ་གཏོགས་བཤད་རྒྱུ་ཆེར་མེད་ཡང་། ཕྲད་མང་པོ་ཅིག་ཇེ་ཉུང་ལ་བཏང་དེ་སྟབས་བདེར་བཟོས་ཡོད་པ་དང་ཤད་གི་ཚབ་ལ་དབྱིན་རྒྱ་གཉིས་ནང་བཀོལ་བཞིན་པའི་ཚེག་དེ་ཚོ་བེད་སྤྱོད་བཏང་ཡོད་པ་དྲན། བསམ་བློ་ཅིག་བཏང་ན་དེ་ནི་མི་བླུན་པོ་ཅིག་གིས་གང་བྱུང་ལ་བྲིས་པ་ཅིག་མིན་པར་མི་རྣམ་དཔྱོད་ལྡན་པ་ཅིག་གིས་བསམ་བློ་གང་འཚམས་ཅིག་བཏང་ནས་བྲིས་པ་ཡིན་པ་ལ་ཡིད་ཆེས་སྐྱེ་གི་འདུག
འདི་ནས་མར་་བརྡ་སྤྲོད་སྐོར་ང་རང་གི་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་། དེ་གོང་གསལ་གི་སློབ་དེབ་དེ་དང་མཐུན་མིན་གཉིས་ཀ་ཡོད་སྲིད། ཡིན་ན་ཡང་ངའི་བསམ་བློའི་འབྱུང་ཁུངས་གོང་གསལ་གི་དཔེ་དེབ་དེ་ཡིན་པས་དཔེ་ཆ་དེ་ལ་ཐོག་མར་དྲན་གསོ་ཅིག་བྱེད་དགོས་བྱུང་། དཔེ་དེབ་དེ་་ག་རེ་བཤད་ན་མ་བཤད་ན་ཕྲད་གཞན་དབང་ཅན་ལས་འདའ་ཐུབ་མེད་སྙམ། ་བརྡ་སྤྲོད་གི་སྐོར་ཁུངས་གཏུགས་ས་ཅིག་ཡོད་པ་ཡིན་ན་དེ་ནི་སི་ཏུ་ཡིན་མིན་སྲིད་ལ་ཐོན་མི་ཡང་ཅི་ལ་ཡིན། དེ་ནི་ད་ལྟ་ང་ཚོས་བཤད་བཞིན་པའི་སྐད་དེ་ཁོ་ན་མ་གཏོགས་མེད། སྐད་འགྱུར་བ་ཕྱིན་པ་ལ་བསྟེན་ནས་བརྡ་སྤྲོད་ལ་ཡང་ངེས་པར་འགྱུར་བ་འགྲོ་དགོས་པ་རེད། བརྡ་སྤྲོད་དེ་མི་རིགས་གང་ཞིག་གི་སྐད་ནང་གཅིག་གྱུར་མིན་ན་དེ་གཅིག་གྱུར་བྱེད་རྒྱུ་དེ་གལ་ཆེ་ཤོས་སུ་མཐོང་།
འགྲོ་བ་མིའི་རིགས་གི་སྐད་ཟེར་བ་འདི་ནི་ཐོག་མར་སྟབས་བདེ་དང་འཐུས་ཚང་མིན་པ་ནས་རིམ་པས་འཐུས་ཚང་དང་གཏིང་ཟབ་རྙོག་འཛིངས་ཅན་ལ་འགྱུར་བ་དང་། དེ་ནས་ཡང་སྐྱར་སྟབས་བདེ་ལ་འཐུས་ཚང་ཅན་ལ་འགྱུར་བ་ནི་སྤྱིར་བཏང་གི་ཡིག་རིགས་མང་ཆེ་བའི་འཕེལ་རིམ་ཅིག་རེད། ཡང་ང་ཚོར་རྒྱུས་ཅུང་ཡོད་པའི་རྒྱ་དབྱིན་ཧྥ་གསུམ་གྱི་སྐད་རྣམས་ལ་་གཅིག་མཚུངས་གི་ཁྱད་ཆོས་ཅིག་ཡོད་པ་ནི་ཕྲད་རང་དབང་ཅན་ཅིག་ལས་ཕྲད་གཞན་དབང་ཅན་ཟེར་བ་ཅིག་མེད་པ་དེ་རེད། དེ་ནས་ཁ་ནང་ལ་འཁོར་ནས་བོད་མི་རང་གིས་ད་ལྟ་ཤོད་བཞིན་པའི་སྐད་ལ་ཉམས་ཅིག་བཞག་པ་ཡིན་ན་དེ་ལ་ཡང་ཕྲད་རང་དབང་ཅན་ཅིག་མ་གཏོགས་ཕྲད་གཞན་དབང་ཅན་ཅིག་མེད། ཕྲད་མང་པོ་ཅིག་རྗེས་འཇུག་རང་འདྲའི་རྗེས་ལ་སྦྱར་དགོས་པ་རྐྱང་རྐྱང་ཡིན། འདི་ལ་འགའ་རེས་ཕྲད་གཞན་དབང་ཅན་རེད་ཟེར་ན་ཐང་ཡང་འདི་ནི་བརྗོད་བདེའི་སྒྲ་མཚུངས་ཙམ་མ་གཏོགས་མིན་ཅེས་བཤད་ན་མ་འགྲིགས་པ་ཨེ་ཡོད་སྙམ། ཕྲད་གཞན་དབང་ཅན་དེ་ཚོ་སྐད་དང་མི་མཐུན་པ་མ་ཟད་བྱིས་པ་ཆུང་ཆུང་ཚོའི་ཀླད་པ་ཉོག་རོགས་དང་རྟག་པར་ངག་སྐྱོར་བཏང་ནས་སུན་པ་སྐུར་རོགས་ལས་མི་འདུག
ཐོན་མི་སམ་བྷོ་ཊས་སྔོན་མ་ནས་ངེས་པར་ཡོད་དགོས་པའི་བོད་ཡིག་ལགཅིག་གྱུར་གི་་བརྡ་སྤྲོད་གི་གཞུང་གསར་པ་མཛད་པ་མ་ཟད་ཡི་གེ་གསར་པ་དྲུག་གསར་གཏོད་གནང་བའི་བཀའ་དྲིན་དེ་ལ་རྗེས་དྲན་བྱེད་པ་དང་ཆབས་ཅིག ཁོང་གིས་སྔོན་དུས་རབས་བདུན་པའི་ནང་མཛད་པའི་གཞུང་ལུགས་འདི་ལ་ང་ཚོས་དུས་དང་མཐུན་པའི་གསར་བཅོས་བྱེད་མ་ཐུབ་པར་ད་རུང་སྲོག་བཞིན་འཇུས་བསྡད་ན་སྐད་དང་ཡང་མི་མཐུན་ལ་དུས་ཚོད་དང་ཡང་མི་མཐུན་པས་བསྒྱུར་བཅོས་བྱེད་དགོས་པའི་དུས་ལ་བབ་འདུག དེའི་སྐོར་འདིར་རང་གི་བསམ་ཚུལ་ཞུ་རྒྱུ་ཡིན་ན་མཁས་བླུན་ཚང་མས་དགག་གཞག་གནང་བར་ཞུ། འདིར་ང་ལ་གོང་གསལ་དཔེ་ཆ་དང་མི་མཐུན་པའི་ཆ་ཞིག་བཤད་རྒྱུ་ཡོད་པ་ནི་ཕྲད་གཞན་དབང་ཅན་རྣམས་རྩ་ནས་དགོས་པ་མེད་པར་སྟོན་རྒྱུ་དེ་ཡིན།
ལ་དོན།
ལ་དོན་ནི་ལའི་དོན་སྟོན་པའི་སུ་རུ་ར་ལ་ཏུ་དུ་ན་བདུན་པོ་འདི་ཡིན། དོན་དངོས་སུ་བཤད་ན། འདིའི་ནང་གི་ཕྲད་རང་དབང་ཅན་ཡིན་པའི་ན་ལ་གཉིས་དང་རྗེས་འཇུག་མེད་པའི་རྗེས་སུ་སྦྱར་བའི་ར་གསུམ་ལས་གཞན་སུ་ཏུ་དུ་རུ་སོགས་རྗེས་འཇུག་གཞན་ལ་ལྟོས་ནས་སྦྱར་དགོས་པའི་ཕྲད་གཞན་དབང་ཅན་འདི་ཚོ་དགོས་མེད་ཐལ་བ་ལྟ་བུར་སྣང་། ན་ར་ལ་་གསུམ་གིས་སྟོན་མི་ཐུབ་པའི་དོན་ཞིག་ཟུར་ལ་སྟོན་གི་ཡོད་ན་ལོས་དགོས་ཡང་དེ་འདྲ་མིན་པ་རེད།
མི་མང་གི་ཁ་སྐད་ལ་གཏུགས་ཡོང་ན་ལ་དོན་ནི་ལའི་འཇུག་པ་ལས་འདས་ཡོད་ས་ཡོད། ༡ རྣམ་དབྱེ་གཉིས་པ་ནི་ལྷ་སར་མཚོན་ན་ཡར་འགྲོ་མར་འགྲོ ནང་ཤོག་ཟེར་ནས་ཕྲད་བསྡུས་ཡོད་པ་དང་། ཨ་མདོར་མཚོན་ན། ཡར་ར་འགྲོ གྱེན་ན་འགྲོ ནང་ང་ཤོག་ཟེར་ནས་རྗེས་འཇུག་རང་འདྲའི་རྗེས་ལ་སྦྱར་དགོས་པ་ཧ་ཅང་གི་སྟབས་བདེ་ཅིག་ཡིན་པས་རྗེས་མ་འདི་ལྟར་སྦྱར་རུང་མི་རུང་ནི་བསམ་གཞི་ཅིག་རེད། ཚེ་སྐབས་ཡང་འདི་དང་མཚུངས། ༢ རྣམ་དབྱེ་བཞི་པ། ཁ་སྐད་ལ་བལྟས་ན། འདི་ནི་ལ་དོན་གི་འཇུལ་ཡུལ་མིན། ལྷ་ས་བས། ཁ་ལག་ཟ་ག་འགྲོ། བལྟ་ག་འགྲོ་ཟེར་ནས་ག་བེད་སྤྱོད་གཏོང་། ཨ་མདོ་བས། ཟ་གི་འགྲོ། འཐུང་གི་འགྲོ་ཟེར་ནས་གི་སྒྲ་བེད་སྤྱོད་བྱེད། ༣ གནས་གཞི་ལ་ན་ལ་གཉིས་སྦྱོར་བ་དེ་ཁ་སྐད་དང་ཡང་མི་མཐུན་པ་ཆེར་མི་འདུག་སྙམ། ༤ དེ་ཉིད་གི་དཔེར་འགྲོ་བའི་ཤིན་ཏུ། རབ་ཏུ། ཡོངས་སུ་། གཏན་དུ་ཟེར་བའི་ཡིག་སྐད་ནས་བྱུང་བ་འདི་འདྲ་ཉུང་ཤས་ཤིག་ཡོད་པ་འདི་ཚོ་ནི། ཡོངས་སུ། དངོས་སུ་ལྟ་བུ་སྒྲ་མཚུངས་ཡིན། གཞན་ད་སྐབས་ཏུ་དང་དུ་གཉིས་གི་ཚབ་དུ་སྒྲ་གཅིག་པོ་རྗེས་འཇུག་ལ་ལྟོས་མ་དགོས་པར་སྦྱར་ན་འོས་པར་མཐོང་།
