ཧོར་གཙང་འཇིཊ་མེད།
འདས་པའི་ལོ་ངོ་དུ་མའི་ནང་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་མང་བོ་ཞིག་གི་གཏམ་སྤྱོད་ལ་འགྱུར་བ་ཐེབས་ཀྱིན་འདུག་ལ། ཚོགས་པ་ཁག་ཅིག་ཀྱང་འགྱུར་ཚབས་ཆེ། འགྱུར་བ་དེ་ལ་བསྟན་བྱ་གཙོ་བོ་གཉིས་ཡོད་པ་ལས་གཅིག་ནི་བོད་འདི་སྔར་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ཉིད་བསྐྱར་གསོ་བྱ་དགོས་པ་དེ་ཡིན་ལ། ཅིག་ཤོས་ནི་རྒྱལ་བ་རིན་པོ་ཆེས་མེས་འཚིག་མེར་གཏུགས་ཀྱིས་བོད་རྒྱ་ཞི་འགྲིག་མཉམ་གནས་བྱ་རྒྱུའི་དགོངས་གཞིི་དང་། དེ་ཉིད་ལག་བསྟར་བྱེད་བཞིན་པའི་བོད་གཞུང་གི་ཆབ་སྲིད་ཀྱི་སྲིད་ཇུས་ལ་འདོད་མོས་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དེ་གཉིས་ཡིན། འདི་དག་བརྒྱུད་ནས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དང་འབྲེལ་བའི་དོན་དག་མང་བོའི་ཐོག་ལའང་དངོས་ཤུགས་ཅི་རིགས་ནས་ཟུར་ཟ་བྱེད་མཁན་འབྱུང་གིན་ཡོད།
རང་བཙན་མི་རྩོད་པའི་སྲིད་ཇུས་འདི་ལ་འདོད་མོས་མེད་མཁན་གྱི་ཚོགས་སྡེ་ཡོད་ལ། གང་ཟག་སྒེར་བ་ཁག་ཅིག་ཀྱང་ཡོད། འོན་ཀྱང་ཁོང་རྣམ་ཕལ་ཆེར་རང་བཙན་ཞེས་པའི་ཁ་ཡི་འབོད་སྒྲ་གཅིག་ཀྱང་དོན་གཏིང་གི་དམིགས་ཡུལ་མི་གཏན་ནས་མི་འདྲ། གཞོན་ནུ་ཚོགས་པ་ལྟ་བུ་ནི་ཐོག་མ་ཉིད་ནས་རང་བཙན་རྩོད་ཕྱིར་ཆེད་འཛུགས་བྱས་པའི་ཚོགས་པ་ཞིག་ཡིན་ལ། ད་བར་དུ་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ལ་རྩ་བའི་ཆ་ནས་འགྱུར་སོང་མེད་ཅིང་། འབོད་སྒྲ་དང་དམིགས་ཡུལ་གཉིས་ཆ་རང་བཙན་ཡིན་པའི་ཚོགས་པ་སྟོབས་ཤུནས་ཆེ་ཤོས་དེ་ཡིན་པར་མ་ཟད། སྤྱི་ཚོགས་ལ་ཕན་པའི་ལས་ཀ་གལ་ཆེན་མང་བོ་གནང་གིན་ཡོད།
འོན་ཀྱང་བོད་མི་དམངས་སྤྱི་འཐུས་ཀྱི་འཐུས་མི་རེ་ཟུང་དང་། གཞུང་གི་ལས་བྱེད་པ། དེ་མིན་ཚོགས་སྡེ་ཁག་ཅིག་གི་སྒྲིག་འཛུགས་ཀྱི་ཁོངས་མི། མི་རྒྱང་རྟ་རྐྱང་གི་ངང་མདུན་མཆོང་རྒྱག་མཁན་སོགས་གང་ཟག་བྱེ་བྲག་པ་ཁག་ཅིག་གིས་ཁོང་ཚོ་རང་བཙན་རྩོད་ལེན་པར་བསྒྲགས་ནས་ལོ་ངོ་བཅུ་ཡང་འགྲོ་བཞིན་མེད་ལ། ཁོང་ཚོའི་ཁ་ཡི་འབོད་སྒྲ་རང་བཙན་ཙམ་ལས་དོན་དངོས་ཐོག་ཁོ་བ་ཚོས་རང་བཙན་རྩོད་ཐབས་སྐོར་ལ་ལས་འགུལ་སྤེལ་གྱིན་མེད་ལ། རང་བཙན་ལེན་ཐབས་ཀྱི་ལས་འཆར་ཀྱང་སྒྲིག་གིན་མེད་པར་མ་ཟད། ཚོགས་ཐོག་ཏུ་གཏམ་བཤད་བྱེད་སྐབས་རང་བཙན་རྩོད་ལེན་པའི་རྣམ་འགྱུར་སྟོན་པ་ཙམ་ལས། ཁོང་ཚོའི་ཉིན་རེའི་བྱ་བཞག་དང་རང་བཙན་བར་འབྲེལ་བ་ཅི་ཡང་མེད། ད་དུང་ཁོ་ཚོའི་རང་བཙན་ཞེས་པའི་འབོད་སྒྲ་འདིའི་ནང་དུ་བཙན་བྱོལ་བོད་གཞུང་ཁས་ལེན་མི་བྱེད་པའི་རྣམ་འགྱུར་ཡོད་ཅིང་། རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་དོན་གྱིས་རྒོལ་བ། ཆེ་ས་ནས་བཤད་ན་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་ཁེ་ཕན་ལ་འགོག་རྐྱེན་དུ་འགྲོ་བའི་ལས་ཀ་གནོད་ཚབས་ཅན་ཡང་འབྱུང་གིན་ཡོད། མི་དེ་རིགས་ཀྱི་གོ་སྐབས་དང་བསྟུན་ནས་ཁ་གཡང་སྒྲོག་སྟངས་དང་ལས་ཀ་བྱེད་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད་ཅིང་། བཀའ་བློན་ཁྲི་བ་མི་དམངས་ཀྱིས་ཐད་ཀར་འོད་འདེམས་བྱེད་མགོ་ཚུགས་པ་ནས་ཁོ་ཚོས་རང་བཙན་གྱི་ཁ་གཡང་སྒྲོག་མགོ་བརྩམས་ཡོད་ཅིང་། དེ་ནི་བསམ་ཡོད་རྣམས་ཀྱིས་བསམ་རིན་ཡོད་པའི་དོན་གནད་ཅིག་ཡིན།
དེ་མིན་གྱི་རིགས་ཅན་ཁག་ཅིག་ནི་རྙེད་པ་ཐན་ཐུན་དང་། གྲགས་པ་བན་བུན། འུ་ཐུག་ས་ནས་བཤད་ན་ལྟོ་གོས་འགྲོ་ཐབས་ཙམ་གྱི་ཆེད་གདོང་མཆོང་གི་རྣམ་འགྱུར་སྟོན་གྱིན་ཡོད་ལ། དེ་ཚོའི་གྲས་ལ་མ་གཞི་ནས་ལྟ་བ་ལངས་ཕྱོགས་ངེས་ཅན་མེད་སྟབས། ཁོ་བ་ཚོས་རང་བཙན་གྱི་སྐད་འབོད་བསྒྲགས་པ་ལ་བརྟེན་ནས་ཁོང་ཚོ་རང་བཙན་རྩོད་ལེན་པ་ཞིག་ཏུ་ངོས་འཛིན་བྱ་རུང་མིན་བརྟག་པའི་གནས་ཡིན། མདོ་དོན་མུ་མཐུད་ང་ཚོ་རྒྱལ་བ་རིན་པོ་ཆེས་སྣེ་ཁྲིད་འོག་ཤར་སྐྱོད་མི་བྱེད་པར་ཁྱོད་དང་ངའི་ལྟ་གྲུབ་ཏུ་རྗོད་པ་དག་རྒྱུན་བསྲིང་གིས་ཁེ་ཉེ་ཆེ་བའི་དུས་ཚོད་འདི་རྫོགས་སུ་འཇུག་རྩིས་ཡིན་ན། རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནངས་ན་ང་ཚོའི་སྤྱི་ཚོགས་ལ་མཇུག་འབྲས་ཅི་འབྱུང་དང་། རྒྱལ་བ་རིན་པོ་ཆེ་མེད་པར་གྱུར་པའི་སྐབས་ང་ཚོའི་སྤྱི་ཚོགས་བརྟན་ལྷིངས་ངང་རྩ་དོན་འཐབ་རྩོད་མཇུག་སྐྱོང་བྱེད་ཐུབ་མིན་བཅས་དོན་དག་གལ་ཆེན་འདི་གཉིས་མ་གླེང་རང་གླེང་ཡིན། འདི་ནི་གཞུང་ངོས་ནས་ཀྱང་བསམས་གཞིགས་དང་གྲ་སྒྲིག་བྱ་དགོས་པ་གཅིག་པུ་དེ་ཡིན་ལ། ཚོགས་སྡེ་དང་གང་ཟག་སྒེར་བ་ཚང་མས་ཀྱང་དོན་སྟེང་ལ་དབབ་རྒྱུ་ཡོད་པའི་བསམ་གཞིགས་དང་གླེང་སློང་བྱ་གལ་ཆེ་བ་ཙམ་མ་ཡིན་པར། དེ་ལུགས་ཀྱི་ལས་འཆར་བསྒྲིག་དགོས་པ་ཧ་ཅང་གལ་འགངས་ཆེ་ཞིང་། རང་བཙན་དང་དེ་མིན་གྱི་ལྟ་བ་ཁྱེར་མཁན་ཚང་མས་ལྟ་གྲུབ་འགྲེལ་རྗོད་བྱེད་རྒྱུ་ལས་བརྒལ་ཏེ་ལས་འཆར་བསྒྲིག་པའི་དུས་ལ་བབ་ནས་ཡོད།
དང་བོ། ང་ཚོས་གོང་གི་དོན་གནད་དེགཉིས་གླེང་སློང་བྱེད་སྐབས་ཆེས་བརྗེད་དུ་མི་རུང་བ་ཞིག་ནི། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་འདི་གང་ལ་ཐུག་ཡོད་མེད་ངོས་འཛིན་བྱེད་རྒྱུ་དེ་ཡིན། མི་མངོན་པའི་འབྲེལ་བ་གཏིང་ཟབ་མོ་དེ་བཙན་བྱོལ་བོད་གཞུང་གི་ནུས་པ་ལ་ཐུག་པ་ཡིན་ནམ། ཡང་ན་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་དང་གང་ཟག་སྒེར་བ་ཁག་གི་ལྟ་སྤྱོད་ལ་ཐུག་པ་ཡིན་ནམ། གང་ལྟར་ང་ཚོས་འདི་ཐུག་ས་མཐར་ཐུག་དེ་འཚོལ་རྒྱུ་ཤིན་ཏུ་གལ་ཆེན་ཡིན། རྒྱུ་མཚན་ནི་རྒྱ་གཞུང་གི་ལས་བྱེད་པ་དང་། སློབ་གྲྭའི་དགེ་རྒན། རང་དབང་གི་ཤེས་ལྡན་པ། བླ་སྤྲུལ། དགེ་བཤེས། ལུག་རྫི། ཞིང་ལས་པ་སོགས་ལས་རིགས་སྣ་ཚོགས་སུ་ཡོད་པའི་མི་གྲངས་འབོར་ཆེན་གྱིས་རྒྱ་དམག་གི་འགག་སྒོ་དང་། བལ་ཡུལ་གྱི་ཇག་རྐུན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱག་ྐླུང་རི་བྲག་གང་ལའང་མ་འཛེམས་པར་སྐྱབས་བཅོལ་སྤྱི་ཚོགས་འདི་བསྙེགས་ནས་ཡོང་གིན་ཡོད་ཅིང་། ལྷག་པར་དུ་ཕ་མ་སྟོང་ཕྲག་མང་བོས་རང་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་རང་མགོ་མི་ཐོན་པ་མང་བོ་སྐྱབས་བཅོལ་སྤྱི་ཚོགས་ནང་བརྫང་ཐབས་བྱེད་ཀྱིན་ཡོད། འདིའི་ནང་དུ་རེ་བ་གཅིག་པུ་མ་ཡིན་པར་གཞན་གྱིས་ཚབ་མཚོན་བྱེད་དཀའ་བའི་ཡིད་ཆེས་ཀྱི་ནུས་པ་ཞིག་ཡོད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་ལྟ་བུའི་རེ་བ་དང་བློས་འགེལ་ཡིད་ཆེས་ཤིག་གང་ནས་རྙེད་པ་ཡིན་ནམ།
སྤྱི་ལོ་༢༠༠༦ ལོའི་ཨ་མར་ཝ་ཏི་དུས་འཁོར་དབང་ཆེན་སྐབས་བོད་ནང་ནས་མི་གྲངས་ཆིག་ཁྲི་སུམ་སྟོང་(གྲངས་ཀ་འདི་སྐབས་དེའི་དུས་དབང་བཀོད་སྒྲིག་གནང་མཁན་ནོར་གླིང་གི་ཟིན་ཐོ་ལྟར་ཡིན།)ལྷག་སླེབས་ཡོད་ལ། དེ་དག་མང་ཤོས་ཀྱིས་ལག་ཁྱེར་པ་སི་གཅིག་རང་ལའང་རྒྱ་སྒོར་ལྔ་སྟོང་ནས་ཆིག་ཁྲི་བར་སྤྲད་པ་ཡོངས་གྲགས་ཡིན། ཡིན་ནའང་དེ་ལྟ་བུའི་མི་གྲངས་འབོར་ཆེན་ལས་ཅི་ཙམ་རང་གཞུང་གི་ལྟེ་གནས་དྷ་རམ་ས་ལར་ཡོང་ཡོད་དམ། གྲངས་འབོར་ཅི་ཙམ་གྱིས་ཆབ་སྲིད་ལ་དོ་སྣང་བྱས་ཡོད་དམ། ཅི་ཙམ་གྱིས་བོད་རྒྱ་ཞི་མོལ་སྐོར་རྒྱུས་ལོན་བྱས་ཡོད་དམ། ཅི་ཙམ་གྱིས་རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ་ཤེས་རྟོགས་བྱས་ཡོད་དམ། ཅི་ཙམ་གྱིས་འགན་ཁྱེར་ནས་བཙན་བྱོལ་བོད་གཞུང་གི་རྩ་དོན་ལང་ཕྱོགས་ཐོག་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་ཕུལ་ཡོད་མེད་བཅས་ནི་གནད་འགག་གི་དྲི་བ་ཡིན། འདིའི་སྟེང་ནས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནངས་ན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་གནས་ཐུབ་མིན་དང་། ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་རྒྱལ་བ་རིན་པོ་ཆེའི་སྐུ་དབང་གཅོ་བོ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་དང་། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་སྐུ་དབང་འདི་དག་ཕྱིར་འདོན་བྱས་ཟིན་པའི་རྗེས་སུ་བོད་ཕྱི་ནང་གི་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་ལ་འཛིན་པའི་བསམ་བློ་རང་འཇགས་གནས་ཐུབ་མིན་ཀྱང་གནད་འགག་ཆེས་གལ་ཆེན་ཞིག་ཡིན།
