སང་ཉིན་ཞི་བདེའི་ཉིན་མོ་རེད།
—–ཕ་ཡུལ་ལ་སྐད་བསྐུར་བ།
ལོ་ལེགས་བྱུང་ན་ང་ལ་ཅིག་བསྐུར་རོགས་ཞུ་སྟེ
ང་ནི་རྒྱ་གར་གྱི་བྱང་མཐའི་རི་ཁྲོད་འདི་ན་ཁང་བ་གླས་མ་ཞིག་ཏུ་ཡོད
མི་ལོ་ཉེར་གཅིག་གི་གཟེངས་རྟགས་ཤིག་གཟི་བརྗིད་དང་ལྡན་པར་ཡོད་ནའང
ཁྱོད་ཚོར་བསྐུར་ཆོག་པའི་སྦྲགས་ཁང་བཙལ་ཡང་མི་རྙེད་ཅིང
ཁྱོད་ཚོས་ཉར་ཆོག་པའི་རེ་བ་ཅི་ཡང་ཤར་རྒྱུ་མི་འདུག་ལགས
རྒྱ་གར་ནས་སྙན་ངག་འབྲི་བ།
སྲང་ལམ་ལ་ཉིན་རྒྱུན་ལས་མེད་དུ་འགྲོ་བའི་བུད་མེད་དེ
ཧ་ཅང་མཛེས་ཡང་ང་རང་ཞེད་ཀྱི་འདུག
སྲིད་འབུ་འཁྲུགས་ནད་ཀྱི་ཟབ་སྦྱོང་འདིས་སེམས་པ་བདེ་ཐབས་རང་མི་འདུག་ཀྱང
གླང་རྫིའི་དོར་མའི་གཟི་བརྗིད་ལ་སེམས་པ་བཅོལ་ཞིང
ཧ་ཅང་མང་ལ་སྤྲོ་སྣང་སྟེར་བའི་ཇ་ཁང་ཆང་ཁང་འགྲིམས་དུས
གཉེན་ཉེ་སྤུན་སུ་ཞིག་ཨ་རིའམ་གཞན་ན་ཡོད་པ་གོ་བར་འགྱུར་ཏེ
རྡ་སའི་ཚོར་ཟོག་རིན་གོང་ཧ་ཅང་ཆེ་བས་སོ
མཚན་གུང་གི་འབྲུག་སྒྲ་ཟབ་མོ།
གླུ་གཞས་ཀྱི་གོ་རིམ་འཆོལ་བ་ཡིན་ནམ
སྔུར་བའི་དབྱངས་འགྲོས་མཐུད་པ་ཡིན་ནམ
དགུན་གྱི་སྡོང་བོ་རླུང་གིས་རྡུང་བ་ཡིན་ནམ
སྒྲ་ཉིད་སྙན་པོ་མི་འདུག་སྟེ
རྣ་བ་བཀབ་ཀྱང་རྩྭ་ཐང་ཆེན་པོའི་འབྲུག་བཞིན་འཇིགས་སུ་རུང
ཡང་ཡང་ཉན་ཡང་ཅི་ཡང་མི་གོ་སྟེ
གླུ་གཞས་ཤིག་ཡིན་ནམ
ངུ་སྐད་ཅིག་ཡིན་ནམ
སྒྲ་ཡི་རྦ་རླབས་ནི་བོད་པ་བཟི་བོའི་ངར་སྐད་བཞིན་ཧ་ཅང་གསལ
རྣམ་གཞག་འཚོལ་བ།
ང་ཡིས་ཅི་ཡང་ཚོར་མ་ནུས་པ་མ་ལགས་ཏེ
ཚོར་ཆོག་པའི་འཇིག་རྟེན་གྱི་རྣམ་གཞག་ཅིག་ང་ལ་མ་ལྷག་པ་ག་རེ་རེད
བདེན་པ་ནི་བྱ་སྤུ་བཞིན་ཡང་མོ་ཡང་མོ་ཞིག་ཏུ་བཟོས་ཤིང
རྟེན་འབྱུང་ནི་རྒྱས་བཤད་ཡང་བཤད་ཀྱིས་ཤེས་ཡོན་ནས་ཤེས་བྱ་རུ་གྱུར་དུས
ད་དུང་ཅི་ཞིག་གི་རྣམ་བཞག་འཚོལ་དགོས་པ་རེད་ཨང
ང་ཡིས་བུད་མེད་ཅིག་གིས་རྟེན་འབྱུང་གི་རྣམ་བཞག་བརྗོད་པར་རྒྱུན་རིང་ཉན་ཏེ་ཡིད་སེམས་བཀུགས
ང་ཡིས་དགེ་སློང་ཅིག་གིས་བྱམས་བརྩེ་ཡི་རིན་ཐང་གསུངས་བར་ཉན་ཏེ་ཡིད་སྨོན་གྱི་ཤུགས་རིང་ཤོར
ང་ཡིས་རང་ཉིད་ཀྱིས་གང་གོ་བ་གཞན་ལ་བཤད་དེ་ཁ་ལྕེ་ལ་གཡོ་འགུལ་བསླབས
འོན་ཀྱང ཁོང་ཁྲོ་དང་ཁོང་ཁྲོ་འཐབས་པའི་གཡུལ་འཁྲུགས་ཀྱི་ངར་སྐད་བྲག་ཆར་འཁོར་ཞིང
དབུལ་ཕྱུག་གི་སྣང་བའི་ཁྲིད་པའི་གཡོག་ཕྲུག་གི་ངུ་སྐད་རྒྱུན་པར་ཐོས
ང་ཡིས་ཅི་ཡང་ཚོར་མ་ནུས་པ་མ་ལགས་ཏེ
ཚོར་ཆོག་པའི་འཇིག་རྟེན་གྱི་རྣམ་གཞག་ཅིག་ང་ལ་མ་ལྷག་པ་ག་རེ་རེད
ཟུར་བརྗོད། གུས་པོ་རང་གིས་སྙན་ངག་ཏུ་བཏགས་པ་འདི་དག་ནི་ཞི་བདེ་གཟེངས་རྟགས་ཉིན་མོ་སྲུང་བརྩི་རུ་འབུལ་མཚོན་དུ་ཕུལ་བ་དང་། གཞན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་༢༠༡༠་ཟླ་༡༢་ཚེས་༨ཉིན་གྱི་འཆད་ཁྲིད་ལ་བསུ་མ་དང་། དགའ་སྤྲོ་མཚོན་སླད་ཕུལ་བ་ལགས།
༢༠༡༠།༡༢།༩དགོང་མོ།