བྱེད་འབྲེལ།
འབྲེལ་སྒྲ་ལ་འཇུག་པའི་ཕྲད་ནི་གི་གྱི་ཀྱི་འི་ཡི་ལྔ་ཡིན། འདི་ལྔའི་དོན་སྟོན་སྟངས་གཅིག་མཚུངས་ཡིན་ན་ཡང་ཕྲད་གི་སྦྱོར་སྟངས་དེ་གོང་དང་འདྲ་བར་ཡིན་གཅིག་མིན་གཅིག་མིང་སྔ་མའི་རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས་པ། ལོ་ཆུང་བྱིས་པ་རྣམས་ལ་མཚོན་མགོ་རྙོག་ཚ་པོ་ཞིག་ཡོད་པ་རེད། སྟབས་བདེ་ཤོས་ནི་ཕྲད་མང་ཆེ་བ་ཕྱིར་བསྡུ་བྱས་དེ་གི་སྒྲ་དང་འི་སྒྲ་གཉིས་གཅིག་པོ་ཕྲད་རང་དབང་གི་ཚུལ་དུ་བེད་སྤྱོད་བྱས་ན་དེ་ལས་སྟབས་བདེ་བ་ཞིག་གང་ན་ཡོད། མདོ་དབུས་གཉིས་གི་ཁ་སྐད་ལ་ཡང་གི་སྒྲ་བེད་སྤྱོད་བྱེད། འགྲོ་གི་ཡོད། འགྲོ་གི་ཡིན།འགྲོ་གི་འདུག འགྲོ་གི་རེད་ཟེར་བའི་ བདག་གཞན་ད་དུས་ད་ལྟ་བ་་དང་་མ་འོངས་པ་ལ་འཇུག་པ་འདི་དག་ཡང་དེ་ག་ལས་མ་འདས།
རྒྱན་སྡུད།
ཚིག་རྒྱན་དང་སྡུད་པ་ལ་འཇུག་པའི་རྒྱན་སྡུད་གི་སྒྲ་ནི་ཀྱང་འང་ཡང་གསུམ་ཡིན་ཡང་། དོན་ངོ་མ་རྒྱན་སྡུད་གི་དོན་ནི་ཡང་སྒྲ་གཅིག་པོས་སྟོན་ཐུབ་པས་མིང་སྔ་མའི་རྗེས་འཇུག་ལ་བལྟ་མ་དགོས་པར་ཡང་སྒྲ་གཅིག་པོ་ཕྲད་རང་དབང་ངང་བེད་སྤྱོད་བཏང་ན་ཅི་འདྲའི་སྟབས་བདེ་ཅིག་མ་རེད་དམ། སྐབས་རེར་ཚིག་ཐུང་ངུར་གཏོང་བའི་ཆེད་འང་སྒྲ་སྦྱར་ཡང་མ་འཐུས་པ་མི་འདུག ལྷ་ས་བར་མཚོན་ན། རྒྱན་སྡུད་ཀྱི་སྒྲ་འདི་ང་ཡེ་འགྲོ་གི་ཡིན། སྙིང་རྗེ་པོ་ཡིན་ན་ཡེ་སེམས་པ་ཡག་པོ་མི་འདུག་ཟེར་ནས་ཡེ་སྒྲ་སྤྱོད། ཨ་མདོ་བས། ང་ར་འགྲོ་གི་ཡིན། ཡག་ན་ར་སེམས་བཙོག་ཟེར་ནས་ར་སྒྲ་སྤྱོད། ཡང་སྒྲ་དང་འང་སྒྲ་ནི་གཅིག་གྱུར་ཆགས་ཚར་ཡོད་པས་དེས་མ་འཐུས་པ་མི་འདུག སྤྱིར་བཏང་རྒྱན་སྡུད་ནི་ཚིག་སྔ་ཕྱི་མཐུན་མི་མཐུན་གི་བར་སྦྱོར་བའི་ཚིག་རྒྱན་གཅིག་དང་སྡུད་པ་གཉིས་ལས་འཇུག་ཡུལ་གཞནམེད་པ་ལྟ་བུར་སྣང་ཡང་། སུམ་རྟགས་ཀྱི་གཞུང་འགའ་རེར། མཛེས་ཀྱང་མཛེས། གསལ་ཡང་གསལ་ཟེར་བ་ལྟ་བུ་ཧ་ཅང་མི་འབྱོར་བའི་དཔེ་འདི་འདྲ་བཞག་འདུག་ཡང་འདི་འདྲ་བཀའ་དང་དགོངས་འགྲེལ་ཅིག་གི་ནང་ཡོད་ན་ལས་སྤྱིར་བཏང་གི་དཔེ་ཆ་དེ་ཚོའི་ནང་མཐོང་རྒྱུ་མི་འདུག ཀྱང་སོགས་ལས་ཡག་ཅིང་ཡག་ཟེར་ནས་ཅིང་སོགས་མཚམས་སྦྱོར་ལ་འཇུག་པ་ལྟར་སྦྱར་ནས་འོས་པོར་མཐོང་།
ལྷག་བཅས།
མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ་ལ་འཇུག་པའི་ལྷག་བཅས་ཀྱི་ཕྲད་ནི་སྟེ་ཏེ་དེ་གསུམ་ཡིན། འདི་ཚོ་ཡང་དོན་སྟོན་སྟངས་གཅིག་མཚུངས་ཡིན་པས་དོན་གཅིག་སྟོན་པར་ཕྲད་གསུམ་ཆ་དགོས་པ་མི་འདུག་ལ། ལྷག་པར་དུ་ཕྲད་གཞན་དབང་ཅན་དེ་བས་ཀྱང་ཡིན་དགོས་དོན་མི་འདུག དེ་སྒྲ་གཅིག་པོ་རང་དབང་གི་སྒོ་ནས་བེད་སྤྱོད་བཏང་ན་མ་འགྲིགས་པ་གང་ཞིག་ཡོད་པ་རེད། ༡ མཚམས་སྦྱོར་གྱི་སྒྲ་སྟོན་བྱེད་ཀྱི་ཕྲད་ང་ཚོར་མང་མེད་ན་ཉུང་མེད། ཏེ་དེ་ཏེ་གསུམ། ནས་སྒྲ དང་སྒྲ ཅིང་ཞིང་ཤིང་གསུམ་ལྟ་བུའོ། ཨ་མདོ་བར་མཚོན་ན། མར་ལྷུང་ངས་རྐང་པ་ཆག་ལྟ་བུ་རྗེས་འཇུག་རང་འདྲའི་རྗེས་སུའམ་སྒྲ་མཚུངས་སུ་སྦྱོར། ལྷ་ས་བས་ཕལ་ཆེར་བྱས་ལྟ་བུ་ཕྲད་མིན་པ་ཞིག་སྦྱོར་བསམ།
ཚིག་ཕྲད་ཅིང་སོགས།
ཚིག་ཕྲད་ཅིང་ཞིང་ཤིང་གསུམ་དང་ཅིག་ཞིག་ཤིག་གསུམ་ཅེས་ཞེས་ཤེས་གསུམ་འདི་དག་ཀྱང་མིང་སྔ་མའི་རྗེས་འཇུག་ལ་ལྟ་མ་དགོས་པར་མཚམས་སྦྱོར་ལ་འཇུག་པ་ཅིང་ཞིང་ཤིང་གསུམ་ལས་ཅིང་གཅིག་པོ་ཕྲད་རང་དབང་གི་ཚུལ་དུ་བེད་སྤྱོད་གཏོང་བ་དང་གཅིག་ཚིག་དང་སྨོན་ཚིག་ལ་འཇུག་པ་ཅིག་ཞིག་ཤིག་གསུམ་ལས་ཅིག་ཁོ་ན་ཕྲད་རང་དབང་གི་ཚུལ་དུ་བེད་སྤྱོད་། ལུང་འདྲེན་བྱེད་པ་སོགས་གི་རྗེས་ལ་སྦྱོར་བའི་ཅེས་ཞེས་ཤེས་གསུམ་ལས་ཅེས་གཅིག་པོ་བེད་སྤྱོད་བཏང་ན་བཏང་ན་སྟབས་བླ་ལྷག་དུ་བདེ། ཨ་མདོ་བས་ཅིག་ཞིག་ཤིག་གསུམ་གི་ཚབ་ལ་མི་ཟིག ཁྲི་ཟིག་ཟེར་ནས་ཟིག་སྒྲ་སྤྱོད། ལྷ་བ་ས་བས་ཡིག་སྐད་ལྟར་ཅིག་སྒྲ་རང་བེད་སྦྱོད་བྱེད་དོ།
གཞན་དབང་སྟབས་བསྟུན་བྱེད་དགོས་ངས་མ་མཐོང་།།
ལོ་ཆུང་སུན་པ་བསྐུར་འདོད་ང་ལ་མེད།།
སྒྲ་སྦྱོར་ངག་སྐྱོར་གཏོང་བ་དུས་ལས་ཡོལ།།
བསྒྱུར་བཅོས་འདི་ལྟར་བྱས་ན་སྐྱོན་ཅི་ཞིག