གཉིས་པ། ནམ་ཞིག་རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོ་ཤར་ན། བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་སེམས་པ་མུ་མཐུད་ནས་བཙན་བྱོལ་བོད་གཞུང་ལ་འཁོར་ཐུབ་མིན་དང་། དགོན་སྡེ་ཁག་གི་གྲྭ་རྒྱུན་དང་། བོད་ཕྲུག་ཁྱིམ་སྡེའི་གསར་འབྱོར་སློབ་མ། དེ་བཞིན་སྤྱི་ཚོགས་ཐོག་གི་ཤེས་ལྡན་མི་སྣ་ཁག་མུ་མཐུད་ནས་སྐྱབས་བཅོལ་སྤྱི་ཚོགས་སུ་འདྲེན་ཐུབ་པའི་འགུག་ཤུགས་གནས་ཐུབ་མིན། གལ་སྲིད་དེ་དག་གི་རྒྱུ་མཚམས་རྦད་དེ་ཆད་པ་ཡིན་ན། བྱེས་གྱར་བོད་མི་རྣམས་ཀྱིས་མུ་མཐུད་ནས་བོད་མི་ས་ཡ་དྲུག་གི་ངོ་ཚབས་མཚོན་ཐུབ་མིན་གྱི་དྲི་བ་འདིའི་སྟེང་ནས་བགྲོ་གླེང་དང་ལས་འཆར་མགོ་འཛུགས་བྱེད་དགོས་པར་མཐོང་།
ད་དུང་ཤིན་ཏུ་གལ་གནད་ཆེ་བའི་དྲི་བ་ཁག་ནི། རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པ་བྱུང་ཉིན་བཙན་བྱོལ་བོད་གཞུང་དང་། ཕྱི་རྒྱལ་དོན་གཅོད་ཁག རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ། བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་བཅས་སོར་གནས་བྱེད་ཐུབ་མིན་བཅས་ཡིན། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་ལས་ཁུང་ཆེ་འབྲིང་ཆུང་གསུམ་ཕལ་མོ་ཆེ་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ཏུ་དེབ་སྐྱེལ་བྱས་ནས་ཡོད་ཅིང་། རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པ་ཤར་ན་ཁོང་གི་མཚན་ཐོག་ཏུ་དེབ་སྐྱེལ་བྱས་པའི་ལས་ཁུང་དང་ཚོགས་སྡེ་ཁག་ཁྲིམས་ཐོག་ཏུ་ཇི་ལྟར་གནས་དགོས་མིན་འདི་གལ་གནད་ཆེ་སྟེ། དཔེར་ན། ལོ་ངོ་དུ་མའི་གོང་ཁྲིམས་མཐུན་མ་ཡིན་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་མ་ཇུཎ་ཀཊེ་ལའི་ཁང་བ་ཡོད་ཚད་སྟོར་བཤིག་བྱེད་མགོ་བརྩམས་སྐབས། ལྡི་ལི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ཤཱིལ་ཌིཀཤད་ཀྱིས། ང་ཚོས་བོད་ཀྱི་གཞིས་ཁང་དེ་དག་སྟོར་བཤིག་བཏང་ཚེ་གུ་རུ་རྗེའི་ཞལ་རས་ལ་ཇི་ལྟར་ལྟ་རྒྱུ་ཡིན་ནམ་ཞེས་པའི་དྲི་བ་བཏང་བ་ལ་ཁྲིམས་ཁང་དང་། གཞུང་གི་མི་སྣ། ཆབ་སྲིད་པ་སུས་ཀྱང་ལན་འདེབས་བྱེད་མ་ཐུབ་པར་རང་སོར་ལུས་པ་ཡོངས་གྲགས་ཡིན་ལ། འདིའི་ཐོག་ནས་ནམ་ཞིག་གུ་རུ་རྗེའི་ཞལ་རས་མཐོང་ཡུལ་དུ་མེད་པའི་ཉིན་མོར་རྒྱ་གར་གཞུང་གིས་དོན་དག་འདི་རིགས་ཐག་གཅོད་ཅི་ལྟར་བྱེད་རྒྱུ་ལ་ཚོད་དཔག་རོབ་ཙམ་བྱེད་ཐུབ་པ་མ་ཡིན་ནམ།
ང་ཚོས་ལོ་ངོ་ལྔ་བཅུ་ལྷག་གི་རིང་མི་ཡུལ་དུ་སྐྱབས་བཅོལ་གྱི་ནམ་ཟླ་བསྐྱལ་ཡོད་ཅིང་། སྐྱབས་བཅོལ་གྱི་སྒྲོམ་གཞི་སྒྲིག་འཛུགས་ཡོད་ཚད་ཏཱ་ལའི་བླ་མ་ཞེས་པའི་ཡིག་འབྲུ་འདི་དག་གི་རྨང་གཞིའི་སྟེང་བསྐྲུན་པ་ཤ་སྟག་ཡིན། ཁོང་ལ་བརྟེན་ནས་ང་ཚོས་བརྒལ་མི་ཐུབ་པའི་འགག་འཕྲང་མང་བོ་བརྒལ་ཡོད་ལ། ང་ཚོས་བྱེད་མི་ཐུབ་པའི་དོན་དག་མང་བོ་བྱེད་ཐུབ་པར་གྱུར་ཡོད། མཚམས་རེར་ཁོང་གིས་དབུ་ཁྲིད་པའི་སྟོབས་ཀྱིས་ང་ཚོའི་རང་ནུས་ལས་བརྒལ་པའི་ལས་དོན་སྟོབས་ཆེན་མང་བོ་བསྒྲུབས་ཐུབ་ཡོད། འོན་ཀྱང་ཁོང་བགྲེས་ཡོལ་ཆ་ཚང་གནངས་ནས་གཞུང་སྲིད་དང་རྦད་དེ་ཁ་བྲལ་བའམ། ཞིང་ཁམས་གཞན་དུ་གཤེགས་པའི་རྗེས་སུ། ང་ཚོའི་ད་ཡོད་ཀྱི་ནུས་པ་དག་འདི་རང་འཇགས་གནས་ཐུབ་མིན་ནི་ད་ལྟ་ང་ཚོའི་མིག་མདུན་ལྷག་པའི་དྲི་བ་ཆེ་ཤོས་དེ་ཡིན།
འཛམ་གླིང་གི་རྒྱལ་ཁབ་ཁག་མང་བོའི་ནང་སྐྱབས་བཅོལ་གྱི་སྒྲིག་འཛུགས་ཐར་ཐོར་མང་བོ་ཡོད་ཀྱང་། ཏཱ་ལའི་བླ་མའི་མཚན་བྱང་འོག་ཡོད་པའི་སྐྱབས་བཅོལ་བའི་སྒྲིག་འཛུགས་འདི་ལས་ཚགས་ཚུད་པ་དང་། ནུས་པ་ལྡན་པ། སྒྲིག་འཛུགས་མ་ལག་འཐུས་སྒོ་ཚང་བ་འདི་ལྟ་བུའི་སྐྱབས་བཅོལ་གྱི་སྒྲིག་འཛུགས་ཤིག་ཧ་ལམ་འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་སུ་མ་གྲགས་པ་ལྟ་བུ་ཡིན་ལ། ཁོང་གི་རླབས་ཆེན་གྱི་དབུ་ཁྲིད་འོག་མཚམས་རེར་ང་ཚོ་ལང་ཤོར་ལྟ་བུར་གྱུར་ཏེ། ང་ཚོས་རང་ཉིད་ཀྱི་ནུས་པ་དངོས་གནས་པ་དེ་ལ་ཚོད་དཔག་བྱེད་མ་ཐུབ་པར་བར་སྣང་དུ་རྩིག་རྨང་བྲལ་བའི་ལྷ་ཁང་བརྩིག་འདོད་སྐྱེ་བཞིན་ཡོད་པའི་སྣང་བའང་སྟེར། དེར་བརྟེན། ང་ཚོས་རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དབུ་ཁྲིད་བཟང་བོ་ཡོད་སྐབས། སྲིད་དོན་གྱི་ལྟ་གྲུབ་ལང་ཕྱོགས་བརྩད་ནས་ཉི་མ་བསྐྱལ། རྒྱལ་བ་རིན་པོ་ཆེས་སྔ་རབས་ལོ་རྒྱུས་སུ་མ་གྲགས་པའི་སྐུ་ངལ་བསྐྱོན་པ་རྩིས་མེད། མཛད་འཆར་ལམ་སྟོན་འོག་ནུས་ཤུགས་གཅིག་ཏུ་སྤུངས་མི་ཐུབ་པའི་ང་ཆེ་ང་བཙན་གྱི་ལས་ཀ་གཉེར་ཏེ་གོ་སྐབས་ཡོད་ཚད་ཤོར་དུ་བཅུག ནམ་ཞིག་སྲིད་དོན་གྱི་ལྟ་གྲུབ་བཤད་ནས་མཆོང་ལྡིང་བྱེད་རྒྱུ་ལས་རྐུབ་འཛུགས་སའི་རྨང་གཞི་མེད་པར་གྱུར་ཉིན། ངུ་དགོད་གཉིས་ཆ་མི་ཤེས་པའི་དུས་ཚོད་ཤར་མི་སྲིད་པ་མིན།
བདེན་པ་རེད། རྩོམ་ཡིག་འདི་བྲིས་བ་ཐུགས་རྗེ་ཆེ།
ཧོར་གཙང་འཇིགས་མེད་ལགས་དྲ་ཐོག་འཕེགས་པ་ལེགས།
མི་གླེང་མཐུ་མེད་ཀྱི་དོན་གནད་གཉིས་ཞེས་གནད་དོན་གཉིས་ཟུར་འདོན་བྱས་འདུག། འོན་ཀྱང་དེ་གཉིས་ཀ་བོད་མིའི་སྤྱི་ཚོགས་ནང་ཡོངས་གྲགས་དང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལས་ཟབ་ཆེད་དུ་མ་མཐོང་། མདོ་སྡུས་ན་རྒྱལ་བ་རིན་པོ་ཆེསྒྲོས་ཡོལ་དུ་འཕེབས་པ་ཡིན་ན་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་སྐུ་དབང་འདི་དག་ཕྱིར་འདོན་ཟིན་པས་བོད་ཕྱི་ནང་གཉིས་ཀྱི་བོད་མིས་བཙན་བྱོལ་གཞུང་ལ་འཛིན་པའི་བསམ་བློ་རང་འཇགས་གནས་ཐུབ་མིན་དེ་དང་། རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་སྐབས་སུར་ད་ལྟའི་བཙན་བྱོལ་གཞུང་གི་ས་ཁང་ཕལ་མོ་ཆེ་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ཏུ་དེབ་སྐྱེས་བྱས་ནས་ཡོད་པས་འབྱུང་གྱུར་དེ་རྣམས་ཇི་ལྟར་ཚོ་གནས་ཐུབ་མིན་སྐོར་དེ་རེད། ཡིན་ནའང་དེའི་སྐོར་ཁ་ཕྱོགས་དང་གསལ་ཀ་གང་ཡང་ སྟོན་མི་འདུག། པྱོགས་གཞན་ཞིག་ནས་སྟོས་ན་རྒྱལ་བ་རི་པོ་ཆེ་བོད་ཀྱི་དབུ་ཁྲིད་རྒྱུན་གནས་དགོས་གལ་གྱི་ཞེན་འདོད་དེ་རེད། གལ་སྲིད་རྒྱལ་བ་རིན་པོ་ཆེ་བོད་ཀྱི་དབུ་ཁྲིད་དུ་མུ་མཐུད་བཞུགས་པ་ཡིན་ན་གོང་དུ་བཤད་པའི་དོན་གནད་གཉིས་ལ་དཀའ་སེལ་ཐུབ་པའི་རྒྱུ་མཚོན་མེད་པ་མ་ཟད་དཀའ་ངལ་དེར་འགན་ཁུར་མ་བླངས་པའི་རྣམ་པ་ཞིག་རེད། དཀའ་ངལ་དེ་ཚོ་རྒྱལ་བ་རིན་པོ་ཆེ་རྒན་ཡོལ་དང་ཞལ་བཞུགས་པའི་སྐབས་སུ་སེལ་ཐབ་བྱེད་རྒྱུ་དེ་གལ་ཆེ་ཡིན། རྒྱལ་བ་རིན་པོ་ཆེས་ཁོང་གི་རྒན་ཡོལ་སྐོར་ཀྱི་བཀའ་སློབ་སྔར་རྗེས་སུ་ཕེབས་པ་མ་ཟད་ཕ་མས་བུ་ལ་བརྩེ་བའི་ཁ་རྡར་གསལ་པོ་དང་རྒྱུ་མཚོན་དང་བཅས་བཀའ་གནང་ཚ་བ་རེད། དེར་དྲང་བདེན་དང་ངེས་བདེན་གྱི་རྣམ་པ་མེད། བཀའ་གསུང་སྒྲུབས་དང་མི་སྒྲུབས་བོད་མི་ཚོར་གདམ་ཁ་ཡོད། ད་དུང་བོད་རང་བཙན་འདོད་མཁན་ཚོས་རང་ཉིད་ཚོ་ཐབ་ཙམ་ལས་གཞན་ཁ་ཕྱོགས་མེད་ཚུལ་བཤད་པ་དེར་མི་བདེན་ལ་འདིར་གནས་ས་ྐབས་མི་གླེང་།
ལོ་རྒྱུས་སྨྲ་བ་ཧོར་གཙང་འཇིགས་མེད་ལགས།
བོད་དོན་ལ་བསམ་བློ་མང་པོ་གཏོང་གི་ཡོད་པར་རྗེས་སུ་ཡི་རང་ཡོད། འདིའི་སྐོར། ངས་སྔོན་མ་ཞིག་ལ་སྐུ་ངོ་ཞིག་ལ་དྲིས་པ་ཡིན། ༧ཏྰ་ལའི་བླ་མའི་མཚན་ཐོག་ལ་དེབ་སྐྱེལ་བྱས་ཡོད་པ་ལས་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མཚན་ཐོག་ལ་དེབ་སྐྱེལ་བྱས་ཡོད་པ་མ་རེད། རྒྱ་གར་འདི་སྲིད་དོན་ལ་ནག་པོ་ཡོད་རེད། དང་པོ་ནས་བསམ་བློ་མང་པོ་བཏང་ཡོད་པ་རེད་གསུངས་སོང་། །
གལ་སྲིད་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མཚན་ཐོག་དེབ་སྐྱེལ་བྱས་ཡོད་ནའང་། ཁོང་སྐུ་ཞིང་ལ་ཕེབས་པའི་དབང་དུ་བཏང་ནའང་། ཁོང་གིས་བཙུགས་གནང་བའི་གཞུང་ངམ་སྒྲིག་འཛུགས་དེ་མུ་མཐུད་དུ་ཡོད་ཆོག་གི་མ་རེད་དམ། འཛམ་གླིང་ནང་ད་ལྟ་ཡོད་མུས་ཀྱི་ཚོགས་པ་སྒྲིགས་འཛུགས་མང་པོ་ཞིག་མི་རབས་སྔོན་མ་སྔོན་མ་ཚོའི་རིང་ནས་བཙུགས་ཡོང་བ་མ་རེད་དམ། དེ་ཚོ་གནས་ཆོག་ས་ནས་ཏྰ་ལའི་བླ་མའི་སྒྲིག་འཛུགས་གནས་མ་ཆོག་ས་ཕལ་ཆེར་ཡོད་རྒྱུ་མ་རེད། བོད་གཞུང་གི་སྒྲིག་འཛུགས་འདི་རྒྱ་གར་ལ་མཚོན་ནའང་། ཨ་རི་སོགས་བཞིན་དགོས་གལ་བྱུང་ན་རྒྱ་ནག་གི་མགོ་གཅོག་བྱེད་ཀྱི་སྲིད་དོན་གྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་འདྲ། རྒྱ་གར་གྱིས་ལས་སླ་པོར་གློད་ཀྱི་མ་རེད་འདོད།