དགོངས་དག་རྙོག་པོ་མང་པོ་ཞིག་བྲིས་འདུག་པས་ཕྱེད་སྟོད་ཙམ་ལས་ཀློག་ལོང་མ་བྱུང་ཡང་། གང་ཀློག་པའི་ནང་བྱིས་པ་ལོ་ཆུང་གི་བསམ་བློ་གཞི་ལ་བཞག་ནས་སྐད་ཡི་ཚད་ལྡན་ཡིན་མིན་མང་པོ་ཞིག་བཤད་ཀྱི་འདུག་པས་ནོར་གྱི་མེད་འགྲོ་དྲན་སོང་། ཧྥ་ཡིག་ལ་རྒྱུས་ཡོད་མདོག་བཤད་འདུག་ཏེ་ཧྥ་མི་ཚོ་བོད་པ་ལས་ལྡབ་སྟོང་ཕྲག་གིས་རང་སྐད་ཀྱི་ངོ་བོ་སྲུང་སྐྱོང་ཐོག་ལྟ་བ་སྲ་མོ་ཡོད་པ་ལས། ལས་སླ་བོ་བཟོ་དཀྲུགས་དང་བསྲེ་སླད་བྱེད་དུ་འཇུག་མི་སྲིད་པས། མི་ཡུལ་འདིར་སྐད་ཡིག་གི་ཐོག་ནས་ལྟ་བ་མཁྲེགས་ཤོས་ཀྱི་མི་རིགས་ཧྥ་མི་ཚོ་རེད་ཟེར་ན་མ་འགྲིག་པ་མེད། དེའི་ཕྱིར་ཁྱེད་བོད་སྐད་དཀྲུགས་བཟོ་བྱེད་པར་ཧྥ་ཡིག་དང་ཧྥ་མི་དཔེ་བཞག་པ་ཞྭ་དཔེ་ལྷམ་འགེབས་ལྟར་གོ་ལྡོག་ཡོད། གཞན་སྐད་ཡིག་བརྡ་སྤྲོད་སྤྱད་གཅིག་པོ་མ་ཡིན་པ་དེའང་ཤེས་ན་བཟང་། མི་རིགས་མི་འདྲ་བ་རེ་སྐད་ཡིག་མི་འདྲ་བ་རེད་ཡོད་པ་དང་། སྐད་ཡིག་དེ་ནི་མི་རིགས་ཀྱི་ངོ་བོ་དང་མི་རིགས་ཀྱི་དམིགས་བསལ་ལྷན་སྐྱེས་ཁེ་ཕན་དང་དབང་ཐང་སྲུང་སྐྱོབ་བྱེད་པར་དམགས་ཤུགས་ལས་ཀྱང་གལ་ཆེ་བ་དང་ནུས་པ་ལྡན་པ་ཡོད་རེད། ཕ་སྐད་དེ་མི་རིགས་རང་ལ་ལས་སླ་བོ་ཡོད་ན་དེ་ཙམ་གྱིས་བརྒྱ་ཆ་འགྲིག་པ་རེད། མི་རིགས་ཀྱི་སྐད་ཡིག་དེ་བྱིས་པ་དང་ཕྱི་རྒྱལ་བློ་གསར་ཚོར་མཚམས་པོ་ཡོད་མེད་གལ་ཆེར་བརྩིས་ནས་བཟོ་དཀྲུགས་བྱས་པ་ཡིན་ན། དེ་ནི་བྱིས་པ་ཁོ་ན་མི་རིགས་གཞན་གྱི་ཁེ་ཕན་ལ་སེམས་ཁུར་ཡོད་མཁན་གྱི་ཀླད་མེད་ཅིག་ལས་རིན་ཐང་ཡོད་པ་གང་ཡང་མ་རེད། བྱིས་པ་ནི་བྱིས་པ་རང་ཡིན་པས་འཇིག་རྟེན་གྱི་བཞག་ཕལ་ཆེ་བ་མི་ཤེས་པས་སྐད་ཡིག་དེ་བས་ཀྱང་ལས་སླ་བོ་ཡོད་མི་སྲིད། དཔེར་ན་བྱིས་པ་ཚོ་གསང་སྤྱོད་ནང་ལའང་ལས་སླ་བོ་འགྲོ་མི་ཤེས་པར་ཡང་ཡང་གཅིན་སྐྱག་ཉལ་སའི་ནང་གཏོང་གི་རེད། དེའི་ཕྱིར་ཁྱེད་ཀྱི་གསང་སྤྱོད་ལོགས་སུ་ཡོད་ན་ཕྲུ་གུ་ལ་ལས་སླ་བོ་མི་འདུག་ཅེས། བྱིས་པར་སྟབས་བདེ་དང་ལས་སླ་བོ་བཟོ་ཆེད་གསང་སྤྱོད་ཀྱང་ཉལ་ཁྲིའི་སྒང་ནས་དྲུས་ན་འདོད་དམ།
ཧྥ་སྐད་ནང་མིང་ཚིག་རེ་རེ་ལ་ཕོ་མོ་སོགས་ཀྱི་དབྱེ་བ་ཡོད་པ་རེད། དེ་ནི་དཀའ་ལས་ཁག་ཤོས་དང་ལྷག་པར་དུ་ཕྱི་མི་ཞིག་ལ་མཚོན་ན་ལས་སླ་བོར་མི་ཤེས། འོན་ཀྱང་ཁོ་ཚོས་ཆེད་མངགས་གནད་འགག་འདི་བེད་སྤྱད་ནས་རང་གི་རིགས་དེ་རང་གི་ལུང་བའི་ནང་དཔོན་པོ་བྱེད་རྒྱུའི་ཁེ་ཕན་ལེན་སྤྱད་བྱེད་ཀྱི་ཡོད་པ་ལས། མིང་ཚིག་རེ་རེ་ལ་ཕོ་མོའི་དབྱེ་བ་ཡོད་པ་འདི་བྱིས་པ་དང་ཡང་ན་ཕྱི་མི་ཚོར་ལས་སླ་བོ་མེད་ཀྱང་མགོ་རྙོག་འདུག་པས་དོར་ནས་ཕྱི་མི་ཚོར་སྟབས་བདེ་བོ་ལས་སླ་བོ་ཡོད་པ་བཟོ་འདོད་ཡེ་ནས་ཡོད་པ་མ་རེད། ལུང་བ་ཚང་མ་དེ་འདྲ་རེད། བོད་པ་ཁ་ཤས་ཀྱིས་བོད་སྐད་འདི་རྒྱ་མི་དང་ཕྱི་མི་གསར་སློབ་ཚོར་ལས་སླ་བོ་མི་འདུག་པས་རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་བསྟུན་ནས་སླ་བཅོས་བྱས་ཕྱི་མི་དང་བྱིས་པ་ཚོའི་ཆེད་མི་རིགས་སྐད་བརླག་འདོད་པ་ཆེས་ནོར་ཁྲུལ་ཞིག་རེད་། དེ་མི་རིགས་ཀྱི་དབང་ཐང་མི་གཞན་ལ་སྤྲོད་འདོད་པ་ཙམ་ལས། མི་རིགས་ཀྱི་ཁེ་ཕན་བསམ་པ་ཞིག་ག་ལ་ཡིན། མི་རིགས་ཤིག་ལ་མཚོན་སྐད་ཡིག་ནི་བརྡ་སྤྲོད་སྤྱད་གཅིག་པོ་ཙམ་མ་ཡིན་པར། བརྡ་སྤྲོད་པ་ལས་ཀྱང་ལྷག་པའི་དགོས་པ་མང་པོ་ཡོད་པ་ཁམས་བཟང་དུས་གླེང་། ཞོགས་པ་གཅིན་ཐོག་ལ་འབུད་ཞོར་དུ་བྲིས་དགེའོ།
རྣམ་དཔྱོད་ལྡན་པའི་མཁས་པས་རྒྱུ་མཚན་གཟིགས་ནས་གད་སྙིགས་སུ་གཡུགས་ཟིན་པའི་མི་གཙང་བ། ཕྱོགས་ལ་མཐོང་རྒྱ་མེད་ཅིང་རྟོག་དཔྱོད་མི་ཐུབ་པའི་བླུན་པོ་ཚོས་སྤྱང་འདོད་ཀྱིས་སྙིགས་རྫབ་ཁྲོད་ནས་སླར་སྒྲུག་དགོས་དོན་མེད། ངས་ངོ་གདོང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་འགྱུར་བ་གཏོང་དགོས་མིན་གནད་འགག་ཏུ་བཟུང་ནས་རྩོད་པ་བྱེད་ཀྱི་གཏན་ནས་མེད། འདི་ང་ཚོའི་བགྲོ་གླེང་གི་རིམ་པ་གཉིས་པ་ཡིན། བོད་ཀྱི་སྐད་ཡིག་གི་རིག་གནས་ལ་སྔ་མའི་ཁྱད་ཆོས་རྣམས་མ་ཉམས་པའི་ཐོག་ནས་ཡར་རྒྱས་ཀྱི་འགྱུར་བ་སྣ་ཚོགས་གཏོང་དགོས་པ་ཡོད་སྲིད་ཀྱང་། བྱེད་ཉེས་ན་བརྡ་སྤྲོད་གཞུང་ལུགས་འདིའི་བརྒྱུད་ལམ་ལ་བརྟེན་པའི་ང་ཚོའི་ཚེ་སྲོག་གི་རིག་གཞུང་རྣམས་རྒྱ་གཞུང་གིས་གཏོར་ཞིག་གཏོང་མ་དགོས་པར་རང་བཞིན་གྱིས་ཉམས་བརླག་ཏུ་འགྲོ་མི་སྲིད་པ་མིན། འདི་དང་འདིས་མཚོན་པས་རྒྱབ་ལྗོངས་ཀྱི་གནས་ཚུལ་ཟབ་མོ་རྣམས་ཤེས་སུ་ཆུག
རིག་གསར་སྐབས་འདི་ལྟར་འགྱུར་བ་བཏང་བ་ང་ཚོའི་སྐད་ཡིག་དང་རིག་གནས་ལ་གཅེས་སེམས་ཆེ་བས་མིན་པར་ངན་བྱུས་ཤིག་གི་ཐོག་ནས་དེ་ལྟར་བཅོས་པ་རྟོགས་དགོས། གནད་དོན་འདིའི་མཁས་དབང་ཨ་ལགས་ཞབས་དྲུང་སོགས་ཀྱིས་སྐུ་ཚགས་མང་པོ་བསྟེན་རྒྱུ་མཚན་ལོས་ཡོད།
ཨ་རོགས་ཚོ། ད་ལོ་བོད་པ་ཚང་གི་ལོ་ངོ་ལྔ་བཅུ་དང་བོད་ནང་གི་དམར་གསོད་བྱུང་དེ་ལོ་ངོ་གཅིག་ཟིན་གྲབས་ཡོད་པ་རེད། ཁྱེད་ཅག་གི་གི་སྒྲ་ཞིག་བརྩད་ནས་བསྡད་དེ་བོད་ནང་དུ་ག་རེ་བྱུང་མིན་དང་བཙན་བྱོལ་ཚང་གི་གང་བྱེད་དགོས་མིན་ཕྱོགས་ལ་སྐད་ཆ་ཤུགས་ཆེན་རེ་གང་ས་ནས་ཐོས་པ་ཞིག་གླེང་གཞི་བཙུགས་ན་མ་རེད་དམ།