བོད་མི་སྲིད་དོན་ཚན་རིག་པ་གཞོན་སྐྱེས་ཤིག་ནས་ཀྱང་། ན་ནིང་ངེད་གཉིས་ཀྱི་ཁ་བརྡ་ཞིག་གི་སྐབས། རྒྱལ་ཁབ་གང་ཞིག་དང་རྒྱ་ནག་བར་འབྲེལ་ལམ་སྡུག་ཏུ་ཕྱིན་པ་ཡིན་ན། བོད་དོན་འདི་སྲིད་དོན་གྱི་ལག་ཆར་སྤྱོད་ཆོག་ཆོག་ཡོད་པ་རེད་གསུངས་སོང་། དེ་བདེན་པ་ཡིན་ན་ཐང་གི
ད་ལོ་ཞིག་ལ། ཨ་རི་དང་རྒྱ་ནག་གཉིས་ཀྱི་སྲིད་དོན་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་སྐབས་ཤིག ཨ་རི་གཞུང་ནས། CIA དང་བོད་ཀྱི་འབྲེལ་ལམ་སྐོར་དངོས་སུ་གླེང་བ་མ་ཟད་དེའི་སྐོར་ལ་རྗེས་དྲན་གྱི་རྡོ་རིང་ཞིག་ཀྱང་བཙུགས། ད་རུང་ཨ་རི་དང་བོད་བར་གྱི་འབྲེལ་བ་དེ་ནམ་ཡང་གནས་རྒྱུ་ཡིན་པ་འདྲ་ཞིག་བཤད་སོང་བསམ་སོང་། ངས་དེ་ནི་རྒྱ་ནག་གི་མགོ་ཐོག་ཏུ་འབོམ་ཞིག་བཀད་པ་ལྟ་བུར་མཐོང་སོང་།
རྒྱ་གཞུང་ལ་མཚོན་ན། བོད་དོན་འདི། ཐེ་ཝན་ལས་ཀྱང་ཚོར་བ་རྣོན་པོའམ་རྐྱེན་པོ་་ཡོད་ས་ཞིག་ཡིན་པ་དེ་རྒྱ་གར་གྱིས་ཀྱང་ཤེས་ད་ཤེས། དེ་བས། སྲིད་ཀྱི་རྙོག་དྲ་ཆེན་པོ་མ་བྱུང་ན། བཙན་བྱོལ་གཞུང་འདི་སྐྱབས་བཅོལ་བའི་སྒྲིག་འཛུགས་ཙམ་རེད་ལ། སྲིད་དོན་གྱི་རྙོག་དྲ་ཆེན་པོ་ལངས་ན། བཙན་བྱོལ་བོད་གཞུང་རེད།
ག་རེ་ཡིན་ན་མིན་ན། རྒྱ་གར་ལ་བོད་དགོས་པ་རེད། རྒྱ་གར་གྱིས་བོད་ལ་བཅངས་པའི་མཐོང་དེ། རྒྱ་ནག་གི་འབྲེལ་བཟང་ངན་ལ་ལྟོས་ཏེ་མཚམས་རེར་མར་དང་སྐབས་རེར་ཡར་ལའང་འགྲོ་སྲིད་མོད། དགོས་གལ་བྱུང་སྐབས། རྒྱ་ནག་གི་སྙིང་ལ་གཙག་བྱེད་ཀྱི་གཙག་ཐུར་བྱེད་དགོས་པ་རེད། དེའི་སྐབས་སུ། ཁོ་ཚོའི་དམག་དཔུང་ཆེན་པོ་དེ་ལས་བོད་ཟེར་བ་འདི་ནུས་པ་ཆེན་པོ་ཡིན་ན་ཐང་། དེ་བསམ་ཚུལ་གཅིག་ཡིན།
གཞན། རྒྱལ་བ་རིན་པོ་ཆེ་རྒས་ཡོལ་ལ་ཕེབས་འདུན་ཡོད་པ་དེ་ཡག་པོར་མཐོང་སོང་། བོད་གཞུང་གི་སྒྲིག་འཛུགས་དེ་སྦྲུལ་ཤུན་བཞིན་དོར་ཏེ་སྲིད་དོན་ལ་བྱུས་གཏོགས་ཕྲ་མོ་ཙམ་ཡང་མ་གནང་ན་ཡག་པོ་རེད།
གཅིག བོད་གཞུང་མང་གཉིས་༧རྒྱལ་བ་རིན་པོ་ཆེས་ཁུར་འགྲོ་གི་ཡོད་པ་རེད། དེ་མིན་ནའང་བྱིས་པ་གོམ་པ་རྒྱག་ཐུབ་ལ་མ་ཐུབ་པ་ཞིག་བཞིན་ལག་མགོ་ནས་ཁྲིད་འགྲོ་གི་ཡོད་པ་རེད། དེ་བཞིན་གནང་ན། བོད་གཞུང་མང་གཉིས་རང་རྐང་ཐོག་ལངས་པར་གོ་སྐབས་ཤིག་སྤྲད་པ་རེད།
གཉིས། ཁོང་སྐུ་ཉིད་ལ་མཚོན་ན། ཆོས་ཁོ་ན་གསུངས་ནས་རང་དབང་གི་ཐོག་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་བསྐྱོད་པའི་གོ་སྐབས་ཤིག་ཐོབ་པ་རེད། རྒྱལ་སྤྱིའི་ཐོག་མཐོང་ཡང་སྔར་ལྷག་འཕེལ་གྱི་རེད་འདོད། སྲིད་ཀྱི་འབྲེལ་བ་རྦད་དེ་བཅད་པ་ཡིན་ན། གཅིག་བྱས་ན་། རྒྱ་བོད་གཉིས་ལའང་ཕེབས་ཐུབ་ཏེ། མི་མང་ས་ཡ་མང་པོས་ཁོང་གི་སྐུ་དཀྱིལ་མཇལ་ཞིང་། བཀའ་ཆོས་ཞུ་བའི་གོ་སྐབས་འཆར་ཞིང་བོད་མི་གཞིས་སྡོད་རྣམས་ལ་བསྐལ་བ་བཟང་བོའི་ཉི་མ་ཞིག་འཆར་མ་སྲིད་པ་མ་རེད། རྒྱ་ནག་གཞུང་ལ་མཚོན་ནའང་། སྲིད་ཀྱི་ཐོག་ནས་གྲ་མ་འགྲིགས་པར་བསྡད་ཡོད་པ་མ་གཏོགས་རྒྱལ་བ་རིན་པོ་ཆེ་ཕེབས་ན་དགའ་གི་ཡོད་པ་འདྲ། ཁོང་རང་དབང་གི་ཐོག་ནས་བོད་ཕྱི་ནང་གཉིས་ལ་ཕེབས་ཐུབ་པའི་གོ་སྐབས་ཤིག་ཤར་བ་ཡིན་ན་དེ་ལས་ལྷག་པའི་སྲིད་དོན་ཞིག་ཡོད་རྒྱུ་མ་རེད་འདོད་དེ་ཅི་ཆ།
རྒྱ་གཞུང་གིས་ཀྱང་། ཏྰ་ལའི་བླ་མའི་སྐུ་སྒེར་གྱི་ཐོབ་ཐང་བཤད་ཀྱི་ཡོད་པས། ཁོང་གིས་རྒན་ཡོལ་གནང་བ་ཡིན་ན་ད་ངོ་མ་སྐུ་སྒེར་ཆགས་པ་རེད། ཁོང་ཕར་ཕེབས་བདེ་པོ་དང་རྒྱ་གཞུང་གིས་གདན་འདྲེན་ཞུ་བདེ་བོ་རེད། བོད་དོན་ལ་དེ་ལས་ལྷག་པའི་རེ་བ་ཞིག་བར་སྐབས་འདིར་མིག་སྟོང་དུ་སྤྲུལ་ནས་བཙལ་ཡང་རྙེད་རེ་སྐན།
དེ་རིང་རང་འདུག་ཡིན་པས་སྐུ་ཉིད་དང་མཉམ་ཁ་བརྡ་ཞིག་བྱེད་འདོད་ཀྱི་ཁ་དྲོས་སོང་།
གོང་ས་མཆོག་སྲིད་ལས་ཙག་ཙིག་གི་བཙིར་གནོན་ལས་བགྲེས་ཡོང་ཆ་ཚང་གནང་འཆར་གྱི་གཏམ་དེ་གོ་ནས་སྤྲོ་བ་བརྟས་ཡོད། བོད་ཀྱི་དུས་བབས་ན་ལྷག་བསམ་གྱི་གདོང་ཐུག་ཆེན་མོ་ཞེས་པའི་ཁ་གསལ་རྟིང་གསལ་གྱི་རྩོམ་རབ་ཞིག་སྤེལ་འདུག དེ་ལ་ཡང་ཡང་ཞིབ་གཟིགས་གནང་འཚལ་ཞེས་དྲ་གྲོགས་ཚོར་འབོད་སྐུལ་ཞུ་འདོད།
དེ་མིན། དེབ་སྐྱེལ་གྱི་སྐོར་དེར་འཆའ་རྒྱུས་མེད་པས་བསམ་འཆར་གང་ཡང་མེད།
༼ ལོ་ངོ་དུ་མའི་གོང་ཁྲིམས་མཐུན་མ་ཡིན་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་མ་ཇུཎ་ཀཊེ་ལའི་ཁང་བ་ཡོད་ཚད་སྟོར་བཤིག་བྱེད་མགོ་བརྩམས་སྐབས། ལྡི་ལི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ཤཱིལ་ཌིཀཤད་ཀྱིས། ང་ཚོས་བོད་ཀྱི་གཞིས་ཁང་དེ་དག་སྟོར་བཤིག་བཏང་ཚེ་གུ་རུ་རྗེའི་ཞལ་རས་ལ་ཇི་ལྟར་ལྟ་རྒྱུ་ཡིན་ནམ་ཞེས་པའི་དྲི་བ་བཏང་བ་ལ་ཁྲིམས་ཁང་དང་། གཞུང་གི་མི་སྣ། ཆབ་སྲིད་པ་སུས་ཀྱང་ལན་འདེབས་བྱེད་མ་ཐུབ་པར་རང་སོར་ལུས་པ་ཡོངས་གྲགས་ཡིན་ལ། འདིའི་ཐོག་ནས་ནམ་ཞིག་གུ་རུ་རྗེའི་ཞལ་རས་མཐོང་ཡུལ་དུ་མེད་པའི་ཉིན་མོར་རྒྱ་གར་གཞུང་གིས་དོན་དག་འདི་རིགས་ཐག་གཅོད་ཅི་ལྟར་བྱེད་རྒྱུ་ལ་ཚོད་དཔག་རོབ་ཙམ་བྱེད་ཐུབ་པ་མ་ཡིན་ནམ།༽
འོ་ཡ། ཅི་མ་བདེན། ཡོད་ཚད་གུ་རུ་རྗེ་འདིའི་སྐུ་དྲིན་རེད་ཡ། གུ་རུ་རྗེ་འདིའི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཞིང་བགྲེལ་ཡོལ་མི་གནང་བར་སྨོན། ང་ལ་ཡང་སྐུ་ཞབས་ཧོར་གཙང་གིས་བྲིས་པའི་སེམས་ཁྲལ་འདི་བྱུང་ནས་ལོ་ངོ་གང་མང་འགོར་ཟིན། དེའི་ཕྱོགས་ལ་བསམ་བློ་ག་ཚོད་བཏང་ན་དེའི་ཚོད་ཀྱིས་སྙིང་ན་ཡོང་གི་འདུག འོན་ཀྱང་ངའི་འཁྲིས་ཀྱི་གྲོགས་པོ་ཁ་ཤས་ཀྱིས། ཁྱོད་ཀྱིས་ཆབ་སྲིད་མ་ཤེས་པ་རེད་ཟེར་ནས་ལུས་ནས་རྔུལ་ཆུ་ཐོན་པའི་ཨུ་ཚུག་རྒྱག་གི་འདུག མི་འདི་ཚོ་ལ་ཀརྨ་པ་ལྟ་བུ་ཞིག་གིས་ཅིག་གསུང་ན་མ་གཏོགས་གོ་བརྡ་འཕྲོད་ནི་མ་རེད། སྐུ་ཞབས་ཧོར་གྱི་ཆེད་རྩོམ་འདི་རིན་ཐང་གཞལ་མེད་ཅིག་རེད་འདུག་པས་བསམ་ཤེས་མཁན་རེ་ཡོད་ན་བསམ་བློ་གཏོང་རན་རེད་ཡ། དཀོན་མཆོག་མཁྱེན། ད་ཅི་བྱ།
འ་ལ་ལ་ལ། མདའ་ཚན་པ་འདི་ལ་བློ་གྲོས་འདོན་རྒྱུ་མང་པོ་ཡོད་ཀི ཁྱོད་བོད་མི་དམངས་སྤྱི་འཐུས་ལ་ལངས་ནས་བློ་གྲོས་གསར་བ་འདི་ཚོ་འདོན་རོགས་བྱེད་དགོས་པ་རེད་ཡ། ཞེ་གི་ཧྲ་གི ཁྱོད་ཀྱི་བསམ་ཚུལ་འདི་ཚོ་མཆན་གྱི་ཚུལ་དུ་བཀོད་ན་འོས་འཚམ་ཞིག་མི་འདུག རྩོམ་ཡིག་གི་ཚུལ་དུ་བཀོད་ན་ཡག་ས་རེད།
ལོ་རྒྱུས་མཁན་པོ་ཧོར་འཇིགས་ལགས་ཀྱིས་རང་ཉིད་ཀྱི་དགོངས་ཚུལ་ཐད་འདོན་བྱས་འདུག་པར་རྗེས་སུ་ཡིརངས་ཡོད། མདའ་ཚན་པའི་དགོངས་ཚུལ་དག་ཤིན་ཏུ་ནས་བློ་ལ་འབབ་པོ་བྱུང་།
རེད་རེད། མདའ་ཚན་པ་འདི་མདའ་པ་རེ་བ་ཅན་ཞིག་ཡིན་ཡ།
རང་བཙན་གྱི་ཁ་གཡང་སྒྲོག་མཁན་དང་། རང་བཙན་ལ་ཁ་ཤོམ་འཐེན་མཁན། རང་བཙན་ལ་རེ་བ་བཅོལ་མཁན། རང་བཙན་གྱི་ཆེད་དུ་དཔའ་ཁེར་ངོམ་ཁྱེད་མཁན་ཡོངས་ལའང་རྒྱབ་སྐྱོར་དང་བསྟོད་པའི་མཐེ་བོང་ཀེར་ཀི་ཡིན། རྒྱ་བོད་གཉིས་ཀྱི་གྱོད་འདི་ཐུག་པ་ལྟ་བུ་ཞིག་ཡིན་ན། རང་བཙན་དགོས་ཟེར་བ་འདི་ཚ་དང་སི་པན་འདྲ་ཞིག་ཆགས་མི་འདུག་གེ།
རྒན་པ་ཁྱེད་ཚོ་དང་གཞོན་པ་ང་ལྟ་བུའི་རིགས་ཀྱི་བསམ་ཚུལ་མཐུན་པ་མི་འདུག
ངེད་ལ་མཚོན་ན། གོང་ནས་ཧོར་འཇིགས་ཀྱིས་གླེང་བ་དེ་ཚོ་དང་བསམ་ཚུལ་མཐུན་གི་མི་འདུག
མི་མཐུན་པ་དེ་ཚོ་ཁོམ་དུས་ཤིག་ལ་མཆན་གྱི་ཁོངས་སུ་འཇོག་གི་ཡིན།
ཧོར་འཇིགས་ནས་སེམས་པའི་ཁུར་གྱིས་བླངས་ནས་བྲིས་བ་འདིར་ཡང་བཀའ་དྲིན་ཆེ་ཞུ་གི་ཡིན།
རྩོམ་ཡིག་འདི་ལྷག་བསམ་རྣམ་དག་ཡིན་པའི་རེ་བ་ཡོད། ཡིན་ན་ཡང་ནང་དོན་ལ་ངོས་ལེན་ཁྱོན་ནས་མེད།