དགོངས་དག་རྙོག་རིང་ཞིག་བྲིས་འདུག་པས་ཕྱེད་སྟོད་ཙམ་ལས་ཀློག་ལོང་མ་བྱུང་། གུས་པའི་ད་བར་དུ་གསལ་འདོན་བྱས་པའི་མཆན་བུ་ཚོ་ཀློག་ཞོར་ལ་སྔར་མ་དྲན་པའི་རིག་པ་ཁ་འགུལ་སྤྱད་ཅིག་རྙེད་ནས་རྩོམ་ཐུང་འདི་བྲིས་པ་འདྲ། ལྷག་པར་དུ་ལྷག་བཅས་ཀྱི་ཕྲད་དང་ལ་དོན་སོགས་ཀྱི་སྐོར་དེ་ཚོ་སྟག་སྨྱོན་གྱི་ངག་སྒོ་རང་ནས་བྱུང་བའི་ཚིག་གསར་ཁ་ཤས་སྒྲུག་ནས་དེ་ལ་འགྲེལ་བཤད་ལོག་པ་བརྒྱབ་པ་རེད་འདོད། གལ་སྲིད་ཁྱེད་ཀྱིས་དོགས་གནད་དང་གནས་ལུགས་དེ་འདྲ་ཞིག་སྔོན་ལ་དྲན་ཡོད་ན་དེ་བས་ཀྱང་སྔ་ཙམ་ནས་འབུར་འབུར་བྱེད་ངེས་རེད། རང་གི་ཕྲུ་གའི་དཀའ་ངལ་སེལ་ཆེད་མི་རིགས་ཀྱི་སྤྱི་ནོར་སྐད་ཡིག་གི་བརྡ་སྤྲོད་ལ་བཟོ་དཀྲུགས་བྱེད་འདོད་པའི་ཐོག་ནས། རང་གི་ཕྲུ་གུའི་ཆེད་དུ་སྒེར་སེམས་ཅི་ཙམ་ཆེ་བའང་གསལ་འདུག་པའི་ཐབས་རྡུགས་རེད་དྲན་སོང་།
བྱིས་པ་ལོ་ཆུང་གིས་ཤེས་མི་ཐུབ་པ་རྒྱུ་མཚན་བྱས་ནས་གཞུང་ལུགས་ཤིག་ཚད་ལྡན་མ་རེད་བཟོ་བཅོས་བྱེད་དགོས་ཟེར་མཁན་བྱིས་པའི་ཡང་བྱིས་པ་རེད། ཕྲུ་གུ་བསམ་མེད་ཅིག་གི་ཆེད་དུ་མི་རིགས་ཤིག་གི་སྐད་ཡིག་ལ་བཟོ་དཀྲུགས་བྱེད་རྒྱུར་འཛེམ་མི་ཤེས་པའི་གླེན་རྟགས་མ་སྟོན། འཇིག་རྟེན་གྱི་མི་རིགས་དང་སྐད་ཡིག་གང་འདྲ་ཞིག་ཡིན་ཡང་བརྡ་སྤྲོད་ཀྱི་གཞུང་ནི་བྱིས་པ་ལོ་ཆུང་ཚོར་མགོ་རྙོག་དང་ལས་སླ་བོ་མེད་སྟབས། བརྡ་སྤྲོད་ཀྱི་གཞུང་ནི་འཕྱི་བོ་མ་གཏོགས་སློབ་ཁྲིད་བྱེད་སྲོལ་མེད་པ་འཛམ་གླིང་ཡོངས་ཁྱབ་རེད། ཕྲུ་གུ་ལོ་ཆུང་ཚོས་མི་ཤེས་པའི་བརྡ་སྤྲོད་ཀྱི་གཞུང་ཡག་པོ་མ་རེད་མ་ལབ་མ་གཏོགས་རྩིགས་ངོས་ཀྱི་རི་མོ་ཡང་གད་མོ་ཤོར་ཡོང་།
ད་དུང་ཕྲུ་གུ་ལ་ཁག་པོ་ཡོད་པ་ཚང་མ་མེད་པ་བཟོ་གི་ཡིན་ན་ཧ་ཅང་ཉེན་ཁ་ཆེ་སྟེ། ཕྲུ་གུས་ཤེས་པ་དང་མི་ཤེས་པ་གཉིས་ལས་རྦད་དེ་མི་ཤེས་པ་མང་ཞིང་། ལྷག་པར་དུ་ཕྲུ་གུ་མང་ཆེ་བར་སློབ་ཚན་དཀའ་ལས་ཁག་ཤོས་བརྡ་སྤྲོད་མ་ཡིན་པར་། ཨང་རྩིས་དང་མཚན་རིག་ཡིན་པ་འཛམ་གླིང་ཡོངས་གྲགས་ཡིན་པས། ཁྱེད་ཀྱིས་ཕྲུ་གུ་ལ་མགོ་རྙོག་བཟོ་གི་མིན་ཟེར་ནས་ཚན་རིག་དང་ཨང་རྩིས་གཉིས་མེད་པ་བཟོ་འདོད་དམ། ཚིག་ཕྲད་བཅུ་གྲངས་ཤིག་ཀྱང་མི་ཤེས་པའི་ཕྲུ་གུ་རིག་རྡིབས་འུ་ཐུག་དེ་མཚན་རིག་དང་ཨང་རྩིས་ཁྲིད་ཚེ། མགོ་རྙོག་པ་ཙམ་མ་ཡིན་པར་མགོ་གས་སྲིད་པས་དང་པོ་ནས་སློབ་གྲྭར་མ་བཏང་བར་ནོར་བརྫི་བྱེད་དུ་བཅུག་ན་ལེགས། ཡང་སྙིང་ཁྱེད་ཀྱི་བྱིས་པར་མགོ་རྙོག་ཅན་གྱི་སྐད་ཡིག་དེ་རྩ་བ་ནས་སྦྱོང་དུ་མ་བཅུག་ན་གཙང་ཤོས་རེད ད་དུང་ཁྱེད་ཀྱིས་ཕྲུ་གུར་མི་རིགས་ཀྱི་ལ་རྒྱལ་རྩོད་སྟངས་ལས་མི་རིགས་ཀྱི་ལ་རྒྱལ་བཙོང་སྟངས་བསླབ་ན་རྦད་དེ་ལས་སླ་ཞིང་ཁེ་ཆེ་བས་དེ་ལྟར་བྱེད་འདོད་དམ། མི་རིགས་ཀྱི་ཆེད་དུ་ལས་ཀ་སྒྲུབ་རྒྱུ་དེ་བས་ཀྱང་ལས་སླ་བོ་མེད་པའི་ཕྱིར་རོ།
ད་དུང་ French ལ་རྒྱུས་ཡོད་མདོག་གིས་དཔེ་དྲངས་འདུག་ཀྱང་། དེ་ནི་དོན་དངོས་ལ་རྒྱུས་མངའ་སྤུ་རྩེ་ཙམ་ཡང་མེད་རྟགས་ཏེ། ཧྥ་རན་སིའི་མི་ཚོའི་སྐད་ཡིག་མཁྲེགས་བཟུང་གི་ལྟ་བ་བོད་པ་ལས་ལྡབ་སྟོང་ཕྲག་ལས་ལྷག་པས་ལས་སླ་བོ་བཟོ་དཀྲུགས་དང་བསྲེ་སླད་བྱེད་དུ་འཇུག་མི་སྲིད་ལ། མི་ཡུལ་འདིར་སྐད་ཡིག་གི་ཐོག་ནས་ལྟ་བ་མཁྲེགས་ཤོས་ཀྱི་མི་རིགས་ཧྥ་རིན་སི་རེད་ཟེར་ན་འགྲིག དེའི་ཕྱིར་ཁྱེད་ཀྱིས་བོད་སྐད་དཀྲུགས་བཟོ་བྱེད་པར་ཧྥ་ཡིག་དང་ཧྥ་མི་དཔེ་བཞག་པ་རྦད་དེ་ནོར་བ་རེད། ཧྥ་རིན་སིའི་ལུང་བར་དབྱིན་སྐད་བཤད་ན་དགའ་བོ་མི་བྱེད་ཅིང་ཤེས་ནའང་ལན་མི་བརྒྱག དེ་ལས་ཁྱེད་ཀྱིས་ཧྥ་རེན་ཆི་ཐེབས་ཆགས་ཤིག་བརྒྱབ་ན་དོ་སྣང་བྱེད་སྲིད།
ཧྥ་སྐད་ནང་མིང་ཚིག་རེ་རེ་ལ་ཕོ་མོའི་དབྱེ་བ་ཡོད་ཀྱང་། དེ་ནི་དཀའ་ལས་ཁག་ཤོས་དང་ལྷག་པར་དུ་ཕྱི་མི་ཞིག་ལ་མཚོན་ན་ལས་སླ་བོར་མི་ཤེས། འོན་ཀྱང་ཁོ་ཚོས་ཆེད་མངགས་སྐད་ཡིག་གི་ཁྱད་ཆོས་འདི་དག་བེད་སྤྱད་ནས་རང་གི་མི་རིགས་དེ་རང་གི་ལུང་བའི་ནང་དཔོན་པོ་དང་དབང་འཛིན་པ་བྱེད་རྒྱུའི་ཁེ་ཕན་ལེན་གྱི་ཡོད་པ་རེད། མིང་ཚིག་རེ་རེ་ལ་ཕོ་མོའི་དབྱེ་བ་ཡོད་པ་འདི་བྱིས་པ་དང་ཡང་ན་ཕྱི་མི་ཚོར་ཁག་པོ་དང་མགོ་རྙོག་འདུག་པས་དོར་ནས། ཕྱི་མི་ཚོར་བསླབ་བདེ་བོ་བཟོ་འདོད་ཡོད་མཁན་གཅིག་ཀྱང་ཡོད་པ་མ་རེད། ལུང་བ་ཚང་མ་དེ་འདྲ་རེད། འོན་ཀྱང་ཕྱི་རྒྱལ་གྱི་བོད་མི་གླ་བ་ཚོས་མགོ་སེར་ཚོའི་ངོ་ཁོ་ན་སྲུང་དགོས་ཀྱི་ཡོད་སྟབས། ཕྱི་རྒྱལ་གྱི་མི་ཚོ་དོལ་རྒྱལ་བསྟེན་པ་ལྟར་ཞེད་ཞོར་མཆོད་ཞོར་དང་རེ་ཞོར་བྱས་ནས་འདུག་དགོས་སྟབས་སྐད་ཡིག་ཀྱང་དེ་ཚོའི་ངོ་སྲུང་སྤྱད་བྱེད་འདོད་པ་ཙམ་ལས་གཞན་མིན། དེ་ནི་བོད་མི་རིགས་ཀྱི་དབང་ཐང་མི་གཞན་ལ་སྤྲོད་འདོད་པ་ཙམ་ལས་མི་རིགས་ཀྱི་ཁེ་ཕན་བསམ་པ་ཞིག་ག་ལ་ཡིན། མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་ནི་བརྡ་སྤྲོད་སྤྱད་གཅིག་པོ་ཙམ་མ་ཡིན་མོད། བོད་པ་ལས་ངན་ཚང་ལ་བོད་ཡིག་འབྲི་སྟངས་རྩོད་སྐལ་ཙམ་ལས་བོད་ཡིག་སྤྱོད་སྐལ་ལྷག་མེད།
བོད་པའི་ཤེས་ཡོན་པའི་མིང་ཁྱེར་ཚོས་རང་གི་སྐྱེས་དམན་དང་ཕྲུ་གའི་་ཆེད་དུ་མི་རིགས་ཀྱི་སྐད་ཡིག་མེད་བརླག་འགྲོ་རྒྱུར་ཡང་ཚེར་སྣང་འཛེམ་ཟོན་མི་བྱེད་པའི་སྐྱུགས་བྲོ་བོའི་སྒེར་སེམས་འདི་བོད་ཕམ་ཉེས་བྱུང་རྐྱེན་ཉག་ཅིག་རེད། བོད་ཁ་ཐོར་དགུ་ཐོར་དང་རང་གི་ཟ་ཕོར་ཡང་གཞན་ལ་ཤོར་ཚར་ནས་གཞན་གྱི་ཟ་ཕོར་གཡར་མ་ཞིག་ལ་བརྟེན་ནས་འཚོ་དགོས་པའི་འུ་ཐུག་གི་མི་རིགས་མི་རབས་འདི་བྱུང་བ་རེད།
འཛམ་གླིང་གི་མི་རིགས་དཀར་ནག་ཚང་མ་རང་ཉིད་ཀྱི་ཆིག་སྒྲིལ་གྱི་སྟོབས་ཤུགས་ཁོ་ན་ལ་བརྟེན་ནས་འཚོ་གནས་བྱས་ཡོད་ཀྱང་། དབུ་ཁྲིད་སངས་རྒྱས་རྗེན་པ་ཞིག་ལ་མ་བསྟེན་ན་ཤི་འགྲོ་བའི་ནད་གཅོང་གི་མི་རིགས་དེ་བོད་པ་ཚོ་རེད། དེ་ནི་བོད་མི་རིགས་ཀྱི་ཁྲོད་དུ་ངོ་ཚ་ཁྲེལ་མེད་དང་སྒེར་སེམས་ཁོ་ན་ལས་མེད་མཁན། མི་རིགས་རང་གི་ཤ་ཁྲག་འཐུང་མཁན་གྱི་ནད་སྲིན་ལྟ་བུའི་མི་འབོར་མང་པོ་ཡོད་པས་རྐྱེན་གྱིས་རེད།
འཆི་ཁར་སྙེགས་པའི་བོད་དང་བོད་སྐད་ལ་ཤ་ཚ་བྱས་ཀྱང་ང་ལྟ་བུ་ཞིག་གིས་སྐྱབས་མི་ནུས་ཐག་ཆོད་པས་དེ་ལ་ཤ་ཚ་བྱེད་རྒྱུར་དགོས་དོན་ཆུང་ལ། ཁྱེད་ཚོས་འདོད་པ་བཞིན་མགོ་རྙོག་གི་སྐད་ཡིག་འདི་ལ་ཚེ་ལྷག་ཆེར་མེད་པས་ཁྱེད་ཅག་གི་མགོ་གཟེར་མི་རིང་བར་དྭངས་ངེས་པས། དཀའ་ལས་བརྒྱབ་ནས་རྩོད་པ་མ་བརྒྱབ་ཀྱང་བསམ་དོན་འབད་མེད་ལྷུན་གྲུབ་ཡོང་གི་འདུག ད་ལྟ་བོད་ཡིག་ཡོད་ཀྱང་བེད་སྤྱོད་མེད། མི་རིང་བར་ཀླད་ཆུང་ཁྱེད་ཚོའི་ལྕེ་ཆུང་འདི་ཡང་ཆད་འགྲོ་བས་བྲེལ་བ་མ་བྱེད། དེ་དུས་ཁྱེད་ཅིག་གི་བུ་རབས་ཚ་རྒྱུད་ཚང་མ་སྐྱུགས་བྲོ་བའི་བོད་གདོང་སྐྱ་ལེབ་ཁྱེར་ནས་མགོ་སེར་དང་རྒྱ་ཕྲུག་ཚོའི་མདུན་ནས་ཕམ་ཁ་ཁུར་བཞིན་དང་ཨུ་ཚུགས་བརྒྱབ་ཞོར་ལ་འཚོ་དགོས། ཕ་སྐད་དང་ཕ་ས་ཟེར་ནས་སྤོབས་པ་དང་སེམས་རྟེན་བྱེད་ས་གཏན་ནས་མེད་འགྲོ་བས། དེ་དུས་ཁྱེད་དང་ཁྱེད་ཀྱི་ཕྲུ་གུའི་མགོ་རྙོག་རྦད་དེ་དྭངས་པ་རེད།
སྤྱིར་སྐད་ཡིག་ནི་བརྡ་སྤྲོད་བྱེད་ཀྱི་ལག་ཆ་གཅིག་པོ་ཙམ་མ་ཡིན་པར། མི་རིགས་མི་འདྲ་བ་རེ་ལ་སྐད་ཡིག་མི་འདྲ་བ་རེད་ཡོད་པ་དང་། མི་རིགས་སོ་སོའི་སྐད་ཡིག་དེ་ནི་མི་རིགས་དེའི་ངོ་བོ་དང་མི་རིགས་ཀྱི་དམིགས་བསལ་ལྷན་སྐྱེས་ཀྱི་ཁེ་དབང་དང་ཐོབ་ཐང་། ས་མཚམས་དང་མི་རིགས་དབང་ཐང་སོགས་སྲུང་སྐྱོབ་བྱེད་པར་དམག་ཤུགས་ལས་ཀྱང་གལ་ཆེ་ཞིང་ནུས་པ་ལྡན་ཡོད། དཔེར་ན་བོད་ཀྱི་དམག་སྒར་དང་ཆུ་བཞི་སྒང་དྲུག་སོགས་སྔ་མོ་ནས་དུས་ཐུང་ནང་ཕམ་ཟིན་ཀྱང་། སྐད་ཡིག་གིས་མི་རིགས་ཀྱི་དབུགས་ཆད་དུ་མ་བཅུག་པར་ད་དུང་ཡང་སྲོག་བཟུང་ཡོད་པ་རེད། དེ་ཕྱིར་སྐད་ཡིག་ལ་སྣང་ཆུང་གཏོར་བརླག་བྱེད་པ་མི་རིགས་ཀྱི་ཚེ་སྲོག་ངོས་མ་ཟིན་པའམ། ཡང་ན་མི་རིགས་དེའི་ཚེ་སྲོག་ལ་ཆེད་དུ་ལག་བསྙབས་བྱེད་ཀྱི་ཡོད་པ་རེད། སྐད་ཡིག་ནི་བརྡ་སྤྲོད་སྤྱད་ཙམ་རེད་ཅེས་མཁས་མདོག་བཤད་རྒྱུར་ངོ་ཚ་མི་ཤེས་མཁན་ཡང་མང་།
བོད་སྐད་ནི་བོད་མི་ལ་ལས་སླ་བོ་ཡོད་ན་དེ་ཙམ་གྱིས་བརྒྱ་ཆ་ཐམ་པ་འགྲིག་པ་རེད། བསམ་བློ་མ་སྨིན་པའི་བྱིས་པ་དང་ཕྱི་རྒྱལ་བློ་གསར་བ་ཚོའི་ཤེས་ཚད་ལ་མཚམས་པོ་ཡོད་མེད་གལ་ཆེན་པོ་མ་རེད། དམིགས་ཡུལ་དེ་གཉིས་ཀྱི་ཆེད་དུ་ཕ་སྐད་ལ་བཟོ་དཀྲུགས་གང་དྲན་བྱས་ན། དེ་ནི་བསམ་མེད་བྱིས་པ་དང་མི་རིགས་གཞན་ཞིག་གི་ཆེད་ཡིན་པ་མ་ཟད། བོད་མི་རིགས་ཧྲིལ་བོའི་སྲུང་སྐྱོབ་ཀྱི་ལྕགས་རི་ལ་གས་ཆགས་གཏོང་མཁན་གྱི་ཞེ་ནག་ཐལ་ཚན་འོག་གི་མེ་རོ་ནང་བཞིན་རེད།
སྤྱིར་བྱིས་པ་ནི་བྱིས་པ་རང་ཡིན་པས་འཇིག་རྟེན་གྱི་བཞག་ཕལ་ཆེ་བ་མི་ཤེས་པས་སྐད་ཡིག་གི་ཁྲིམས་ཤེས་རྒྱུ་ཕར་ཞོག ཐ་ན་སྤྱིར་བཏང་གི་ཁྲིམས་ཀྱང་མི་ཤེས་མོད་བྱིས་པ་ཚོའི་ཆེད་ཁྲིམས་མེད་པ་བཟོ་དགོས་ཟེར་མཁན་བྱུང་མེད། དེ་ལས་ལྡོག་ཏེ་ཕྲུ་གུར་ཚོར་ཁྲིམས་ལུགས་རེ་རེ་བཞིན་ངོ་སྤྲོད་བྱས་ཏེ། དེ་ལས་འགལ་མི་རུང་བའི་ནན་ཏན་བཟོ་བ་རེད། དེའི་ཕྱིར་ཚིག་ཕྲད་བཅུ་གྲངས་ཤིག་ཀྱང་སྦྱོང་མི་ཤེས་པའི་མི་དང་ཕྲུ་གུ་འུ་ཐུག་དེ་འདྲ་ཞིག་དང་པོ་ནས་སློབ་གྲྭ་ལ་མ་སོང་ན་ཡག་གི་རེད།