ད་ང་ཚོ་ཚང་མ་ངན་ལངས་ལ་ཤོར་ཚར་བ་རེད། སྔོན་ནས་འཐེན་ནི་ཞིག་དང་། རྒྱབ་ནས་གཏོད་ནི་ཞིག་མེད་ན། མི་རྒན་འཆོས་པོ་ལྟར་ཡར་ལངས་ཐུབ་ནི་མ་རེད། ངོ་མ་སེམས་སྐྱོ་བའི་རྒྱུ་རེད། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནས་བཟུང་སྟེ། རྟག་པའི་ཆོས་ཤིག་ཡོད་ནི་མ་རེད། ༧སྐུ་མདུན་ཡང་མིའི་ཤ་ཚུགས་ཅན་རེད། ནམ་ཕེབས་མ་གཏོགས་ཕེབས་རྒྱུ་ཡིན་པ་ཕལ་ཆེར་གྱིས་ཧ་གོ་བཞིན་ད་དུང་སྐུ་མདུན་མཁྱེན་བསམས་ནས། ཡོད་ཚད་ཞེ་ས་མ་ཞུས་ན་མི་རྒན་གཅིག་གི་སྒང་འཁེལ་ཐབས་བྱེད་ཀྱིན་ཡོད་པ་རེད། ངས་བོད་རིགས་མང་བོ་ཞིག་ལ་ཚོད་སྒམ་གྱི་དྲི་བ་འགའ་རེ་བཏང་བ་ཡིན། ཁོང་ཚོ་རང་ཉིད་ལ་ཡིད་ཆེས་ཡོད་མཁན་ཧ་ལམ་དཀོན་པོ་རེད། དམིགས་ཡུལ་དང་འཆར་གཞི་སོགས་དྲིས་པ་ཡིན་ན། ཕལ་ཆེར་གྱིས་སོ་སོར་ལས་ཤིག་ཡོད་ན་ལམ་ཤིག་ཡོང་གི་རེད་ཟེར་བ་ཙམ་ལས་ཅང་མེད་གི ང་སེམས་ཧ་ཅང་སྐྱོ་སོང་། རྒྱ་རིགས་འགའ་ཞིག་ལ་དྲིས་པ་ཡིན། སློབ་སྦྱོང་དང་། དཔལ་འབྱོར། དམིགས་འབེན་སོགས་རང་ཉིད་ཀྱི་འཁོས་ཀར་དཔགས་པའི་འཆར་གཞི་རེ་མེད་ས་ཕལ་ཆེར་མེད་ཀི གལ་ཏེ་ང་ཚོས་༧རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་ནས་ང་ཚོ་ཚར་བ་རེད་བསམ་གིན་ཡོད་ན། ཚར་འགྲོ་གི་རེད། ང་ཚོ་རང་ཉིད་ཀྱིས་ཚར་རྒྱུ་ཡིན་པ་ཐག་བཅད་ཚར་བ་རེད། བསམ་བློ་དེ་འདྲ་ཞིག་ཁུར་ནས་ལས་ཀ་ཅི་ཞིག་བྱས་རུང་། ལས་ངག་གཉིས་ཀ་སེམས་ཀྱི་རྗེས་སུ་འགྲོ་གི་ཡོད་སྟབས། ནུས་པ་ཐོན་ཐུབ་ཀི་མ་རེད། གལ་སྲིད་ང་ཚོས་མི་གཞན་གྱིས་བྱེད་ཐུབ་པ་ངས་ཅིའི་ཕྱིར་བྱ་མི་ཐུབ། ངས་འདི་འཇོན། ངས་འདི་བྱེད་ཐུབ་སྙམ་པའི་ཆོད་སེམས་དང་། སྙིང་སྟོབས་ཡོད་ན་དམིགས་ཡུལ་གང་ཡོད་ཕལ་ཆེར་འགྲུབ་འགྲོ་གི་རེད། ངས་འདི་ནས་ང་ཧ་ལས་པ་ཞིག་ཡིན་ཞེས་བཤད་ཀི་མེད། འོན་ཏེ་ངས། འཇིག་རྟེན་འདིའི་ཐོག་གི་ཆེ་གཉན་མང་བོའི་སེམས་ཁམས་ལ་ཞིབ་འཇུག་བྱེད་ཀི་ཡོད། ཁོང་ཚོ་རང་རང་ལ་དམིགས་ཡུལ་དང་། འཆར་གཞི་འདུག
དམིགས་ཡུལ་དེ་མ་འགྲུབ་པར་བློས་བཏང་མེད་ཀི དེ་ལ་བརྟེན་ནས་ཆུང་ས་རང་ཁྱིམ་ནས་ཆེ་ས་འཛམ་གླིང་བར་ནུས་པ་རེ་བཏོན་ནས་ཕུགས་འདུན་མངོན་དུ་གྱུར་མཁན་རྐྱང་རྐྱང་རེད། ང་ཚོ་བོད་པ་ཚོའང་གསོན་འདོད་ན་ཡོད་ཚད་གཞན་ལ་བརྟེན་ནས་སྡོད་རྒྱུ་མ་ཡིན་པར། རང་ཉིད་རང་གི་མགོན་དུ་ལངས་ཨེ་ཐུབ་བལྟ་དགོས་པ་རེད། ང་ཚོ་རང་ཚུགས་ཐུབ་པ་ཞིག་དགོས་ན། གཤམ་གྱི་ལྟ་སྤྱོད་དག་ལག་ལེན་ལ་བསྟར་དགོས་པར་འདོད། མི་རིགས་ཤིག་རང་ཚུགས་ཐུབ་པ་ལ་ཆ་རྐྱེན་མང་བོ་ཞིག་ཡོད་སྲིད་ཀྱང་། ངས་བལྟས་ན། སེམས་གཏིང་ནས་འདུ་ཤེས་ཆེན་པོ་ལྔ་སད་ཡོད་ན། མི་རིགས་དེ་མི་རིགས་ཚུགས་ཐུབ་ཅིག་ཡིན་ཞེས་ཐག་གཅོད་ཐུབ། འདུ་ཤེས་དང་བོ། རང་ཉིད་ངོས་ཟིན་དགོས་པ། ངས་འདི་ལྟར་བཤད་ཚེ་ཁྱེད་རང་སྣ་བགད་ཅིག་ཤོར་སྲིད། ང་ཚོས་བསམ་བློ་ཞིབ་མོར་བཏང་ན། ང་ཚོ་ཕལ་ཆེར་ཞིག་གིས་རང་ཉིད་དང་རང་གི་ཁོར་ཡུག་ལ་ངོས་འཛིན་གསལ་བོ་ཞིག་མེད་པར། ར་བཟི་ལྟ་བུའི་ཡུལ་སྣང་བན་བུན་ཞིག་གི་ཁྲོད་འཁྱམ་བཞིན་ཡོད། འདི་ནི་འགྲོ་འདུག་ངེས་གཏན་མེད་པའི་བར་སྲིད་པ་ཞིག་དང་ཀུན་ནས་མཚུངས། འདི་ངོས་ཟིན་པ་ལ། རང་ཉིད་ལ་བདེ་སྡུག་གི་ཚོར་བ་ཡོད་པ་དང་། ཚོར་བ་དེའང་རང་ཉིད་གང་ལ་བརྟེན་པའི་ཁོར་ཡུག་ཅིག་དང་འབྲེལ་ལམ་གཏིང་ཟབ་ཡོད་པ་འདི་ངོས་ཟིན་དགོས། འདུ་ཤེས་གཉིས་པ། འགྲན་རྩོད་ཀྱི་འདུ་ཤེས། འདི་ཤེས་འདི་འགྲོ་བ་མིའི་རིགས་ཙམ་དུ་མ་ཟད། སྲོལ་ལྡན་གང་ལའང་ཡོད་པའི་སེམས་ཚོར་ཞིག་ཡིན་ཤས་ཆེ། འདི་ཤེས་འདིིིའི་ཐོག་ནས་རང་ཉིད་གང་དུ་གནས་འཆའ་སའི་ཁོར་ཡུག་ནས། ཁྱིམ་ཚང་། མི་སྡེ། སྤྱི་ཚོགས། རྒྱལ་ཁབ་སོགས་གྲུབ་ཡོང་གི་ཡོད། འདུ་ཤེས་འདི་ངོས་ཟིན་པ་ལ། ངས་མ་བྱས་ན། ང་ཕམ་པའམ། ཡང་ན། ངའི་གོ་སྐབས་ཚང་མ་ཤོར་རྒྱུ་ཡིན་པའི་གོ་རྟོགས་སད་དགོས། འདུ་ཤེས་གསུམ་པ། རང་སྐྱ་ཐུབ་པའི་གདེངས། འདུ་ཤེས་འདི་ནི་ཆེས་གལ་གནད་ཆེ་བའི་ལྟ་བ་ཞིག་ཡིན། མདུན་ངོས་ཀྱི་ཤིང་སྡོང་གྲོང་ངེར་ལངས་པ་དང་། རྒྱབ་ངོས་ཀྱི་བྲག་རི་བརྟན་བརྗིད་ཆེ་བ་ལྟ་བུ་ནི། འདིའི་དཔེ་མཚོན་གཞན་ཞིག་ཡིན། འདི་ཤེས་འདིའི་རྒྱབ་ལྗོངས་ཕལ་ཆེར། ཤེས་རིག་གི་དཔལ་ཡོན་སྣ་ཚོགས་ལ་བརྟེན་ནས་བྱུང་ཞིང་། འདུ་ཤེས་འདི་མེད་ན། ཧ་ལོའི་མེ་ཏོག་ལྟར་ང་ཚོའི་སྒོ་གསུམ་གྱི་ཀུན་སྤྱོད་ཚང་མ་གཞན་འོག་ཏུ་རང་བཞིན་གྱིས་ཤོར་ཞིང་། བྲན་གཤིས་ལས་ནམ་ཡང་ཐར་མི་ཐུབ། འདུ་ཤེས་བཞི་བ། མི་ལ་ལྷན་སྐྱེས་ཀྱི་སྟོབས་ནུས་ཡོད་པར་གདེངས་རྙེད་པ། ང་ཚོ་ཕལ་ཆེར་ཞིག་གི་རྒྱུད་དུ་བསམ་བློ་འདི་འཁོར་གི་མེད་པས། རང་ཉིད་ཀྱི་འཇོན་ནུས་རྩལ་འདོན་གྱི་གོ་སྐབས་ཕལ་ཆེར་ཤོར་བ་ཡིན། ང་ཚོ་ཚང་མ་བལ་ལྡན་འཕྲང་ལམ་དུ་འཇུག་པ་ལྟར། གཞན་གྱིས་བཏོད་ཟིན་པའི་རྐང་ལམ་ཕྲ་མོ་དག་ཏུ་ཤར་སྐྱོད་བྱེད་པ་ལས། གནས་ལུགས་བདེ་རྫུན་ཟེར་བར་བསམ་བློ་གཏོང་མཁན་དཀོན་པོ་རེད། སངས་རྒྱས་ཞེས་པའང་རྒྱ་གར་ཡུལ་གྱི་རྒྱལ་སྲས་ཤེས་རབ་ཅན་ཞིག་རེད། ཡུ་ཤི་མ་ཤི་ཀ་ཟེར་ནའང་ན་ཟར་རི་ཐིའི་ཡུལ་གྱི་ཤིང་བཟོ་ཞིག་རེད། སྦྲང་རྩིའི་བློ་གྲོས་ཞེས་པའང་དཀྱིལ་ཤར་ས་ཁུལ་གྱི་ལུག་རྫི་བཙན་པོ་ཞིག་རེད། དེ་བཞིན་འཛམ་གླིང་འདིའི་ཆེ་རྒུ་ཡོད་ཚད། རང་རང་གིས་ནུས་པ་རེ་བཏོན་ནས། རང་ཉིད་ཀྱི་གོ་བབ་ཡར་མར་གང་རུང་དུ་སྤར་བ་ཞིག་ལས་གཞན་ཅིའང་མེད། མདོར་ན། ཡོད་ཚད་ང་ཚོ་རང་རང་གི་ལག་པར་ཡོད་པ་འདི་ཧ་གོ་ན། བག་ལ་ཉལ་བའི་རང་ཉིད་ཀྱི་སྒོ་གསུམ་ལ། ཤེས་འཇོན་གྱི་རྩལ་འདོན་པའི་སེམས་ཤུགས་ཤིག་ཡོང་ངེས་ཡིན། འདུ་ཤེས་ལྔ་བ། འཁོར་ཕྱོགས་དང་དམིགས་ཡུལ་གསལ་བོར་ངོས་ཟིན་པ། འཇིག་རྟེན་ཁམས་ཀྱི་བྱ་དངོས་གང་ལའང། རང་རང་གི་ཁ་འཁོར་ཕྱོགས་རེ་ཡོད་པ་རེད། ཆུ་ཐུར་དུ་འབབ་པ། མེ་གྱེན་དུ་འབར་བ། རླུང་ཕྱོགས་མེད་དུ་གཡོ་བ་སོགས་ནི། རང་བཞིན་གྱི་ཁ་ཕྱོགས་རེད། སྲོག་ལྡན་རིགས་ལས། མིའི་འགྲོ་བ་འདི་ལ་བསམ་གཞིགས་ཀྱི་ཚོར་བ་ཟབ་པས་རྙོག་འཛིངས་ཀྱང་མང་དུ་ཕྱིན་ནས། རང་རང་གི་རིགས་རུས་ལ་དུང་བ་ཟབ་ཅིང་། བསམ་བློའི་ལྟ་བ་ལ་མཐོངས་རྩིས་ཆེ་བའི་གཤིས་སྤྱོད་ཅིག་ངང་གིས་བྱུང་ཞིང་། བྱུང་བ་ལྟར་འཐད་ལྡན་དང་རྒྱུ་མཚན་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
ཧོར་འཇིགས་ཕེབས་པར་དགའ་བསུ་ཞུ། ཁྱེད་རང་གིས་སེམས་གཏིང་གི་གནས་ཚུལ་རྣམས་དངོས་སུ་གསུངས་པས་དགའ་བོ་བྱུང་། །
སྐུ་ཞབས་ཧོར་འཇིགས་ཀྱི་ཆེད་རྩོམ་དེར་སྐྱོན་ཆ་མང་པོ་འདུག དང་པོ་མགོ་འཛུགས་དུས་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་བསྐྱོར་གསོ་དགོས་མིན་དང་། གཉིས་པ་ལམ་དབུ་མའི་སྲིད་བྱུས་ལ་འདོད་མོས་མི་བྱེད་མཁན་ཚོའི་སྐོར་ཡིན་ཚུལ་བཤད།
དེའི་འོག་ཏུ་རྩོམ་ཡིག་གི་ནང་དོན་ངོ་མ་བཤད་དུས། ༡༽
ཏཱ་ལའི་བླ་མ་བགྲེས་ཡོལ་ཆ་ཚང་གནང་བ་ཡིན་ན་ག་རེ་ཡོང་མིན་དང་།
༢༽ གལ་ཏེ་ཏཱ་ལའི་བླ་མ་བཞུགས་པའི་ཉིན་མོ་དེར་བོད་པ་སྐྱབས་བཅོལ་བ་ལ་གལ་རེ་ཡོང་གི་རེད་ཟེར་བ་དང་།
༣༽ ཏཱ་ལའི་བླ་མེད་པའི་ཉིན་མོ་དེར་གཞིས་བྱིས་བར་གྱི་འབྲེལ་བ་མུ་མཐུད་དེ་གནས་ཐུབ་ཀྱི་ཡོད་མིན་དེ་གནད་དོན་གཙོ་བོ་བྱས་ནས་བཤད་འདུག
(དེས་ན་མི་གླེང་མཐུ་མེད་གནད་དོན་གཉིས་)ཟེར་བ་དེ་ཏཱ་ལའི་བླ་མ་བགྲེས་ཡོལ་ཆ་ཚང་གནང་བའི་དགོངས་བཞེད་ཀྱི་གནད་དོན་དང་། ཏཱ་ལའི་བླ་མ་མ་བཞུགས་པའི་སྐབས་ཀྱི་བོད་པའི་གྱོང་རྒུད་ཡོད་ཚད་བོད་རང་བཙན་འཐབ་རྩོད་པ་ཚོའི་མགོར་བརྩིས་ནས་ཁོ་རང་མི་དགའ་སའི་རང་བཙན་འཐབ་རྩོད་པ་ཁག་གཅིག་ལ་སྒེར་མཁོན་རྩོད་ཆེད། བགྲེས་ཡོལ་ཆ་ཚང་དང་། མ་བཞུགས་པའི་ནག་ཉེས་འགེལ་འདོད་ཡོད་པ་དེ་རང་རེད་འདུག
ཡིན་ན་ཡང་ངས་བལྟས་ན་ཏཱ་ལའི་བླ་མ་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་དགོངས་བཞེད་དང་། བོད་རང་བཙན་སླར་གསོ་བྱེད་མིན། ལམ་དབུ་མའི་སྲིད་བྱུས་ལ་འདོད་མོས་ཡོད་མེད་ཀྱི་གནད་དོན་འདི་དག་གི་བར་ལ་འབྲེལ་བ་སྦུ་ཙམ་ཡང་མེད་པར་འདོད། ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མ་འཆར་ངེས་པ་རེད། བོད་པ་ཚོས་རྣམ་རྟོག་ཟ་སྲིད་ཀྱང་འདྲ་སྟེ། གང་ལྟར་སྐབས་དེ་དུས་ག་རེ་བྱེད་དགོས་མིན་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་པ་ཞིག་ཆགས་ཡོད། ཏཱ་ལའི་བླ་མས་རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ནས་བྱེད་དགོས་པའི་བཀའ་སློབ་རིམ་ཕེབས་ལྟར། ང་ཚོས་ངེས་པར་དུ་བསམ་གཞིག་བྱེད་དགོས་པ་དང་། བོད་མི་རིགས་རང་གི་ལས་འགན་དེ་མི་རིགས་རང་ཉིད་ཀྱིས་ཁུར་དགོས་པ་རེད། བླ་མ་སྤྲུལ་སྐུ་ཞིག་ལ་མ་བརྟེན་རུང་སའི་སྟེང་གི་འགྲོ་བ་མི་གཞན་པ་ཚོ་དང་སྤྱི་མཚུངས་ཀྱི་ནུས་པ། འཇོན་ཐང་། ཐབས་ཤེས། སྤོབས་པ་བཅས་ནི་བོད་མི་ཚོར་ཡོད་དགོས་པ་རེད། ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མོ་འདིར་ལྟར་ཡོད་གི་རེད་ཟེར་ནས་སྡུག་སྐད་བརྒྱབ་པ་གཅིག་པུས་ཡོང་ཐབས་མེད་ལ། ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མོ་སྡུག་པོ་ཡོང་རྒྱུ་ཡིན་པའི་ནག་ཉེས་དེ་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཚོའི་མགོར་བརྩིས་ན་འགྲིག་ཐབས་དེ་བས་ཀྱང་མེད།