གཞན་ཡང་བྱིས་པ་ཚོ་གསང་སྤྱོད་ནང་ལའང་ལས་སླ་བོ་འགྲོ་མི་ཤེས་པར་ཡང་ཡང་གཅིན་སྐྱག་ཉལ་སའི་ནང་གཏོང་གི་རེད། དེའི་ཕྱིར་ཁྱེད་ཀྱི་གསང་སྤྱོད་ལོགས་སུ་ཡོད་ན་ཕྲུ་གུ་ལ་ལས་སླ་བོ་མི་འདུག་ཅེས། བྱིས་པར་སྟབས་བདེ་དང་ལས་སླ་བོ་བཟོ་ཆེད་གསང་སྤྱོད་ཀྱང་ཉལ་ཁྲིའི་སྒང་ནས་དྲུས་ན་འདོད་དམ། འདི་ནི་མི་ཆོ་མེད་དེ་རིགས་ཨ་ལན་ཡང་ལན་བྲིས་ནས་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་མི་འགྲོ་ཐབས་བྱེད་ངེས། ལན་མེད་སོང་བ་དེ་འདྲ་མ་དྲན།
ད་སྟག་སྨྱོན་ཁྱེད་རང་གིས་གོ་ལ་མ་གོ་ལ་བྱས་ནས་མདའ་མོ་སྟོང་འཕེན་མ་བྱེད། མདོར་དེད་ན་བྱིས་པར་སྟབས་བདེ་མ་བདེ་གཅིག་པོའི་དྲི་བ་མ་རེད། དྲི་བ་ནི་གི་སྒྲས་འབྲེལ་སྒྲའི་ཕྲད་གཞན་རྣམས་ཀྱི་དོན་ཆ་ཚང་སྟོན་ཐུབ་གི་ཡོད་པ་མ་ཟད་སྟབས་བདེ་ཆགས་ཡོད་པ་དེ་རེད། ཁ་སྐད་དང་ཡང་མཐུན། ཕྲད་སྦྱོར་ཚུལ་དེ་ཚོ་ངག་སྐྱོར་གཏོང་ཤེས་ལ་མ་ཤེས་པ་བྱས་དགེ་རྒན་གི་གཅར་རྡུང་ཡང་བཟེད་དགོས་མེད།
ཁྱེད་རང་ཡར་མར་འགྲོ་བར་མོ་ཊ་གཅིག་གིས་འགྲིགས་གི་ཡོད་པ་རེད་དེ་ཁྱེད་རང་གིས་ཨུ་ཚུགས་བྱས་ནས་མོ་ཊ་ལྔ་དགོས། མི་ཚང་འདི་སྔོན་མ་ནས་འདི་འདྲ་བྱས་ཡོང་པ་རེད། ད་དུང་ཡིན་ཡང་དེ་ལྟར་འགྲོ་གི་ཡིན་ཟེར་བ་དང་གཅིག་པ་རེད།
གཞན་ཁྱེད་རང་གིས་བརྡ་སྤྲོད་ནི་མཐོ་རིམ་སློབ་གྲྭའི་སྐབས་སྦྱོང་དགོས་པ་ལྟ་བུ་ཞིག་བཤད་སོང་། བརྡ་སྤྲོད་ཟེར་བ་འདི་གོ་བདེ་བྱས་བཤད་ན་ཕྲད་བེད་སྤྱོད་གཏོང་སྟངས་རེད་ཟེར་ནས་བཤད་ན་ཆོག འདི་ཆུང་བྱིས་པའི་སྐབས་ལ་སྦྱོང་དགོས་པ་ཅིག་རེད། སྔོན་མ་ང་ཚོའི་དགོན་པ་ཁག་དུ་དེ་འདྲ་མིན་པ་འདྲ།
རྣམ་དབྱེའི་གོ་དོན་ཙམ་ཡང་མི་ཤེས་པར་མང་པོ་ཞིག་ལབ་མ་ཡོང་། རང་གིས་གང་ཤེས་པ་དེ་བཤད་ན་འགྲིགས། ཁྱེད་རང་གིས་ཤེས་ལ་མ་ཤེས་པ་བྱས་ནས་གཡང་སྐྱབས་རྒྱལ་ལ་ལན་མང་པོ་ཞིག་བྲིས་འདུག དེ་ངས་ཆ་ཚང་བཀླགས་མེད།
ངས་དོ་སྣང་བྱུང་བ་ཞིག་ནི་ཁྱེད་རང་གིས་གི་སྒྲ་དུས་ད་ལྟ་བ་དང་མ་འོངས་པ་འཇུག་པ་དེ་རྣམ་དབྱེ་ཡིན་པའི་རྒྱུ་མཚན་དེ་ཚོ་ནོར་བ་རེད། རྣམ་དབྱེ་ནི་གོ་བདེ་ཞིག་བཤད་ན། བྱེད་པ་པོ་དང་བྱ་བ། འབྲེལ་གཞི་དང་འབྲེལ་ཆོས། རྟེན་དང་བརྟེན་པ། བྱ་ཡུལ་དང་བྱ་བ་སོགས་རྣམ་པར་འབྱེད་བྱེད་ཀྱི་ཕྲད་དེ་ལ་ཟེར། འགྲོ་གི་ཡིན་ཟེར་ན། གི་སྒྲས་ཇི་ལྟར་འགྲོ་དང་ཡིན་གཉིས་རྣམ་པར་དབྱེ་བ་རེད། དེས་ན་ཁོང་ཡང་སླེབས་ཟེར་བའི་ཡང་སྒྲ་སྡུད་པ་ལ་འཇུག་པ་འདི་ཡང་རྣམ་དབྱེ་རེད། རྣམ་དབྱེའི་ཁོངས་སུ་བསྡུས་པའི་ཕྲད་རྣམས་ལའང་ཚང་མར་རྣམ་དབྱེ་དང་སྦྱར་ནས་འགྲེལ་བཤད་བྱེད་རྒྱུ་སྣ་འཐེན་ནས་ཁ་ནང་ལ་སླེབས་ན་མ་གཏོགས་མེད། འབོད་སྒྲ་ལ་མཚོན་ན་འབོད་པའི་ངག་ཙམ་ལས་དེའི་སྟེང་རྣམ་པར་དབྱེ་བཞག་པ་གང་ཡང་མེད་པ་རེད།
འདིར་གཡང་སྐྱབས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁོང་གིས་བྲིས་པའི་བརྡ་སྤྲོད་སྐོར་གི་རྩོམ་སྔ་ཕྱི་དེ་ཚོ་བརྡ་སྤྲོད་ཀྱི་ཁ་གསབ་དུ་འགྲོ་གི་འདུག གནས་སྐབས་དེ་ཙམ་ཡིན།
ཉོག་བཤད་ཅིག་མ་བྱས་པར་གཙང་བཤད་ཅིག་མི་ཡོང་བ་འདུག ངས་བཤད་ན་འདོད་པ་ནི། ཕྲད་ཀྱི་རྣམ་གཞག་༼ད་ཡོད་སུམ་རྟགས་ཀྱི་གཞུང་དུ་འཁོད་པ་༽ཙམ་མིན། ང་ཚོའི་ལག་ལེན་གྱི་ནང་ཡོད་མོད། བརྡ་སྤྲོད་གཞུང་དུ་འགྲེལ་བཤད་མེད་པའམ་ཡང་ན་གསལ་པོར་མེད་པ་སྐོར་གཅིག་ཡིན་ལ། དེའི་ནང་དུ་རྗོད་པའི་དུས་གསུམ་གྱི་རྣམ་དབྱེ་༼དཔེར་ན། འགྲོ་གི་ཡིན། འགྲོ་གི་ཡོད། ཕྱིན་པ་ཡིན།༽ཡང་འདུས་ཡོད་པར་འདོད། མགོན་པོ་ལགས་ཀྱིས་ཀྱང་རྒྱུ་མཚན་བགྲངས་ནས་གསུངས་པ་དེ་དག་ནི་དགའ་བསུ་ཞུ་འོས་པ་ཞིག་རེད། དེའི་རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་འདིའི་ལས་འགན་ཇེ་ཆེ་དང་ཇེ་ལྗིད་དུ་འགྲོ་བཞིན་ཡོད། ༡༩༥༩ གོང་གི་བོད་སྐད་དུ་ཡོད་པའི་བསྟན་བཅོས་ཀྱི་བརྒྱ་ཆ་དགུ་བཅུ་ལྷག་༼འདི་ཚོད་དཔག་ཡིན།༽ནི་ཆོས་ཀྱི་གཞུང་ལུགས་རེད། ད་ནི་སྐད་ཀྱི་ལས་འགན་དེ་ཆོས་གཞུང་ཙམ་ཡིན་པར། འཇིག་རྟེན་གྱི་གྲུ་ག་ཡོངས་རྫོགས་ལ་སྙོབ་ཐུབ་པ་ཞིག་དགོས་ཀྱི་ཡོད་སྟབས། གནའ་སྲོལ་ལམ་ཡང་ན་གཞུང་ལུགས་དང་འགལ་ཞེས་ཨུ་ཚུགས་བྱེད་དོན་ཨེ་ཡོད་སྙམ།
འདིར་ངེད་ཀྱི་བསམ་འཆར་སྐོར་གཅིག་གི་དཔེ་མཚོན་འགའ་འཇོག་འདོད་དེ།
བོད་ཡིག་གི་བྱ་ཚིག་གི་རིམ་པ་དེ་ནི་ཧ་ཅང་ཞིབ་ཚགས་པོ་ཞིག་ཡིན་པ་འདྲ། རྟགས་འཇུག་གི་བདག་གཞན་དུས་གསུམ་གྱི་སྐབས་ན་འཆད་པ་ཙམ་མ་ཡིན་པར་ད་དུང་རིམ་པ་གཞན་ཡང་ཡོད་པར་སྣང་སྟེ། དཔེར་ན། གཙུག་ལག་ཁང་གི་སྒོ་ཕྱེས་ཕྱེས་སུ་ཡོད་པ་ཟེར་བ་ལྟ་བུ་སྐྱར་ལྡབ་དང་། བྱ་ཚིག་འཕར་མ་སྟེ། ངས་གླུ་ལེན་ཤེས། ལྟ་བུ་ཤེས་དང་ལེན་གཉིས་བསྣན་པ། ངས་གླུ་ལེན་དང་མ་ལེན་ཟེར་བ་ལྟ་བུ་འདམ་ངའི་རང་བཞིན་ཅན། གླུ་ལེན་ཚུལ་དང་གླུ་ལེན་ལོང་མེད་ཟེར་དུས་ཚོད་དང་རྣམ་པ་སྟོན་པའི་ངང་ཚུལ་ཅན་འདི་རིགས་རེད།
ཁྱད་ཆོས་འདི་དག་ཀྱང་ཞིབ་ཚགས་དོད་པོར་ཡོད་པ་ལྟ་བུ་ལ། དེའི་རྣམ་དབྱེའང་གསལ་པོ་ཞིག་ནི་མ་མཐོང་། མགོན་པོས་ཀྱང་རྗེས་འཇུག་བཟླས་ནས་ཕྲད་དུ་གྲུབ་པའི་རྣམ་དབྱེ་ཞིག་བཤད་པ་ལྟར། ནག་པོའམ་ནག་གོ ནག་ག་ ནག་ཤོས་ཟེར་བ་ལྟ་བུའི་རིམ་པ་དང་། ཇེ་ནག་ལ་སོང་། ཇེ་ནག་ལ་བཏང་། ཇེ་ནག་ལ་འགྲོ་ལྟ་བུའི་རིམ་པ་སོགས་འདུག ཞིབ་པར་མི་དྲན།
བྱ་ཚིག་མིང་ཚིག་ཏུ་བསྒྱུར་བའི་ཚིག་གྲོགས་ཅན་གྱི་ཚིག་ཕྲད་སྐོར་གཅིག་སྟེ། དཔེར་ན། འགྲོ་ལུགས། འགྲོ་སྲོལ། འགྲོ་ཚུལ། འགྲོ་སྟངས། འགྲོ་ལོང་། འགྲོ་འདོད་སོགས་རེད། འདི་དག་གི་རྣམ་དབྱེ་ཞིག་ཡོད་ན་ལེགས།
དང་ནི་འབྱེད་སྡུད་རྒྱུ་མཚན་དང་། ཚེ་སྐབས་གདམ་ངག་ལྔ་ལ་འཇུག། ཅེས་པའི་རྩ་ཚིག་འདི་ལ་སུས་ཀྱང་རྩོད་པ་བྱེད་ཀྱི་མ་རེད་སྙམ། དེས་ན། མི་མང་དང་ལྷན་དུ་ཚོགས་འདུ་འཚོགས་ཟེར་བའི་དང་སྒྲ་འདི་འབྱེད་པ་དང་སྡུད་པ་གང་རུང་ལས་མ་འདས་མོད་གང་ཡིན་ཆ་མ་འཚལ། འོན་ཀྱང་འདི་ལ་གོ་བ་གཞན་ཞིག་ཀྱང་ཡོད་པར་འདོད། མིང་ཚིག་དང་བྱ་ཚིག་གི་བར་ན་དང་སྒྲ་ཡོད་ཚེ། མཉམ་དུ་ཞེས་པའི་གོ་བ་ཡོད་པ་འདྲ། ཁྱེད་ལྷ་དང་བསྡུར་ན། ཁྱི་དང་བསྟུན་དགོས། ཟེར་བ་ལྟ་བུ་རེད། འདི་རིགས་མང་པོ་འདུག ཨ་ཁ། ལ་དོན་ཡང་། བྱ་ཚིག་དགག་ཚིག་ཏུ་བྱས་ནས་བདག་སྒྲ་པ་སྦྱར། དེ་ལ་ལ་དོན་གྱི་ཕྲད་སྦྱར་ནས་བྱ་ཚིག་རྗེས་མ་དྲངས་ཚེ། འདི་ལྟར། ཚོགས་འདུ་མ་འཚོགས་པར་ཚོགས་གཙོ་བསྐོས། ཟེར་བ་ལྟ་བུ་འདི། རྣམ་དབྱེ་གཉིས་པ་བཞི་པ་དང་། བདུན་པ་དེ་ཉིད་དུས་ལ་འཇུག༎ ཅེས་པའི་ནང་གི་གང་ཡིན། ད་ཆོག་པ་བྱེད། རིམ་གྱིས་ཞུས་ཆོག
སུམ་རྟགས་སམ་བརྡ་སྤྲོད་གཞུང་ལུགས་ཀྱིས་སྐད་ཡིག་ལ་འགྲེལ་བཤད་་བྱེད་ཐུབ་དགོས་ཀྱི་ཡོད་པ་རེད། དེས་ན། ངས་གོང་གི་སྟག་སྨྱོན་ཚིག་གྲུབ་ཅིག་༼འདི་ནི་ལག་པར་གང་ཐེབས་བྱས་ཏེ་དྲངས་པ་ལས་གཞན་པའི་དམིགས་ཡུལ་མེད།༽ལུང་དུ་དྲངས་ནས་འགྲེལ་བཤད་ཅིག་བྱེད།
“འཛམ་གླིང་གི་མི་རིགས་དཀར་ནག་ཚང་མ་རང་ཉིད་ཀྱི་ཆིག་སྒྲིལ་གྱི་སྟོབས་ཤུགས་ཁོ་ན་ལ་བརྟེན་ནས་འཚོ་གནས་བྱས་ཡོད་ཀྱང་། དབུ་ཁྲིད་སངས་རྒྱས་རྗེན་པ་ཞིག་ལ་མ་བསྟེན་ན་ཤི་འགྲོ་བའི་ནད་གཅོང་གི་མི་རིགས་དེ་བོད་པ་ཚོ་རེད།”
བྱེད་པ་པོ་ནི། “འཛམ་གླིང་གི་མི་རིགས་དཀར་ནག་ཚང་མ” ཟེར་བ་འདི་རེད།
བྱ་ཚིག་ནི། “འཚོ་གནས་བྱས་”
ཆད་པ་ནི་ “འཚོ་གནས་བྱས་ཡོད་”ཟེར་བའི་འགྲེལ་བཤད་རེད།
“་ཤི་འགྲོ་བའི་འགྲོ་བའི་ནད་གཅོང་གི་མི་རིགས་” ཟེར་བ་འདི་ནི་འབྲེལ་བ་ཅན་གྱི་རྗོད་པ་སྟེ། མི་རིགས་དེ་ཤི་བཞིན་པ་ཟེར་བའི་ཚིག་གྲུབ་གོ་བབ་ལྡོག་པ་རེད། ནད་གཅོང་གི་མི་རིགས་ཟེར་བ་ནི་མི་རིགས་ནད་གཅོང་ཅན་ཞེས་པ་གོ་ལྡོག་ནས་དྲུག་པ་འབྲེལ་བས་མཚམས་སྦྱར་བ་རེད། དེ་ལྟར་འགྲེལ་བཤད་རྒྱག་ཐུབ་པ་ཞིག་གི་གཞུང་ལུགས་ང་ཚོའི་སུམ་རྟགས་ནང་གསལ་ཡོད་དམ།
ང་ཚོའི་བརྡ་སྤྲོད་ནང་མང་དྲགས་པའི་ཆ་དང་མ་འདང་བའི་ཆ་གཉིས་ཀ་ཡོད་པ་རེད་སྙམ། ད་བར་དུ་སྔོན་བྱོན་མཁས་དབང་རྣམ་པ་མང་པོ་ཞིག་ནས་སུམ་རྟགས་གི་རྩ་བར་མ་གསལ་བའི་འཇུག་ཡུལ་གསར་པ་ཡང་མི་ཉུང་བ་ཞིག་ཁ་གསབ་བྱས་ཡོད་པ་རེད། དཔེར་ན། གྱི་སྒྲ་ཚིག་སྔ་ཕྱི་འགལ་བ་གཉིས་གི་བར་དུ་སྦྱོར་བ། པས་སྒྲ་རྒྱུ་མཚན་ལ་འཇུག་པ། དུང་དཀར་ཚང་གིས་ལ་སྒྲ་ལ་འཇུག་ཡུལ་བརྒྱད་དང་ན་སྒྲ་ལ་འཇུག་པ་བཅུ་བཞི་བསྟན་པ་ལྟ་བུའོ།
འོན་ཏེ། ད་དུང་ཡང་ཁ་གསབ་བྱ་རྒྱུ་ལྷག་ཡོད་པ་གསལ་པོ་རེད། དགེ་འདུན་རབ་གསལ་གིས་གོང་དུ་བཤད་པ་ལྟར་རེད། དཔེར་ན་ཡིན་མིན་ཡོད་མེད་འདུག་མི་འདུག་སོགས་དུས་གསུམ་ལ་སྦྱར་ནས་དབྱེ་བ་བྱ་རྒྱུ་གང་འཚམས་ཡོད་པ་འདྲ།
དགེ་རབ་གི། མི་མང་དང་ལྷན་དུ་ཚོགས་འདུ་འཚོགས་ཟེར་བ་འདི་ནི་དང་སྒྲ་སྡུད་པ་ལ་འཇུག་པ་དང་དུ་སྒྲ་དེ་ཉིད་ལ་འཇུག་པ་རེད། ཚོགས་འདུ་མ་འཚོགས་པར་ཚོགས་གཙོ་བསྐོེས་ཟེར་བ་འདི་ཡང་ཚོགས་གཙོ་བསྐོས་པ་དེ་ཚོགས་འདུ་མ་འཚོགས་པའི་ངོ་བོར་བསྐོས་པས་དེ་ཉིད་རེད། ཡིན་ན་ཡང་། ལྷ་དང་བསྡུར། ཁྱི་དང་བསྟུན་ཟེར་བ་ལྟ་བུ་མང་པོ་ཞིག་ཡོད་པ་ལས་འགའ་རེའི་ནང་མཉམ་དུ་དང་ལྷན་དུ་བསྡུས་ནས་བྲིས་པ་ལྟ་བུ་ཡོད་ཀྱང་། ཡང་འགའ་རེ་ལ་སྒྲ་རྣམ་དབྱེ་གཉིས་པར་འཇུག་པ་དང་ཁྱད་པར་མེད་པ་ལྟ་བུ་དེ་འདྲར་ཡང་མཚམས་རེར་ཐུག་གི་འདུག
འབྲེལ་སྒྲ་ལ་བྱ་བ་དང་བྱ་བ་ཅན། ཁྱད་གཞི་དང་ཁྱད་ཆོས། ཆ་དང་ཆ་ཅན། སྤྱི་དང་བྱེ་བྲག་གི་འབྲེལ་བ་སོགས་མང་པོ་ཞིག་ཡོད་པ་དེ་ཚོ་ལས་འགའ་ཤས་ཤིག་ནུབ་ཕྱོགས་པར་བོད་ཡིག་སློབ་སྐབས་ངེས་པར་མཁོ་གལ་ཆེན་པོར་མཐོང་། གོང་གི་ཁྱེད་རང་གི་དཔེ་དེ་ཡང་འདི་ལས་མ་འདས།
ཡང་ངས་འདིར་བཤད་འདོད་པ་གཞན་ནི་དེ་སྒྲ་ལ་འཇུག་ཡུལ་དགུ་སྟོན་གི་ཡོད་ན་ཡང་དོན་དམ་དུ་འཇུལ་ཡུལ་དེ་འདྲ་མང་པོ་མེད་པ་ལྟ་བུ་རེད།