རྩོམ་ཡིག་འདིའི་ཁ་བྱང་དང་ནང་དོན་བར་ལ་འབྲེལ་བ་མེད་པའི་འགལ་བ།
ཏཱ་ལའི་བླ་མ་མ་བགྲེས་ཡོལ་ཆ་ཚང་གནང་བ་ཡིན་ན་ག་རེ་ཡོང་མིན་དང་། གལ་ཏེ་ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མོ་དེར་བོད་པ་སྐྱབས་བཅོལ་བ་ལ་གལ་རེ་ཡོང་གི་རེད་ཟེར་བ་དང་། ཏཱ་ལའི་བླ་མ་མེད་པའི་ཉིན་མོ་དེར་གཞིས་བྱིས་བར་གྱི་འབྲེལ་བ་མུ་མཐུད་དེ་གནས་ཐུབ་ཀྱི་ཡོད་མིན་བཅས་ཀྱི་གནད་དོན་དེ་དག་དང་རྩོམ་ཡིག་འདིའི་ཁ་བྱང་བར་འབྲེལ་བ་གང་ཡང་མི་འདུག
རྩོམ་ཡིག་འདིའི་ཁ་བྱང་ནང་འཁོད་མི་གླེང་མཐུ་མེད་གཉིས་ནི། རང་བཙན་སླར་གསོ་བྱེ་མིན་དང་། ལམ་དབུ་མའི་སྲིད་བྱུས་ལ་འདོད་མོས་ཡོད་མིན་དེ་རེད། འོན་ཀྱང་བགྲེས་ཡོལ་གྱི་གནད་དོན་དང་འདི་གཉིས་ལྟོ་སྦྱར་ནས་བཤད་དགོས་པའི་དམིགས་ཡུལ་གང་ཡིན་ཤོད་དཀའ་བ་ཞིག་རེད།
རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དང་འབྲེལ་བའི་དོན་དག་མང་བོའི་ཐོག་ལའང་དངོས་ཤུགས་ཅི་རིགས་ནས་ཟུར་ཟ་བྱེད་མཁན་འབྱུང་གིན་ཡོད།
ཟུར་ཟ་བཤད་མཁན་ཡོད་ན་ཧང་སང་རྒྱུ་མེད་ཅིང་མི་ཡོད་ཚད་མཐུན་པའི་གྲོས་གཞི་ཞིག་འཇིག་རྟེན་འདིར་མེད་པ་མ་ཟད། ཐ་ན་རང་ཉིད་རང་དང་དུས་ཀུན་ལྟ་ཚུལ་མི་མཐུན་པས་ཡིན། ཟུར་ཟ་བཤད་མཁན་ཡོད་པ་རྟོགས་ནས་ཧང་སང་ན་རང་ཉིད་ཀྱི་ཤེས་རྟོགས་ཞན་པའི་རྒྱུ་ལས་གཞན་གང་ཡང་མིན་པ་སེམས། གཅིག་བྱས་ན་གཞན་གྱིས་བཤད་པའི་བག་ལ་ཉལ་བའི་རང་གི་མྱོང་སྣང་གིས་འགྲེལ་ལོག་ཐེབས་ཤས་ཆེ། གང་ལྟར་བྱ་བ་གང་ཞིག་ཡིན་ཡང་དངོས་ཡོད་བདེན་འཚོལ་དང་དྲང་པོ། བོད་མིའི་མ་འོངས་བའི་མདུན་ལམ་ལ་མནོ་བསམ་བཏང་ནས་ཁྲིམས་ཐག་གཅད་རྒྱུ་གནད་དུ་མཐོང་།
སྤྱིའི་ཆ་ནས་བཤད་ན། སྐུ་མདུན་ལ་བོད་མིས་བཀུར་བ་ནི་ཧ་ཅང་ཚད་མཐོའི་རང་བཞིན་ཡིན་ཞིང་དེ་ལ་བློ་ཕམ་ཡོང་དགོས་དོན་ཡང་མེད། འོན་ཀྱང་མིའི་འདོད་པ་དང་བརྩེ་བ། གུས་བཀུར་ལ་མཐའ་མེད་པ་བཞིན་ཡར་རྒྱས་ལའང་མཐའ་མེད་པས་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་ཐག་གཅོད་སྣ་ཚོགས་བྱེད་ཆོག་པ་འདོད།
༧རྒྱལ་བ་རིན་པོ་བགྲེལ་ཡོལ་ལ་ཕེབས་མི་སྲིད་པ་གཞིར་བཞག་པ་མ་ཡིན་པར། ཕེབས་པ་གཞིར་བཞག་ནས་ཕ་བཟང་མཛད་རྗེས་བུ་ཡིས་འཛིན་ཐུབ་པ་ད་ལྟ་ནས་འབད་བརྩོན་བྱེད་འགོ་བཙུགས་དགོས་པ་རན་རེད་སྙམ། གལ་ཏེ་༸གོང་ས་མཆོག་བགྲེས་ཡོལ་ཕེབས་ཐུབ་ན། ང་ཚོར་བོད་མི་ཚོའི་ཆེད་དུ་༸གོང་ས་མཆོག་འཛམ་གླིང་རྒྱལ་ཁག་མང་པོར་་ཕེབས་ཐུབ་དང་ལྷག་པར་རྒྱ་ནག་དང་བོད་ནང་ལ་ཡང་ཕེབས་ཐུབ་པའི་ཆ་རྐྱེན་ཅིག་འགྲོ་སྲིད་བགྱིད་རེད་སྙམ་མོ། །
༧བགྲེས་ཡོལ་དུ་ཕེབས་ཐུབ་པ་དང་། ༧བགྲེས་ཡོལ་དུ་ཕེབས་པ་འདིས། ༸རྒྱལ་བས་བོད་དོན་དངོས་ཤུགས་བརྒྱུད་གསུམ་ལ་བྱིན་གྱིས་བརླབས་ནས། བོད་གཞིས་བྱེས་ཀྱི་ཡར་རྒྱས་རྩ་བརྟན་དུ་ཡོངས་བའི། སྨོན་འདུན་ཡང་ཡོད། དགེའོ། །
ཧོར་གཙང་འཇིགས་མེད། དུས་བབ་ཐོག་ཅོ་རི་ཉི་མས་གསུང་པ་བཞིན།
སྔོན་མ་ཉིད་ཀྱིས་༢༠༡༠་༠༥་༠༥་ཚེས་ཉིན་སྤེལ་བའི་འཆར་སྣང་ཐར་ཐོར་ཞེས་རྩོམ་ཡིག་ནང་ཕྱི་རྒྱལ་ཡུལ་ཁག་ཏུ་ཡོད་པའི་དོན་གཅོད་ཁག་འགྲོ་སོང་ཆེ་རོགས་ཡིན་པས་སྒོ་རྒྱག་དགོས་པ་དང་། དེ་བཞིན་བཙན་བྱོལ་བོད་གཞུང་གི་ཆོས་རིགས་ལས་ཁུངས་དང་འཆར་འགོད་ལས་ཁུངས། སྤྱི་འཐུས་རྒྱུན་ལས་ལ་སོགས་དམིགས་གསལ་ལས་ཀ་མེད་པས་སྒོ་རྒྱག་དགོས་ཞེས་གསུངས་མྱོང་ཡོད།
ད་ཡང་སྔོན་ལ་བཤད་ཟིན་པའི་སྐད་ཆ་དྲོད་མ་ཡལ་གོང་ནས། དེ་རིང་འདི་འདྲ་ཞིག་བཤད་འདུག ཡང་སྙིང་སྐད་ཆ་འདི་གཉིས་གཏན་ནས་མི་མཐུན་པས། ཅི་ཞིག་ཤོད་འདོད་པ་ཡིན་ནམ། བཤད་ས྄ྟངས་ནོར་བ་ནི་ཨེ་ཡིན།
ཧོར་འཇིགས་ཀྱིས་གསུངས་བ་དེ་བདེན་པ་རེད། བོད་ནས་རྒྱ་གར་དུ་ཕེབས་མཁན་ཕལ་ཆེ་བས་༧གོང་ས་མཆོག་བསམ་ནས་ཡོང་བསྡད་པ་ལས། གངས་ཅན་དཀྱིལ་གཤོངས་བསམ་ནས་ཡོང་ཉུང་ཉུང་ཡིན་རྒྱུ་རེད། དེ་གཅིག་རེད། གཉིས་ནས། ཕྱི་ལོ་༢༠༠༨ལོའི་བོད་ནང་གི་མང་ཚོགས་ཀྱི་འབོད་སྒྲ་ཉན་ན། གཙོ་བོ་༧གོང་ས་མཆོག་བོད་ལ་གདན་ཞུ་གནང་རྒྱུ་དེ་རེད། བཙན་བྱོལ་བོད་གཞུང་ཞེས་གང་ཡང་ལབ་མི་འདུག་ག གལ་སྲིད་༧གོང་ས་མཆོག་གིས་བགྲེས་ཡོལ་གནང་ཚེ། མ་འོངས་པའི་གནས་སྟངས་དེ་འཇིགས་ཡར་བ་ཞིག་རེད། རིགས་ཁ་ཤས་ཀྱིས་དེང་རབས་ཡིན་མདོག་མདོག་དང་། སྔོན་ཐོན་ཡོན་མདོག་མདོག་གིས་༧གོང་ས་མཆོག་དགོངས་པ་ཞུ་དགོས་སྐོར་བཤད་ཀྱི་འདུག དེའི་སྐོར་གཟབ་གཟབ་བྱས་ན་མ་གཏོགས། སེམས་ན་དྲན་ཚད་བཤད་ན་མང་གཙོ་མ་རེད་ད། ངས་བསམ་ན། གྲོས་ཚོགས་དང་འཛིན་སྐྱོང་ཙམ་མིན་པར། མང་ཚོགས་ནང་དེའི་སྐོར་དོ་སྣང་བྱ་རྒྱུ་གལ་ཆེ། ལྷག་པར་དུ། ཉེ་ཆར་cnnནས་བཅར་འདྲི་ཞུས་དོན་བཞིན་༧གོང་ས་མཆོག་གི་ཡང་སྲིད་སྐོར་མང་ཚོགས་ནང་བསམ་ཚུལ་བསྡུ་རྒྱུ་དེ་གལ་ཆེ། འདི་ང་རང་སྒེར་གྱི་བསམ་ཚུལ་ཡིན།
གཅན་ཕུག་རོན་ལགས། ༢༠༠༨ ལོའི་འབོད་སྒྲ་ལ་ཉན་ན་བོད་རང་བཙན་གྱི་འབོད་སྒྲ་ཁོ་ན་རེད། དེར་བརྟེན་ཧོར་འཇིགས་པས་བཤད་པ་བདེན་པ་མ་རེད་སྙམ།
xxxxxxxxxxxxxxxxxx
མཁས་དབང་ཧོར་འཇིག་ལགས་ཀྱིས་བོད་དོན་གྱི་ཆེད་དུ་འདས་དང་ད་ལྟའི་མཉམ་མྱོང་ལ་གཞི་བཅོལ་ཏེ་རང་ཉིད་ཀྱི་བསམ་ཚུལ་བཤད་པ་ནི་དངོས་གནས་བཀའ་དྲིན་ཆེ། ཡིན་ནའང། རྒྱལ་སྤྱིའི་ཆབ་སྲིད་དང་མི་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་དང་བོད་གཞུང་འཛིན་པ་དག་གི་བསྐོར་ནས་བསམ་ཚུལ་ཙམ་བཤད་ན་འདི་ལྟར། ཆབ་སྲིད་དང་དམངས་གཙོའི་གོ་རྟོགས་ཞན་པ་དག་གི་འདི་ལྟར་ཤ་ཚའི་ཚུལ་དུ་ཕྱོགས་ཟུར་གཅིག་ནས་གླེང། ཆབ་སྲིད་དང་དབང་ཐང་ཁོ་ན་ལས་མི་བསམ་དག་གིའང་ཁེ་ཕན་གྱི་ཆེད་དུ་ཕྱོགས་ཟུར་གཅིག་ནས་གླེང། ངེས་དོན་དང་གཡོ་གཟུར་བྱེད་ས་མི་འགྲོ་བ་ནི་འདུས་པའི་ཐ་མ་བྲལ་བ་དང་སྐྱེས་པའི་ཐ་མ་འཆི་བ་ཟེར་བ་འདི་ཡིན། འདི་ལ་བསམ་གཞིགས་ངེས་པར་དུ་བྱེད་དགོས། ང་ཚོས་བསམ་གཞིགས་བྱེད་འདོད་ན་རེད། མི་འདོད་ནའང་རེད། ནམ་ཞིག་༧གོང་ས་ཆོག་འཇིག་རྟེན་འདི་དང་ཞལ་གྱེས་དགོས་པ་ནི་བསམ་གླེང་ལ་མ་ལྟོས་པར་ཡོང་རྒྱུ་ཡིན་པ་ནི་དངོས་ཡོད་གནས་ཚུལ་ཡིན། ༡ རང་བཙན། དགོས་མཁོའི་སྐད་ཅ་ཞིག་རེད། འདི་ཆབ་སྲིད་ལས་ནང་ཆོས་མ་རེད། བཤད་པ་ལག་ལེན་དུ་འཁེལ་མ་འཁེལ་དང་། བཤད་པ་ལྟར་རང་གཏིང་ནས་ནུས་དང་མ་ནུས་གང་རུང་ཡོང་གི་རེད། ཁ་གཡང་སྒྲོག་སྟངས་དང་ལས་ཀ་བྱེད་སྟངས་ཀྱང་སྐབས་དང་བསྟུན་ཏེ་འགྱུར་དགོས་པ་རེད། དེ་ཆབ་སྲིད་ཀྱི་དགོས་མཁོ་དང་ཁེ་ཕན་རེད། སྨྲ་བརྗོད་རང་དབང་ནི་རང་དབང་གི་རྨང་གཞི་ཡིན། ༢ ༧གོང་ས་མཆོག་གི་ངལ་གསོ། ༧གོང་ས་མཆོག་དེ་རིང་དང་ད་ལྟ་ཉིད་ནས་ངལ་གསོ་དགོས རྒྱུ་མཚན་ནི། རིན་པོ་ཆེ་ཞལ་གཞུགས་ཐོག་ད་ལྟའི་འགན་འཛིན་དག་དང་མི་རབས་རྗེས་མ་དག་གི་ལས་དོན་ལ་སློབ་སྟོན་གནང་ཐུབ། རིན་པོ་ཆེའི་ནམ་རྒྱུན་གསུང་བཞིན་པ་ལྟར། བོད་གཞུང་དམངས་ས་ཡ་དྲུག་མི་གཅིག་ལ་བསྟེན་མི་དགོས་པ་དང་བསྟེན་མེད་པ་གསལ་སྟོན་བྱེད་དགོས། ལྷག་པར་དུ་རིན་པོ་ཆེ་ཞལ་གཞུགས་རིང་གི་ཆུ་ཚོད་དམ་འཛིན་བྱས་ཏེ་བཙན་བྱོལ་དམངས་གཙོའི་རྨང་གཞི་སྲ་བརྟེན་དང་ཚགས་ཚུལ་དུ་གཏོང་དགོས། ༣ ༧གོང་ས་མཆོག་ཞལ་མ་གཞུགས་པའི་ཉིན་མོ། བོད་ནས་གྲྭ་རྒྱུན་དང་སློབ་རྒྱུན་ལ་ཕྲན་བུ་འགྱུར་བ་འགྲོ་སྲིད་མོད་ཀྱང། དམིགས་བསལ་གྱི་འགྱུར་བ་ཆེན་པོ་དེ་འདྲ་འགྲོ་མི་སྲིད། གང་ཡིན་ཟེར་ན། བོད་མི་མང་ལ་འདེམས་ཀ་གཉིས་ཡོད་པ་ནི་བོད་གཞུང་དང་རྒྱ་གཞུང་གཉིས་ཡིན། ངའི་བསམ་པར་བོད་མི་མང་གི་བོད་གཞུང་ལས་རྒྱ་གཞུང་མི་འདེམས་པར་སེམས། རྫོགས་པའི་སངས་རྒྱས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་རོལ་དུ་འཁྲུངས་ཏེ་ཕེབས་ཟིན་ནའང་། ཁོའི་རྗེས་འབྲངས་པ་ཚང་མ་ད་དུང་འཚང་ཁ་ཤིག་ཤིག་གིས་རྒྱ་གར་དུ་ཡོང་བཞིན་ཡོད། འདོར་བསྡུས་ཏེ་བཤད་ན། ༧གོང་ས་མཆོག་གི་མཛད་རྗེས་ནི་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་པ་དང་ཡལ་འགྲོ་བ་དང་ཡལ་ཐུབ་པ་ཞིག་གཏན་ནས་མིན། འདོར་ན། དུས་རབས་དང་མཐུན་པའི་འགྱུར་འགྲོས་ཤིག་ངེད་ཅག་ལ་ངེས་པར་དུ་མཁོ།
སྐྱེ་བོ་སྒེར་བ་ལ་དམོད་ཚིག་བོར་བ་དང་ཚིག་རྩུབ་སྨྲ་བ།
དེ་མིན་གྱི་མི་རིགས་པའི་གནས་ཚུལ་བཀོད་པ་རྣམས་ལ་ཁ་བརྡས་དགའ་བསུ་མི་ཞུ།
མཆན་དེའི་རིགས་དང་མཆན་རྒྱག་མཁན་གཉིས་ཀ་རྩ་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས
ངས་བལྟས་ནས་སྐབས་རྗེས་མའི་སྤྱི་འཐུས་འདེམས་མ་དགོས་པའི་ཐོག་ནས། ཁ་བརྡ་དྲ་ཚང་གི་དྲ་བ་ཚང་མ་སོང་ནས་སྤྱི་འཐུས་ཚོགས་ཁང་ནང་བཞག་པ་ཡིན་ན། འོ་ད་ལྟད་མོ་ཆེན་པོ་ཡོད་ས་རེད། ཁ་བརྡ་དྲ་ཚང་གི་དྲ་བ་ཚང་མ་ཆོལ་ཁའི་འཐུས་མི་དང་། ཆོས་ལུགས་ཀྱི་འཐུས་མི། ད་དུང་ཆོས་མེད་ཀྱི་འཐུས་མི་ཚང་མ་འཛོམས་བསྡད་ཡོད་པ། གཅིག་བཤད་ན་འཚམ་འཇོག་མི་ཐུབ་པ། འཛམ་བུ་གླིང་གི་ཤེས་བྱ་ཡོངས་སུ་རྫོགས་པ་མི་ཤེས་པ་གཅིག་ཀྱང་མེད་པ། ད་དུང་གླ་ཕོག་མི་དགོས་པ། ཁྱད་ཆོས་ཤིན་ཏུ་མང་གི ད་དུང་ཚོགས་གཙོ་དེང་སང་གི་ཚོགས་གཙོ་དེ་ཡག་པོ་འདུག འུར་ལངས་ནས་ངོ་གདོང་དམར་པོ་ཆགས་པའི་སྐབས་སུ་ལམ་སེང་ཁ་ལ་ཀོ་རུ་ཁ་བརྒྱབ་འཇོག་པ་དེ་འདྲ་ཞིག འདི་བོད་འབངས་ཡོངས་ཀྱིས་ཐུགས་བསམ་བཞེས་ནས་རོགས།
རྒན་ཧོར་འཇིགས་ཀྱི་བསམ་ཚུལ་དེ་ཚོའི་སྒང་ལ་མཆན་འདེབས་ཀྱི་ཡིན་ལབ་ནས་གོང་དུ་བྲིས་ཡོད།
ངེད་ཀྱི་བསམ་ཚུལ་འདི་ཡིན། འདི་བསམ་ཚུལ་ཡིན་མ་གཏོགས། རྒན་པ་ཚོར་གུས་བཀུར་མ་བྱས་བ་དེ་འདྲ་མིན།
དང་པོ།
རྒན་ཧོར་འཇིགས་ཀྱི་རྩོམ་འདིའི་གོ་རིམ་བསྒྲིགས་སྟངས་དང་བརྗོད་བྱའི་དོན་གྱི་གནད་ལ་འབབ་སྟངས་སོགས་འཁྲུགས་འདུག
ཕར་མཆོངས་ཚུར་མཆོངས་མང་པོ་བྱས་འདུག་པ་མ་ཟད་མཐོ་རྒྱག་དམའ་རྒྱག་མང་པོ་བྱས་འདུག གང་ལྟར། བསམ་བློ་སྔོན་དུ་བཏང་ནས་བྲིས་མེད་པའི་ཚོར་བ་འདྲ་ཞིག་སླེབས།
འདི་ཞོར་འཕྲོས་ཡིན།
གཉིས།
ངེད་ཀྱི་བསམ་ཚུལ་ལ། རང་བཙན་གྱི་ལྟ་བ་དང་དེའི་བསམ་ཚུལ་འཛིན་མཁན་མང་དུ་ཕྱིན་ན། དེས་བོད་ཀྱི་ཆིག་སྒྲིག་ལ་གནོད་པ་དང་རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་ལ་དོན་གྱིས་རྒོལ་བ།
བོད་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་གནོད་པ་ཞིག་མཐོང་གི་མེད། ༧གོང་ས་མཆོག་དང་བསམ་ཚུལ་མི་མཐུན་པ་འཛིན་མཁན་སླེབས་ན། དེ་ཚོ་རྒྱལ་བ་རིན་པོ་ཆེ་ལ་རྒོལ་མཁན་རེད་ཟེར་བ་འདི་ལས་སྡུག་པའི་སྐད་ཆ་ཐབས་སྡུག་ཞིག་མི་འདུག འདི་ན་ཚ་ཞིག་རེད་འདུག ན་ཚ་འདི་བོད་མི་རྒན་གཞོན་མང་པོར་འདུག ན་ཚ་འདིས་ང་ཚོའི་སྤྱི་ཚོགས་ལ་གྱོང་མང་པོ་བཏང་གི་འདུག
རང་བཙན་གྱི་བསམ་ཚུལ་འཛིན་མཁན་དེ་ཚོ་ལས་ན་ཚ་འདི་སྡུག་ག ད་ཕན། རང་བཙན་གྱི་བསམ་ཚུལ་ཡོད་མཁན་དེ་ཚོ་ངར་མ་རྐྱང་རྐྱང་རེད། རང་གིས་གང་བསམ་པ་དེ་ཁ་རུ་ཁ་ཐུག་ལ་བཤད་མཁན་རྐྱང་རེད་འདུག འཇམ་ནོར་སོགས་དེའི་དཔེ་མཚོན་གསོན་པོ་རེད། རྒྱ་ནག་གཞུང་ལ་རྩོད་རྒྱག་ཐུབ་མཁན་ཡང་འདི་ཚོ་རེད། དེ་ནས་གནད་དོན་གཞན་ཞིག་ནི། བོད་རྒྱ་ཆེའི་མི་མང་གི་མངོན་འདོད་རེད།
བོད་རྒྱ་ཆེའི་མི་མང་གི་མངོན་འདོད་ག་རེ་རེད། འདི་ཞིབ་འཇུག་བྱེད་རྒྱུ་ལྷག་ཡོད་རེད་དྲན། བོད་ནང་དུ་ཡོད་མཁན་ཚོས། ༧གོང་ས་མཆོག་ལ་ཕྱིར་བོད་དུ་ཕེབས་ཐུབ་ན་བསམ་པ་དེའི་མངོན་འདོད་ཡོད་རེད། དེ་གཅིག་པོ་མ་རེད། རྒྱའི་འོག་ལ་སྡོད་འདོད་ཀྱི་འདུན་པ་དེ་ཡང་ཡོད་མ་རེད། དེ་ཕྱི་ལོ་༢༠༠༨ནས་ཧ་ཅང་ཇེ་གསལ་ལ་སོང་བ་རེད། ད་བཙན་བྱོལ་བོད་གཞུང་འདི་ལྐུགས་པ་མིན་ན། བོད་ནང་གི་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་ཞིབ་ཏུ་རྣ་བ་བླགས་དགོས་རེད་དྲན། བོད་ནང་གི་བོད་མིའི་མངོན་འདོད་མ་མཁྱེན་པར། རྡ་ལམ་ས་ལ་ནས་འཆར་གཞི་བསྒྲིགས་བསྡད་ན་
ལྐུགས་པ་རེད། བཙན་བྱོལ་བོད་མིའི་མངོན་འདོད་ཀྱང་། རང་བཙན་ཡིན་དང་དབུ་མའི་ལམ་ཡིན་ང་ནི་དོགས་པ་ཡིན། དོགས་པ་ཡིན་པའི་རྒྱུ་མཚན། དགུ་བཅུའི་ནང་གི་བོད་མི་བརྒྱ་ཆ་དྲུག་ཅུ་ལྷག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་རེད་ཟེར་བ་དེའི། བོད་མི་བརྒྱ་ཆ་དྲུག་ཅུ་དེ་སུ་རེད། བོད་མི་ག་ཚོད་ཀྱི་གྲངས་ཀ་དེའི་ཁོངས་སུ་ཚུད་ཡོད། འདི་རྩིས་རྒྱག་རྒྱུ་ཡོད་རེད་དྲན།
ཕྱི་ལོ་༢༠༠༨ལོའི་དམིགས་བསལ་ཚོགས་ཆེན་གྱི་སྒང་ལ་ནི། བོད་མི་མང་གི་བསམ་ཚུལ་ངོ་མ་དེ་སླེབས་ཐུབ་ཡོད་མ་རེད། འདི་ལ་ཁུངས་སྐྱེལ་གསལ་བོ་ཡོད།
གསུམ།
༧རྒྱལ་བ་རིན་པོ་ཆེ་བགྲེལ་ཡོལ་དུ་ཕྱིན་ན། དེ་ལ་གྲ་སྒྲིག་བྱེད་རྒྱུ་དང་འཆར་གཞི་བསྒྲིགས་རྒྱུ་ཡོད་མ་རེད་དྲན། གལ་སྲིད་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕྱིན་པ་དང་།
བོད་གཞུང་གིས་རྒྱ་ནག་དང་དམག་རྒྱག་གི་ཡོད་ན། འཆར་གཞི་སྒྲིག་རྒྱུ་མེད་འགྲོ་ གཞན་འཆར་གཞི་ག་རེ་སྒྲིག་དགོས་རེད། གཙོ་བོ་མི་མང་ལ་ཤེས་ཡོན་དགོས་རེད།
ཤེས་ཡོན་ཡོད་ན། ལས་ཀ་ལས་ཐུབ་གི་རེད། ཤེས་ཡོན་མེད་ན། ལས་ཀ་ལས་ཐུབ་གི་མ་རེད་ལ། གཞུང་གི་འཛིན་སྐྱོང་གི་འཕྲུལ་འཁོར་དེ་ཡང་འཁོར་གི་མ་རེད།
འདི་ལ་འཆར་གཞི་སྒྲིག་མ་སྒྲིག་གི་སྐད་ཆ་ཡོད་མ་རེད། ༧རྒྱལ་བ་རིན་པོ་ཆེ་འགྲེས་ཡོལ་དུ་ཕེབས་པ་འདི་ཡག་པོ་རེད་དྲན། ད་བོད་མི་མང་གིས་རང་གི་འགན་དེ་རང་གིས་འཁུར་དགོས་རེད།
རྡོག་ཁྲེས་ཚང་མ་རྒྱལ་བ་རིན་པོ་ཆེའི་སྒང་ལ་གཡུག་འཇོག་རྒྱུ་ཡོད་མ་རེད། ད་བར་དུ། ལས་ཀ་ཚང་མ་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་སྒང་ལ་གཡུགས་ནས་བཞག་པ་ཡིན་ཙང་།
རྡ་ལམ་ས་ལའི་བོད་མི་མང་སྤྱི་འཐུས་ཟེར་བ་དེ་ཚོས། ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་བྱེད་རོགས་ཟེར་ནས་ལྐུགས་རྟགས་བསྟན་འདུག་ག དེ་ལས་ལྷག་པའི་ལྐུགས་རྟགས་ཤིག་ཡོད་མ་རེད། ད་ལྐུགས་རྟགས་སྟོན་རྒྱུ་མཚམས་བཞག་ནས། སོ་སོའི་ལག་པ་དང་རྐང་པ་འགུལ་ནས་ལས་ཀ་བྱེད་དགོས་རེད།
བཞི།
རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ལ་ཕེབས་ན། བོད་ཕྱི་ནང་གི་འབྲེལ་བ་ཆད་གི་མ་རེད། དེའི་གནད་དོན་འདི་དད་སེམས་གཅིག་པོ་ལ་ཐུག་གི་ཡོད་མ་རེད།
དཀའ་ངལ་ལ་ཐུག་གི་ཡོད་རེད། བོད་ནང་ན་དཀའ་ངལ་ཡོད་རེད། དཀའ་ངལ་ཡོད་ཙང་དཀའ་ངལ་དེ་ལ་གདོང་ལེན་བྱེད་གི་ཡོད་རེད། བོད་ཕྱི་ན་ཡང་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ཤེས་འཐེན་གི་ཡོད་རེད། ཇི་སྲིད་བོད་ནང་ན་དཀའ་ངལ་ཡོད་པ་དེ་སྲིད་དུ། བོད་ཕྱི་ནང་གི་འབྲེལ་ལམ་ཆད་གི་མ་རེད་ལ་བོད་ཀྱི་རྩ་དོན་ཡང་བརླག་གི་མ་རེད།
འདི་ཡང་སེམས་ཁྲལ་མེད་པའི་སེམས་ཁྲལ་ཐོལ་པ་རེད་དྲན།
འདི་ལུང་པ་ཞིག་གི་གནས་སྟངས་རེད་མ་གཏོགས། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནས་སྟངས་མ་རེད། ལུང་པའི་གནས་སྟངས་ཟེར་བ་འདི། དབུ་འཁྲིད་གཅིག་གི་འོག་ནས་འདུག་གི་མ་རེད།
ཡང་ན་དབུ་འཁྲིད་བརྗེ་བོ་རྒྱག་གི་རེད། ཡང་ན་དབུ་འཁྲིད་རྗེས་མ་ཞིག་སླེབས་གི་རེད། འདི་འགྱུར་བའི་ངོ་བོ་ན་ཡོད་རེད། ༧རྒྱལ་བ་རིན་པོ་ཆེས་བགྲེས་ཡོད་ལ་ཕེབས་གི་ཡིན་ལབ་ན།
མ་ཕེབས་རོགས་ཟེར་ན་ལྐུགས་པའི་སྐད་ཆ་རེད།
ལྔ་།
༧རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་ན། ཕྱི་ལོགས་སུ་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་གཙོས་བའི་མ་ལག་དེ་ཁ་འཐོར་འགྲོ་བ་དང་མེད་འགྲོ་བ་ཆགས་སྲིད་ཀྱི་མ་རེད།
འདིའི་སྐོར་གོང་དུ་། མདའ་ཚན་པས་གསུངས་བ་དེ་ག་རང་རེད། དེ་ཙམ་ཡིན། ད་འགྲོ་གི་ཡིན།
རྗེས་ལ་མཇལ་ཡོང་།
ཐོག་མར་་་ཧོར་གཙང་འཇིགས་མེད་ལགས་ཁ་བརྡ་ནང་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། དེ་ནས་ཁོང་གི་རྩོམ་འདི་ད་ལན་བཙན་བྱོལ་བོད་མི་གོ་རྭ་གང་བོས་གོ་བསྡུར་བྱེད་དགོས་པའི་རྩོམ་ཡིག་ཧ་ཅང་གོ་རྒྱུ་ཅན་ཞིག་བྲིས་འདུག་སྙམ།
ཡིན་ན་ཡང་སེམས་སྐྱོ་དགོས་པ་ཞིག་ལ་ཁ་ཤས་ཤིག་གིས་རྩོམ་ཡིག་གི་བརྗོད་དོན་དངོས་གི་གོ་བ་ལོན་མ་ཐུབ་ནས་གོ་ལོག་ཐེབས་པ་མ་ཟད་གོ་གཏམ་ག་རེ་གོ་རེ་ཤོད་མཁན་ཡང་རེ་འགའ་འདུག་བསམ།
དེ་དག་ཀྱང་རང་རང་གི་བསམ་ཚུལ་ཡིན་པས་ག་རེ་ཤོད་མིན་རང་ལ་དབང་བ་རེད། འོན་ཀྱང་རྩོམ་ཡིག་འདིས་མདོ་དོན་ཡང་སྙིང་ག་རེ་བརྗོད་འདུག་ལབ་ན་་་་བོད་བཙན་བྱོལ་་གཞུང་མང་གཉིས་ནས་མགྱོགས་པོ་ཡོང་ངེས་ཡིན་པའི་དོན་དག་དེཚོ་་ངོས་ལེན་ཐོབ་པ་བྱས་ཏེ་ད་ལྟ་ནས་གྲ་སྒྲིག་ཡག་པོ་གྱིས་ཤིག་ཟེར་བ་ལྟ་བུ་རེད། ཐུགས་རྗེ་ཆེ།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགའ་ཀྱི་༼རྡ་ལམ་ས་ལའི་བོད་མི་མང་ སྤྱི་འཐུས་ཟེར་བ་དེ་ཚོས། ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་བྱེད་རོགས་ཟེར་ནས་ལྐུགས་རྟགས་བསྟན་འདུག་ག དེ་ལས་ལྷག་པའི་ལྐུགས་རྟགས་ཤིག་ཡོད་མ་རེད།༽ཅེས་བཤད་འདུག་དེ་ངས་ཀྱང་མོས་མཐུན་བྱེད་ཀྱི་ཡིན།