འབྲིང་རིམ་སློབ་གྲྭར་སུམ་རྟགས་དག་གསུམ་སྦྱངས།།
སློབ་གྲྭ་ཆེན་མོར་སུམ་རྟགས་དག་གསུམ་སྦྱངས།།
རང་གི་ཡུལ་ལ་སུམ་རྟགས་དག་གསུམ་ཁྲིད།།
རྒྱ་གར་ཡུལ་ལ་སུམ་རྟགས་དག་གསུམ་ཁྲིད།།
ཕྱི་རྒྱལ་ཡུལ་ལ་སུམ་རྟགས་དག་གསུམ་གླེང་།།
སུམ་རྟགས་ནང་ནས་ཐར་དུས་ནམ་ཞིག་ཡིན།།
སླ་མོར་བཤད་ན་འདི་ལས་སླ་ཅིག་མེད།།
བློ་ཐོག་རང་ནས་དེབ་ཅིག་འབྲི་ཆོག་ཡིན།།
དཀའ་མོར་བཏང་ན་འདི་ལས་དཀའ་ཅིག་མེད།།
རྩོད་པའི་གླེང་མོ་ནམ་ཡང་རྫོགས་དུས་མེད།།
ཕྲད་ཡན་འགའ་རེར་ངོས་འཛིན་མ་ཐུབ་གདའ།།
ཕྲད་མཚུངས་འགའ་རེར་དབྱེ་བ་མ་ཕྱེས་འདུག།
ཕྲད་ཐོར་འགའ་རེ་བརྗོད་རྒྱུ་ལུས་ནས་གདའ།།
ཕྲད་ལྷག་འགའ་རེ་མི་མཁོ་གཡུག་དགོས་འདུག
མི་ཚེའི་ཡར་སྟོད་ཕྲད་གི་ནང་ལ་རྫོགས།།
མི་ཚེའི་མཇུག་ལ་ཕྲད་དང་མ་འཕྲད་ཅིག།
ཕྲད་གི་རྩོད་གཞི་གང་མགྱོགས་ཆད་པར་ཤོག།
ཕྲད་གི་བསྟན་པ་ཡུན་རིང་རྒྱས་གྱུར་ཅིག།
འབྲེལ་སྒྲ་རྩོད་པ་གང་ལ་འབྲེལ་མིན་གཅིག །
དང་སྒྲ་གླེང་ན་དང་སྒྲ་གྲག་མིན་གཉིས། །
འདི་སྒྲ་བཤད་པ་འདི་རུ་མཁོ་མིན་གསུམ། །
དྲ་གྲོགས་རྣམ་པས་ད་ནི་བསྐྱུར་རན་རེད། །
མདའ་ཚན་པས། “ཚོགས་འདུ་མ་འཚོགས་པར་ཚོགས་གཙོ་བསྐོེས་”ཞེས་པའི་ར་འདི་ནི་ལ་དོན་དང་། དེ་ཡང་། དེ་ཉིད་ཀྱི་ཕྲད་རེད་ཅེས་ཚིག་ཐག་བཅད་སོང་། ད་ངས་དྲི་བ་ཞིག་གཏོང་། ཚིག་གྲུབ་འདི་རང་གི་ནང་དུ་ཡོད་པའི་དགག་སྒྲ་དེ་བཏོན་ནས། “ཚོགས་འདུ་འཚོགས་པར་ཚོགས་གཙོ་བསྐོེས་” ཞེས་བཀོད་ན། དེ་ཡང་དེ་ཉིད་ཡིན་ནམ། ངས་གོང་དུ་བཀོད་པའི་རྗོད་ཚིག་འདི་འདྲ་ལ་མཚོན་ན། ལ་དོན་གྱི་ཕྲད་ཙམ་མ་ཡིན་པར་བྱ་ཚིག་དང་། དེ་ནས། དགག་སྒྲ་བཅས་འཛོམས་ན་སྡེ་ཚན་བྱེ་བྲག་པ་ཞིག་འབྱིན་པའི་དོན་ཡིན་ཏེ། རྗོད་པའི་སྔ་ཕྱི་མ་ལྟོས་པར་འགྲེལ་བཤད་བྱེད་པ་དེ་འགྲིག་གི་མི་འདུག་ཅེས་དོན་གྱི་སྙིང་པོར་བཤད་པ་ཡིན། དཔེར་ན།
གྲིས་མ་བསྣུན་པར་ཁྲག་ཕྱུངས།
སོ་མ་བཏབ་པར་ཁྱུར་མིད་བཏང་།
ར་མདའ་ལ་མ་སོང་བར་ནོར་ལུག་ཚུར་བླངས།
བརྡར་ཤ་མ་བཅད་པར་ཉོག་བཤད་བྱས། སོགས་གང་མང་མང་ཞིག་ཡོད་པ་ལྟ་བུ་རེད། དགག་སྒྲ་སྦྱོར་སའི་བྱ་ཚིག་དེ་ཡང་འདས་ཚིག་ཡིན་དགོས་པ་འདྲ། བོད་ལ་མ་ཕྱིན་པར་རྒྱ་གར་དུ་འགྲོ་གི་ཡིན། ཞེས་བྲིས་ན་ལས། བོད་ལ་མ་འགྲོ་བར་རྒྱ་གར་དུ་འགྲོ་གི་ཡིན་ཞེས་བྲིས་ན་ནི་བརྗོད་མི་བདེ་བའི་ཕྱིར་རོ།།
དགེ་འདུན་རབ་གསལ་ཟེར་བ་སུམ་རྟགས་ལ་ཞེ་འདང་ཇེ་ཆེར་གྱུར་ནས་འབྲེལ་སྒྲའི་རྩོད་པ་གཏན་ནས་མཚམས་འཇོག་བྱེད་ཀྱི་མི་འདུག སྤྱིར་ཚིག་འཕྲད་ལ་འབྲེལ་བའི་བྱེད་པ་ཅན་མིན་པ་མེད་ཀྱང་། དྲུག་པ་འབྲེལ་སྒྲའི་ཐུན་མིན་གྱི་ཁྱད་ཆོས་ནི་ཚིག་གོང་འོག་གི་བར་འབྲེལ་བ་སྒྲུབ་པ་ཙམ་མིན་པར། དོན་གྱི་ངོ་བོ་ཐ་དད་པ་དང་ཐ་མི་དད་པ་ཅི་རིགས་པའི་བར་འབྲེལ་བ་སྒྲུབ་པའི་རྣམ་དབྱེ་ཞིག་ཡིན་དགོས། ང་འགྲོ་གི་ཡིན་ཟེར་བ་འབྲེལ་སྒྲ་ཡིན་ཟེར་ན། ང་འགྲོ་ནི་ཡིན་ཟེར་བ་་དང་། ང་འགྲོ་རན་ཡིན་ཟེར་བ་སོགས་རྣམ་དབྱེ་གང་ཡིན་ཤོད་དང་།
དགེ་རབ། དེ་ཉིད་ལ་དོན་གི་འཇུག་ཡུལ་ཁོངས་ཡིན་ཡང་དེ་ཉིད་དེ་ལའི་འཇུག་ཡུལ་ལས་འདས་ཡོད། ཕྲད་གཞན་པ་སོའི་ཚབ་ལ་ལ་སྒྲ་འབྲི་ཆོག་གི་ཡོད་ཀྱང་དེ་ཉིད་གི་སྐབས་དེ་ལྟར་མིན། དེ་ཉིད་གི་མཚད་ཉིད་གིས་འགྲེལ་བཤད་བྱེད་ཐུབ་ན་དེ་དེ་ཉིད་ཡིན་དགོས་པ་རེད། གསལ་པོར་ཞིབ་པ་ཡིན་ན། དེ་ཉིད་ལ་ནང་གསེས་གི་ཁྱད་པར་ཅུང་ཟད་འདུག་བསམ། དཔེར་ན། ཤིན་ཏུ། རབ་ཏུ། བརྗོད་དུ་མེད། དཔག་ཏུ་མེད་ལྟ་བུ་རིགས་གཅིག་དང། ཡང་། ནག་པོར་གྱུར། བདེ་བར་ཕྱིན། ལྟ་བུ། གྲོས་མ་བྱས་པར་ཐག་བཅད་ལྟ་བུ་ཕྲད་གི་སྔོན་ལ་དགག་སྒྲ་ཡོད་པ་འདི་ཚོ་ཚང་མ་དེ་ཉིད་ལས་མ་འདས་ཡང་། ཕྲད་ཚང་མའི་ཚབ་ལ་ལ་སྒྲ་མི་འཇུག ཡང་བྱ་སྤྲེལ་གཏམ་བརྒྱུད་ནང་། ངེད་ཅག་མར་ལ་གྲུབ་པ་མིན་ལྟ་བུ་ལ་སྒྲ་འཇུག་ས་ཡང་འགའ་རེ་མཐོང་རྒྱུ་འདུག
ཕྲད་དེ་ཚོ་གང་གི་ཁོངས་ཡིན་མིན་ལ་ང་ཚོས་རྩོད་པ་བྱེད་དགོས་དོན་མི་འདུག གང་གི་ཁོངས་ཡང་མིན་ན་ལོགས་སུ་འཇུག་ཡུལ་གཞན་ཞིག་ལ་ཕྱེ་མི་ཆོག་གམ།
ལ་དོན་གི་ཕྲད་རྙིགས་མ་མཁོ་བ་དེ་ཚོ་གཡུགས་བཞག་ནས་ལ་དང་ར་གཉིས་གཅིག་པོ་བེད་སྤྱོད་བཏང་ཕྱིན་པ་ཡིན་ན་ང་ལ་དགའ་སྣང་མ་འདྲ་བ་ཞིག་འདུག ཡིན་ན་ཡང་། དེ་ཉིད་གི་སྐབས་ལ་སླེབས་སྐབས་ཡིག་སྐད་ཁོ་ནའི་ནང་གསར་གཏོད་བྱས་ཡོང་བའི་ཤིན་ཏུ་རབ་ཏུ་ལོགས་སུ་ལྟ་བུར་ཐུག་ཡོང་ན་ངས་སྤོར་ཤོབ་བཤད་ནས་འདོར་དགོས་རེད་ཟེར་བའི་ཕྲད་དེ་ཚོ་འདོར་ཐབས་མི་འདུག་པས་སྟག་སྨྱོན་ལ་ངོ་ཡང་ཚ།
དགེ་རབ། ཚོགས་འདུ་འཚོགས་པར་ཚོགས་གཙོ་བསྐོས་ཟེར་བ་དེ་ངས་མཐོང་མི་འདུག དེ་དགོས་ཆེད་རེད། ཚོགས་གཙོ་བསྐོས་པ་དེ་ཚོགས་འདུ་འཚོགས་པའི་ཆེད་རེད།