ཧོར་གཙང་ལགས་ཀྱི་བསམ་འཆར་ལ་ལན་འདི་ཡིན།
༡༽མི་རེ་ལ་བསམ་པ་རེ་དང་མཛོ་རེ་རེ་ལ་རྭ་ཅོ་གཉིས་རེ་ཟེར་བ་བཞིན། མིའི་སྤྱི་ཚོགས་ནང་ལ་ཚང་མ་ལྟ་བ་གཅིག་ཡོང་ཐབས་མེད་ལ་ལོ་རྒྱུས་ནང་དེ་ལྟར་ཡོང་མྱོང་མེད། ཡོང་བའི་ཐབས་ཤེས་བྱེད་མཁན་མི་ཁག་གཅིག་བྱུང་ཡོད་ལ། དེའི་འབྲས་བུར་མི་ས་ཡ་མང་པོར་སྡུག་གཅོང་དང་སྲོག་གཅོད་ཀྱི་ཆག་སྒོ་ཕབ། སྔོན་མ་ཁྱེད་རང་ཨ་མདོའི་སྤྱི་འཐུས་ཡིན་དུས། རང་རང་གི་ལྟ་བ་འཁུར་ནས་ཕྱིན་པ་མ་གཏོགས། ང་ཚོ་མཐུན་སྒྲིལ་བྱེད་དགོས་འདུག མང་པོས་བཤད་པ་དེའི་རྒྱབ་ལ་ལངས་ཀྱི་ཡིན་ཞེས་ཁྱེད་ཀྱིས་གསུང་མྱོང་མེད་ལ། དེ་འགྲིག་པ་རེད།
༢༽ང་ཚོ་མི་རིགས་གཅིག་གི་འཐབ་བརྩོད་བྱེད་ཀྱི་ཡོད་པ་ལས། མི་ཚང་གཅིག་གི་རྒྱུ་ནོར་ལ་བརྩོད་ཀྱི་མེད། དེར་བརྟེན་བསམ་བློ་གུ་ཡངས་པོ་དང་། ཕུག་རྒྱང་རིང་པོའི་བསམ་བློ་བཏང་ནས་ལས་ཀ་བྱེད་དགོས། མི་ཚང་མས་ལྟ་བ་གཅིག་གི་རྗེས་ལ་ཕྱིན་ན། སྤྱི་ཚོགས་ཡར་རྒྱས་དང་དགེ་སྐྱོན་ལ་དཔྱད་པ་བྱེད་མི་ཐུབ། སྔོན་མ་རྒྱ་ནག་ལ་མའོ་ཡིས་ཚང་མ་ཁོ་པའི་ལྟ་བའི་འོག་ལ་ཁྲིད་ནས་མཐའ་མ་སྡུག་སྦྱོང་ག་ཚོད་བྱུང་སོང་ངམ། ཁ་ཆེའི་སྒེར་གཅོད་པ་ཚོས་ཀྱང་། ཁོང་ཚོའི་ལྟ་བ་དེའི་རྗེས་ལ་མཛམ་གླིང་ཡོང་དགོས་ཟེར་ནས་མི་ག་ཚོད་གསོད་ཀྱི་མིན་འདུག་གམ། ལྟ་བ་གཅིག་དང་བསམ་བློ་གཅིག་གི་རྗེས་ལ་འགྲོ་ཟེར་བའི་སྐད་ཆ་དེ་ཤིན་དུ་ཉེན་ཁ་ཆེན་པོ་དང་ལྐུགས་རྟགས་ཆེན་པོ་རེད། དེ་དེང་དུས་ཀྱི་སྤྱི་ཚོགས་ནང་ལ་ཡོང་ཐབས་རྩ་བ་ནས་མེད།
༣༽ བོད་གཞུང་གི་ལྟ་བ་བོད་གཞུང་རེད། སྤྱི་འཐུས་ཀྱི་ལྟ་བ་སྤྱི་འཐུས་ནང་ལ་བསྡད་དགོས་པ་དང་། ཚོགས་པ་ཁག་གི་ལྟ་བ་ཚོགས་པ་ཁག་གི་ནང་ལ་བསྡད་དགོས། ད་ལྟ་མིག་གི་མདུན་ལ་ཛ་དྲག་གི་གནས་ཚུལ་ཡོད་སྐབས་ང་ཚོ་དངངས་སྐྲག་སྐྱེས་ནས་ཚང་མ་རྒྱལ་བ་རིན་པོ་ཆེ་མེད་ན་གང་བྱས་ཡོང་བསམས་ཀྱང་། དངོས་སུ་གནས་ཚུལ་ཕྲད་སྐབས་བོད་མི་དམངས་ཀྱིས་ཐབས་ཤེས་བྱས་ནས་གདོང་ལེན་བྱེད་ཐུབ་ཀྱི་རེད། མི་དམངས་ལ་འདི་ལྟ་བུའི་ཡིད་ཆེས་དང་གདེང་ཚོད་མེད་ན་ངོ་མ་རེ་བ་མེད།
༤༽ སྔོན་མ་པན་ཆེན་རིན་པོ་ཆེ་གཤེགས་རྗེས་མི་རིགས་ཀྱི་འཐབ་བརྩོད་རྩ་སྟོང་འགྲོ་གི་རེད་ཟེར། ད་ཆ་པན་ཆེན་རིན་པོ་ཆེ་ཡོད་པ་ལས་ལྷག་པའི་འཐབ་བརྩོད་གཞོན་སྐྱེས་ཚོས་བྱེད་ཀྱི་འདུག མཐའ་ན་སློབ་ཆུང་གི་བྱིས་པ་ཡན་གྱིས་ཁྲོམ་ལ་འདོན་ནས་མི་རིགས་ཀྱི་འཐབ་བརྩོད་བྱེད་ཀྱི་འདུག
བསམ་བློ་རྒྱ་ཆེ་ཙམ་བཏན་ནས་འབྲི་རོགས། མི་རིགས་ཤིག་གི་གནས་སྟངས་འདི་འབྲོག་པའི་སྐས་སྤོ་བ་དང་གཅིག་པ་མ་རེད། དེ་རྒྱུན་མཐུད་ནས་ཡོང་གི་རེད།
ཧོར་གཙང་འཇིགས་མེད་ལགས་ཀྱིས་རྩོམ་གྱི་ཁ་བྱང་རང་ལ་ཡིག་ནོར་ཤོར་འདུག ཨ་ཧ་བོ་ན་ཧ་བོ།
ཧོར་འཇིགས་ལགས་ཐུགས་རྗེ་ཆེ།བསམ་བློ་གཏོང་ས་མང་ཀིཡིན་ནའང་ནང་དོན་ཚང་མ་ལ་རྒྱབ་སྐྱོར་མེད།མཆན་འདེབས་མཁན་རིག་འབྱུང་དོན་བཀྲ་ཟེར་བ་དེས་བོད་དོན་དང་བོད་ཕྱི་ནང་གི་འབྲེལ་ལམ་སོགས་ཀྱི་ཐད་བར་སྣང་གི་སྐད་ཆ་ཞིག་ལས་དོན་དངོས་ཀྱི་གནས་སྟངས་ཅི་ཞིག་ཡིན་པ་ཅི་ཡང་མི་ཤེས་མཁན་ཞིག་རེད།ད་དུང་མི་རབས་གསར་རྙིང་གི་བསམ་ཚུལ་མི་འདྲ་ཟེར།དགོད་རྒྱུ་ཡོང་ཀི
ཨ་རོ།
ངེད་ཀྱིས་མི་རབས་གསར་རྙིང་གི་སྐད་ཆ་བཤད་མེད། རྩོམ་འབྲི་མཁན་རྒན་པ་ཞིག་ཡིན་པ་དང་ང་གཞོན་པ་ཞིག་ཡིན་པ་དེ་གསལ་ཁ་གཏོད་ཡོད།
གཞན། དགོད་རྒྱུ་ཡོང་ན་དགོད་རོགས་གནང་། ང་དེ་ཚོའི་རིགས་ལ་སྔ་མོ་ནས་གོམས་ནས་ཡོད། ཟ་དང་ཟུར་ནས་འབིགས་བཙག་བྱེད་མཁན་འདྲ་བྱུང་ན་ཡང་། མཚམས་ལན་རེར་དེས་བསམ་བློ་གཏོང་སྟངས་ལ་ཕན་གི་འདུག
མི་བདེན་བསམ་ན། མིང་དངོས་སུ་བརྒྱབ་ནས་རྩོམ་ཕྲིས་དང་། བསམ་ཚུལ་ཤོད་དང་། སེམས་ལ་ཡོན་ཏན་དང་ཉམས་མྱོང་གཉིས་ཀ་རག་གི་འདུག
འདི་ཡང་ཞོར་འཕྲོས་ཆགས་སོང་། ད་འགྲོ་གི་ཡིན།
ཧོར་འཇིགས་གིས་བཤད་པའི་དོན་གནད་འདི་ནི་ནམ་རྒྱུན་སྤྱི་ཚོགས་ཁྲོད་ན་གླེང་བཞིན་པའི་མ་འོངས་པའི་འཇིགས་སྣང་ངོ་མ་དེ་རེད་། དེ་ནི་མདོར་བསྡུས་ན་་་བོད་གྱི་སྤྱི་ཚོགས་རང་ངོས་ནས་འགན་ཁུར་དང་ནུས་བ་ཆེས་ཞན་པའི་མངོན་རྟགས་རེད་།དེ་མུན་ཕ་ཤུལ་བུ་ཡིས་སྐྱོང་དགོས་པ་འཇིགས་རྟེན་གྱི་ཆོས་ཉིད་རེད་།
ཧོར་འཇིགས་འདི་ནམ་ཡང་འཆི་མི་ཉན་པའི་ཨམ་ཕྲུག་རིག་ཡག་ཅིག་ཡིན། ཁོང་གི་རྩོམ་རིག་ལ་ང་ཚོ་ཧ་ཅང་དགའ་ལ། ཁོའི་ཚོར་ཤུགས་ལ་ཡིད་སྨོན་མི་བྱེད་མཁན་དེ་ཙམ་མེད། འོན་ཀྱང་མི་དགའ་ཡང་ཡོད་སྲིད་དེ། ངས་དེ་ཙམ་མ་མཐོང་། ཁོང་གི་བསམ་ཚུལ་རེ་ཕྱིན་འདོན་བྱས་ཚེ་ང་ཧ་ཅང་སྐྱིད། མུ་མཐུད་ནས་དྲ་ཐོག་ཏུ་ཕེབས་རོགས། ཧོར་འཇིགས་དང་རྩོམ་པ་པོ་རྒན་གྲས་རྣམས་ཀྱི་དགོངས་ཚུལ་ཉན་འདོད།
xxxxxxxxxxxxxxxxxxxxx།
ཧོར་གཙང་འཇིགས་མེད་ཀྱི་སྐད་ཆ་དེ་གོ་གི་འདུག སེམས་ཁྲལ་དེ་ཡང་ཤེས་ཀྱི་འདུག ཡིན་ནའང་། དབུས་ཀྱི་བུས་བཤད་པ་བཞིན། ང་ཚོ་མི་ཚང་མ་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་གི་སྟེང་ལ་འགྲོ་རྒྱུ་མེད། བོད་ཀྱི་ལོ་རྒྱུས་ནང་ཆོས་དང་ཆབ་སྲིད་གཉིས་ཀའི་སྟེང་ནས་དཔེ་མང་པོ་བཞག་རྒྱུ་ཡོད། སྔོན་ མ་ཕ་བོང་ཁ་པ་རིན་པོ་ཆེ་འཚོ་ཞུགས་སྐབས། དགེ་ལུགས་པ་གཙང་མ་བྱེད་དགོས་པའི་ལས་འགུལ་སྤེལ་བ་རེད། ། རིན་པོ་ཆེས་སློབ་མ་ཚང་མར་དགེ་ལུགས་གཙང་མ་བྱེད་དགོས་ཅེས་བཀའ་གནང་སྟབས། དགེ་ལུགས་པའི་ནང་ལ་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དགེ་ལུགས་གཙང་མ་སྤེལ། ཆོས་ལུགས་སྲེད་ན་དགེ་ལུགས་པའི་ཞབས་འདྲེན་ཡིན་པར་ངོས་འཛིན་བྱས། རིས་མེད་སྐྱོང་མཁན་གྱི་དགེ་ལུགས་མཁས་གྲུབ་རྟོགས་པ་ཤིན་དུ་མཐོན་པོ་རྣམས་དགེ་ལུགས་ནང་ནས་ཕྱ་སྨོད་བྱས་པ་རེད། དཔེར་ན། དགེ་ལུགས་རིས་མེད་བརྩོད་བྲལ་སེར་སྨད་ལྷ་བཅུན་རིན་པོཆེ་སྐུ་གོང་མ་དང་། པན་ཆེན་དགུ་པ་ཆོས་ཀྱི་ཉི་མ། དེ་བཞིན་ར་སྒྲེང་སྐུ་གོང་མ་སོགས་རིས་མེད་བསྐྱངས་ནས་བསྟན་པར་ཞབས་འདེགས་ཆེན་པོ་སྒྲུབ་བཞིན་པའི་སྒང་ལ་ཚང་མར་བར་ཆད་བཏང་ནས་དགེ་ལུགས་པའི་ཞབས་འདྲེན་ལྟ་བུར་རྩིས། ད་ཆ་བསམ་བློ་གཏོང་དུས་བླ་མ་དེ་དག་ནི་ངོ་མ་དགེ་ལུགས་པའི་མཁས་བཙུན་བཟང་གསུམ་གྱི་བླ་མ་ཚད་ལྡན་ཤ་སྟག་ཡིན་པ་དང་། ཁོང་རྣམས་ཀྱིས་ཤུགས་ལྡན་ཡང་གསོལ་གྱི་མེད་པ་དང་ཆོས་ལུགས་གཞན་པའི་ནང་མོས་པ་ཡང་ཆེན་པོ་ཡོད་སྟབས། ཁོང་རྣམ་གང་རུང་རྒྱལ་བའི་ཡོངས་འཛིན་ལ་ཕེབས་ན་བོད་པར་ཤིན་དུ་ཕན། དེ་བྱུང་མེད། རྒྱུ་མཚན་ནི་ལྟ་བ་གཅིག་གི་ཐོག་ལ་ཕྱིན་ནས་ལྟ་བ་ག྇ཞན་པ་རྣམས་ལ་ཕོག་རྡུང་བཏང་བ་རེད། དེའི་འབྲས་བུར་རྒྱལ་བ་རིན་པོ་ཆེ་ལ་ཤུགས་ལྡན་གསོལ་བཅུག་པ་རེད། གལ་ཏེ་གོང་གི་བླ་མ་གང་རུང་ཞིག་རྒྱལ་བའི་ཡོངས་འཛིན་ལ་ཕེབས་ན་རྒྱལ་བ་རིན་པོ་ཆེ་ཤུགས་ལྡན་དང་འབྲེལ་བ་མེད་པ་ལྟ་བུ་ཡོང་སྲིད།
ད་དེ་བཞིན་ཆབ་སྲིད་ཀྱི་དཔེ་མཚོན་ཞུས་ན། ལུང་ཤར་སོགས་ནས་སྤྱི་ཚོགས་ལ་སྒྱུར་བཅོས་བྱེད་དགོས་ཞུ་སྐབས། རྙིང་བཞེན་པ་ཚོས། མིན། ང་ཚོ་ཚང་མ་བཀའ་ཤག་གི་འགོ་ཁྲིད་འོག་ལ་འགྲོ་དགོས། ཚང་མ་དེའི་རྒྱབ་ལ་ལངས་དགོས་པ་དང་། དེ་དང་མ་མཐུན་ན་གཏོར་གཤིག་བཏང་དགོས་པའི་ལས་འགུལ་སྤེལ། ལུང་ཤར་སོགས་ལྟ་བ་མ་མཐུན་མཁན་རྣམས་ལ་མིག་འབྲས་བཏོན་ནས་སྡུག་སྦྱོང་བཏང་བ་རེད།
ད་ལྟ་ཧོར་གཙང་གི་བཤད་པ་ལྟར་མི་ཚང་མ་དབུ་མའི་ལམ་ལ་འགྲོ་དགོས། ལམ་དེ་དང་མ་མཐུན་མཁན་རྣམས་ལམ་ནོར་བ་ལྟ་བུར་ངོས་འཛིན་བྱས་ན། བོད་མི་ཤོག་ཁག་གཉིས་སུ་གྱེས། ཆིག་སྒྲིལ་མེད་པ་ཕན་ཚུན་དགྲ་ལྟ་བུའི་འདུ་ཤེས་འོག་བོད་པའི་སྤྱི་ཚོགས་འདི་ཞིག་པར་བྱེད།
དེར་བརྟེན་མཐུན་སྒྲིལ་དང་ཆིག་སྒྲིལ་དགོས་ན་ཕྱོགས་ཚང་མའི་ལྟ་བ་ལ་གུས་ཞབས་བྱེད་དགོས། ལྟ་བ་མ་མཐུན་པ་རྣམས་ལ་ཕན་ཚུན་གུས་ཞབས་དང་བརྩི་འཇོག་བྱེད་པ་འདི་ཆིག་སྒྲིལ་གྱི་རྒྱུ་གཙོ་བོ་བྱེད་ལགས།
དབུ་མ་པ་ཡིན་ནའང་རེད། རང་བཙན་པ་ཡིན་ནའང་རེད། གང་ལྟར་ཚང་མ་བོད་ཀྱི་མདུན་ལམ་ཡར་རྒྱས་གཏོང་མཁན་ཡིན་སྟབས་ཚང་མར་འདྲ་མཉམ་ཡིན་པའི་འདུ་ཤེས་ཐོག་འབྲེལ་བ་སྐྱོང་དགོས།
ང་ཚོས་བོད་པའི་ལོ་རྒྱུས་ནང་ལ་རྒྱལ་བ་རིན་པོ་ཆེ་གཡས་འཐེན་གཡོན་འཐེན་མང་པོ་བྱས་ནས་ཁོང་གི་ནུས་པ་དེ་ལ་སྐྱོན་མང་པོ་བཏང་འཚར་བ་རེད། ད་ཁོང་ལོ་ན་བརྒས་སྐབས་ཡང་བསྐྱར་བོད་པ་ཤོག་ཁག་གཉིས་ལ་འདེམ་ག་རྒྱབ་དགོས་བྱུང་ན་ཐུགས་ཤིན་དུ་སྐྱོ་པོ་རེད།
བྱས་ཙང་ཧོར་གཙང་མཆོག་གི་སྐུལ་སློང་ཡག་པོ་རེད་མོད། ཡིན་ནའི་ཐབས་ཤེས་དེ་ཡག་པོ་མིན་འདུག།
བྱས་ཙང་ཐབས་ཤེས་གསར་པ་ཞིག་འདོན་རོགས།
རྒྱ་མི་ལ་རང་བཙན་བ་དང་དབུ་མ་པ་དོམས་ཟེར་ན། གཉིས་ཀ་བདམ་གྱི་མ་རེད། ཁོས་གཉིས་ལ་རྩ་མེད་གཏོང་བའི་ཐབས་བྱེད་ཀྱི་རེད། དེ་ངེད་ཚོའི་དགྲ་ནག་དེའི་གཤིས་ཀ་རེད།
ཧོར་འཇིགས་ཀྱིས་ཅི་ཞིག་གླེང་བཞིན་པ་མི་ཚང་མས་ཇི་བཞིན་ཤེས་རྟོགས་ཡོད་ཚོད་ཅིག་མཐོང་མ་སོང་། མ་ཟད་ཧོར་འཇིགས་ལ་གདོང་གཏད་དུ་ལངས་རྒྱུའི་ཆེད་དུ་ཁ་ཤོབ་བམ་སྤོམ་བཤད་བཤད་མཁན་ཞེ་གཅིག་ཡིན་པའི་ཚོར་སྣང་ཡང་བྱུང་། བདེན་པ་རེད། མི་ལ་བསམ་བློ་གསར་བ་དགོས་པ་རེད། དེ་བཞིན་ལྟ་བ་གུ་ཡངས་དགོས་པ་ཡང་བདེན་པ་རེད། འོན་ཀྱང་དོན་དངོས་སམ་ལག་ལེན་གྱི་བར་ན་བསམ་བློ་དང་ལྟ་བ་གཉིས་ཀྱིས་རྒྱང་ཐག་ཆོད་པའི་ཉམས་མྱོང་ཡང་ཅིས་ཀྱང་གནད་འགག་ཆེས་གལ་ཆེན་ཞིག་མ་ཡིན་ནམ། ཁྱོད་ཚོ་ཚང་མས་བསམ་བློ་ཡག་པོ་ཐོངས།
གོང་གསལ་རྩོམ་ཡིག་ཚང་མ་ཀློག་ཐུབ་མ་སོང་ལ་ཧོར་གྱི་རྩོམ་ཡང་ཡོངས་རྫོགས་བལྟ་ཐུབ་མ་སོང་། ནམ་རྒྱུན་ངའི་གོ་ཐོས་ལ་ཧོར་འདི་ཆོས་ལུགས་ཁག་ནས་དགེ་ལུགས་པ། ཆོལ་ཁ་གསུམ་ནས་ཨ་མདོ། སྐྱེས་ཆེན་རྣམས་ལས་ཙོང་ཁ་པ་དང་རྒྱལ་བ་རིན་པོ་ཆེ་མ་གཏོགས་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མཁན་ཞིག་ཡིན་པར་གོ་མྱོང་ཡོད། རྩོམ་ཡིག་ལ་རོབ་བལྟས་བྱེད་དུས་བོད་མི་ཡོངས་ལ་ཕན་མདོགས་ཁ་པོ་ཞིག་འདུག་དེ་འདྲ་ཡིན་པར་སྨོན།
༄༅། །ལོ་རྒྱུས་སྨྲ་བ་སྐུ་ཞབས་ཧོར་གཙང་འཇིགས་མེད་ནས་པགས་རྩག་ཕྱིར་བཏང་སློག་པར་མཛད་པའི་དགོངས་འཆར་གནང་དུས། གླེང་མོལ་གྱི་ཆ་ཤས་ལེན་འདོད་བྱུང་། འཆར་སྣང་འདི་ཡུན་རིང་པོའི་དུས་ནས་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་སེམས་ནད་ཅིག་རེད། འོན་ཀྱང་བོད་ཀྱི་གནའ་སྲོལ་རྣམ་རྟོག་ངན་པ་སློང་མི་རུང་པའི་ལུགས་སྲོལ་འདིའི་འོག་སྦས་པ་ཞིག་རེད་མོད། འདས་པའི་མི་ལོ་ང་གཅིག་གི་བཙན་བྱོལ་ལོ་རྒྱུས་ནང་སེམས་ནང་སྦས་པའི་རྣམ་རྟོག་དང་དྲི་བ་འདི་ལོ་རེ་བཞིན་ཛ་དྲག་ཆེ་རུ་ཕྱིན་ཏེ་ད་ཆ་གླེང་མོལ་གྱི་སྟེག་བུའི་སྒང་དུ་མི་འདོད་བཞིན་བཙན་གྱིས་བཀྲམ་སྟོན་བྱས་པ་དང་། ཁ་མི་ཐེབ་བཞིན་གླེང་དགོས་བྱུང་བའི་དོན་གནད་འདི་ལོ་རྒྱུས་ཀྱི་རང་བཞིན་ཞིག་ཡིན་པ་ལས་མི་སྲིད་པའི་བྱ་བ་ཞིག་སྤྱིར་བོད་མི་རིགས་དང་ཡང་དགོས་བཙན་བྱོལ་གཞུང་དང་མི་མང་གི་མྱོང་བ་ཞིག་ག་ལ་ཡིན། འདི་ལ་བགྲེས་ཡོལ་ཆ་ཚང་ལ་ཕེབས་ན་ཞེས་པ་དང་འབྲེལ་པའི་དོན་གནད་ཁག་དང་། སྐུ་འཚོ་བཞུགས་མ་བྱུང་བའི་སྐབས་ཞེས་པ་དང་འབྲེལ་པའི་དོན་གནད་བཅས་གཉིས་སུ་འདུས་འདུག་ དོན་གནད་གཉིས་ཀར་བསམ་དུས་སེམས་ཚབ་མི་འབྱུང་བའི་བོད་མི་ཞིག་ཕལ་ཆེར་མེད་ལ། དེ་འདྲའི་དུས་སྐབས་གཉིས་པོའི་སྔོན་འགོག་གི་ཐབས་ཤེས་ནི་བརྟན་བཞུགས་ཕུལ་ཏེ་ཕྱིར་འགྱང་གི་ཐབས་ཙམ་མ་གཏོགས་གཏན་ནས་མི་འབྱུང་བའི་ཐབས་ཤེས་ནི་རང་ཅག་གི་ནུས་པའི་ར་བ་ལས་འགོངས་པས་བྱ་ཐབས་མེད། གལ་ཆེ་ཤོས་ནི་དོན་གནད་གཉིས་སྔ་ཕྱི་རིམ་པ་བཞིན་འབྱུང་རྒྱུ་དང་དེ་གཉིས་གང་གི་སྐབས་སུ་ཡང་རང་རེའི་མི་རིགས་ཀྱི་རྩ་དོན་འཇའ་ཚོན་ལྟར་ཡལ་མི་འགྲོ་བར་འཚོ་གནས་ཐུབ་པའི་ཐབས་ཚུལ་ནི་བགྲོ་གླེང་བྱེད་པའི་དགོས་པ་དང་གནད་དོན་གཙོ་བོ་ལོས་ཡིན། དང་པོ་བགྲེས་ཡོལ་ཆ་ཚང་དུ་ཕེབས་ཞེས་པའི་ཚིག་གི་གོ་དོན་འདི་འཚོལ་དགོས་པ་ཡིན། བགྲེས་ཡོལ་ཆ་ཚང་ལ་ཕེབས་རྒྱུ་ཞེས་པའི་སྐད་ཆ་བྱུང་རྩ་ནི་གོང་ས་མཆོག་རང་གི་གསུང་བཤད་ཅིག་ནས་ཐོན་པར་ངེས་ཤིང་། རང་ཅག་ལྟ་བུ་ཞིག་གིས་ཐད་གར་གོང་ས་མཆོག་ལ་གསུང་འདིའི་དོན་དག་གང་ཡིན་ཞེས་བཀའ་འདྲི་ཞུ་ཡང་མི་སྤོབས། ད་འོ་ན་ཅི་བྱེད་ཅེ་ན། མི་རྒན་གྱི་ཐང་ཚད་ཅེས་ཨ་མདོའི་འབྲོག་པའི་ཁ་སྐད་ཅིག་ཡོད་པ་བེད་སྤྱད་ན། དཔྱད་པ་དང་བགྲོ་གླེང་བྱེད་རྒྱུ་འདི་མ་གཏོགས་བཀོད་པ་མེད།་་ རང་རེའི་སེམས་ཁྲལ་འདིའི་སྣིད་དོན་གང་རེད་ཅེས་བསམ་དུས། འགག་མདོ་བོད་ཀྱི་རྩ་དོན་འདི་དང་དེའི་ལམ་བུ་བཙན་བྱོལ་གཞུང་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་འདི་མི་ཉམས་རྒྱུན་གནས་ཐུབ་མིན་གྱི་དྲི་བ་འདི་ཡིན་ངེས་རེད་སྙམ། བཙན་བྱོལ་གཞུང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞིར་དཀའ་ཁག་ནི་སྔར་ཡང་རིམ་པ་བྱུང་ཡོད་ལ་མའོངས་པར་ཡང་མུ་མཐུད་ནས་འབྱུང་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་རེད། སྐུ་འཚོ་བཞུགས་བགྲེས་ཡོལ་གྱི་སྐབས་ལྟ་བུར་མཚོན་ན་དཀའ་ཁག་དུ་མ་འབྱུང་སྲིད་པ་དང་ལྷག་པར་དུ་གལ་ཏེ་སྒྲོམ་གཞི་འཐོར་ཞིག་གི་ཉེན་ཁ་བྱུང་ཚེ་བགྲེས་ཡོལ་དུ་ཕེབས་ཡོད་པའི་གོང་ས་མཆོག་ལ་སྐབས་དེའི་འགན་ཁུར་ཡོད་པའི་བཙན་བྱོལ་གཞུང་གི་མི་སྣས་གོང་ས་མཆོག་གི་སྤྱན་སྔར་སྡུག་སྐད་རྒྱག་གི་རེད་ལ་མ་རྒྱབ་ན་འགྲིག་ཐབས་ཤིག་ཀ་ལ་ཡོད། སྡུག་སྐད་ཀྱི་འོ་དོད་འབོད་པའི་ཉིན་མོར་གོང་ས་མཆོག་གིིས་ང་ནི་རྒན་ཡོལ་ཆ་ཚང་ཐོབ་ཚར་པས་སྙན་གྱི་བུ་ག་གཏོད་ཀྱི་མིན་ཅེས་གསུང་གི་མ་རེད་སྙམ་པ་དང་། དེ་ལྟར་གནང་འོས་པ་ཡང་ག་ལ་ཡིན། དེ་ཡང་རྒྱུན་པར་གསུང་ཆོས་དང་བཀའ་སློབ་ཁག་ཏུ། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ཏེ།།འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་གསུངས་པ་ལྟར། དོན་ཐོག་ཏུ་གནས་པའི་ཐུགས་སྨོན་ཡིན་ངེས་སྙམས་པས་བཙན་བྱོལ་གཞུང་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཐུགས་འཁུར་བཞེས་པའི་ཡིད་ཆེས་རང་རེ་ཕལ་མོ་ཆེར་ཡོད་པ་དང་། དེ་བས་ལྷག་གྲོས་བསྡུར་བྱས་པའི་སྙིང་དོན་ལྕགས་དང་རྡོ་ལྟ་བུ་ཞིག་སུ་ལའང་འདོན་རྒྱུ་དཀའ་མོ་རེད། མི་ལོ་ལྔ་བཅུའི་ལོ་རྒྱུས་ལྡན་པའི་སྒྲིག་འཛུག་ཅིག་གོང་ས་མཆོག་གིས་བཙུགས་ཟིན་པ་དང་འདི་རྒྱུན་འཁྱོང་ཡོང་དང་མི་ཡོང་གོང་ས་མཆོག་ལ་རགས་ལུས་པ་ལས་ལྷག་ངེད་ཀྱི་བསམ་ན་བོད་མི་མང་ལ་རགས་ལུས་པ་ཡིན། དཔེར་ན་བཅོལ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བ་དང་ལུང་རྟོགས་ཀྱི་བསྟན་པ་གཉིས་ལྡན་གྱི་སངས་རྒྱས་ཀྱི་བསྟན་པ་གསར་གཏོད་མཛད་ཅིང་དེ་ནས་བཅོམ་ལྡན་འདས་རང་ཉིད་དགུང་གྲངས་གྱ་གཅིག་སྟེང་སྐུ་མྱ་ངན་ལས་འདས་ནས་བཟུང་སྐྱེན་ངན་ཆགས་སྒོ་མང་པོ་དག་བརྒྱུད་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ད་ལྟའི་བར་དུ་གནས་པ་གནས་དང་། མའོངས་པར་གནས་དང་མི་གནས་ཀྱི་གནད་དོན་གདུལ་བྱ་སེམས་ཅན་རང་ལ་རགས་ལུས་པ་བཞིན། བོད་མི་རིགས་ཀྱི་ཆེད་དུ་བཙུགས་པའི་སྒྲིག་འཛུག་འདིའང་གནས་དང་མི་གནས་བོད་མི་རིགས་རང་ལ་རགས་ལུས་པ་མ་གཏོགས་གོང་ས་མཆོག་ལ་ལས་བདལ་བྱེད་རྒྱུ་གཙོ་བོ་མིན།་ དེས་ན་རང་རེ་དྲ་རྒྱར་ཁ་བདའ་བྱེད་པོ་རྣམས་ཀྱིས་ཕན་ཚུན་ཟུར་ཟ་དང་ཚིག་མཚོན་འདེབས་པ་གལ་པོ་ཆེ་མིན་པ་དང་། དེ་བས་བློ་གཟུ་བོས་ཕན་ཚུན་བློ་སྒོ་འབྱེད་པ་དང་སེམས་གསོ་བྱེད་པ་འདི་དགའ་སྤྲོ་དང་དུ་བླངས་ནས་འཁུར་དུ་བཞེས་དགོས།
མཁས་པ་ཧོར་གཙང་འཇིགས་མེད་ལགས། ད་ལྟ་ཁྱེད་ཀྱི་རྩོམ་དེ་ཁ་བརྡའི་ཐོག་ཏུ་གཞི་ནས་མཐོང་བྱུང་། དེའི་འོག་མཆན་འདེབས་མཁན་མང་བས་ཀློག་ཁོམ་མ་བྱུང་མོད། མདའ་ཚན་པ་ལགས་ཀྱིས་གང་གསུང་བ་དེ་ལ་མིག་ལ་མིག་རྒྱག་གི་འཆར་སྒོ་ཞིག་ཡོད། རིན་འབྱུང་ལགས་ཀྱི་དགོངས་ཚུལ་དང་ཡང་མཐུན་སྲིད་པ་འདུག གཙོ་བོ་ཁྱེད་ཀྱིས་རྩོམ་དེའི་ནང་དུ་ཁྱེད་ཀྱིས་གསུང་ཚུལ་མང་པོ་ཞིག་བྱབ་ཆུང་གི་ངག་ཁོ་ནར་མཐོང་བ་ཡིན། གསལ་བཤད་རིང་པོ་དེ་མཐོང་སྐབས་དེ་བས་སྡུག་ཏུ་ཕྱིན་སོང་། བདག་གི་སེམས་སུ་མ་སོང་རྣམས་མི་ཚོས་བཤད་ཡོང་གི་འདུག་པས་ཞུ་དགོས་པ་མི་འདུག ངས་ཞུ་རྒྱུ་ནི་ཁྱེད་ཀྱིས་རྩོམ་དེ་མ་བྲིས་ཅི་མ་རུང་སྙམ།
ཧོར་ཚང་གི་གསུངས་རྩོམ་འདི་ཅིས་མི་བདེན། ཡག་གི ངོ་མ་ཡག་གི