རྟ་ནག་སྐལ་བཟང་ལུང་རིགས།
____________དགུང་ལོ་དྲུག་ཅུར་སོན་པའི་ཨང་ཧྲན་སོའུ་ཅེ་ལ་ཕུལ་བ།
ཡ་གླིང་གི་ཆེས་བླ་ན་མེད་པའི་མཛེས་མ་སུ་རེད། དེ་དག་ནི་ཉི་ཧོང་དང་ལྷོ་ཁོ་རི་ཡའི་ཟློས་གར་ཁྲོད་ཀྱི་དེ་དག་སྟེ། ལྷ་ཡི་ཁང་བཟང་ལ་འགྲན་པའི་དབུས་ཀྱི་འདྲ་རིས་དེ་དག་ཡིན་ནམ། ཧོང་ཀོང་དང་ཐེ་ཝན་ན་གཟི་བརྗིད་དང་མཚན་སྙན་གྱིས་སྲུང་བའི་འཁྲབ་སྟོན་པ་དེ་དག་ཡིན་ནམ། ཡང་ན་རྒྱ་ནག་སྐམ་ས་ཆེན་མོ་རང་ཉིད་ཀྱིས་བསྐྱེད་དེ་འོང་བའི་ན་ཆུང་མཛེས་མ་དེ་དག་ཡིན། ཡང་ན་ཉི་ཧོང་གི་འདྲེན་མ་སྐད་གྲགས་ཅན་ཐིན་ཡོན་ཅེས་ཞང་། ཡང་ན་ཀོ་རི་ཡའི་མཛེས་མ་ཆོན་ཏྲི་ཞན། དེ་མིན་ན་ཧོང་ཀོང་གི་སྨན་ཤར་ཀྲང་མན་ཡེས། དེའང་མིན་ན་སྐམ་ས་ཆེན་མོའི་ཞོའུ་ཅན་ལེའེ་ཡིན་ནམ།
མིན། དེ་དག་ཚང་མ་མིན། བདག་གིས་གླེང་བཞིན་པའི“མཛེས་སྡུག”ནི་ཕྱི་རོལ་སྐྱེས་གཟུགས་ཀྱི་མཛེས་སྡུག་ཅིག་ཡེ་ནས་མིན་ཏེ། དེ་ལས་ཀྱང་འགངས་ཆེ་བའི་རྣམ་ཤེས་ཀྱི་མཛེས་སྡུག་ཅིག་དང་། སྙིང་སྟོབས་ཀྱི་མཛེས་སྡུག་ཅིག་ཡིན་པས་སོ།། ཉེ་ བའི་ཆར་བདག་གིས་དྲ་ཚིགས་ཁག་ཏུ་འབར་མའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་ཁྲིད་པ་ ཨང་ཧྲན་སོའུ་ཅེ་ཡིས་དམག་གཞུང་གི་དྲག་གནོན་ལ་ཟས་བཅད་ངོ་རྒོལ་བགྱིས་པའི་གསར་ འགྱུར་མཐོང་བ་དང་དུས་མཚུངས་སུ་ཁོང་གི་དྲིས་ལན་ཁག་ཀྱང་བཙལ་ནས་རྙེད་པ་བྱུང་ སོང་ངོ་།། ཨང་ཧྲན་སོའི་ཅེ། ཁོ་མོ་ནི་ད་གཟོད་ཡ་གླིང་གི་ཆེས་བླ་ན་མེད་པའི་མཛེས་མ་དེ་ཡིན་ནོ།། ཨང་ཧྲན་སོའུ་ཅེ། དེང་དུས་ཡ་གླིང་གི་ཆེས་རླབས་ཆེ་བའི་བྱང་ཆུབ་སེམས་མ་དེ་ཡིན་ལ། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་བོའང་དེ་ཡིན་ནོ།།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་སྤྱི་བསྒྲགས་ལས་འདི་ལྟར་བསྔགས་པ་བརྗོད་ནས་ཡོད་དེ། “ཁོ་མོའི་འཐབ་རྩོད་ནི་བགྲང་བྱ་བཅུ་ཕྲག་འགའི་རིང་དུ་ཡ་གླིང་མི་དམངས་ཀྱི་སླད་དུ་སྙིང་སྟོབས་ཕྱི་རུ་ལུད་པའི་བླ་མེད་ཀྱི་མཛད་རྗེས་ཤིག་སྟེ། མིག་དཔེར་བཟུང་འོས་པ་ཞིག་ཅིས་ཀྱང་ཡིན་ནོ།། ཁོ་མོས་བཙན་གནོན་སྡོམ་བཙུར་ལ་མོས་པ་དག་ལ་ཆེས་གལ་ཆེ་བའི་རྟགས་མཚན་ཞིག་གིས་ཁ་གཏད་བཅལ་ནས་ཡོད་དོ།།”
ཐེངས་འདིར་ཨང་ཧྲན་སོའི་ཅེ་ཡིས་དམག་གཞུང་གི་གནོན་ཤུགས་གཤམ་དུ་དཀའ་སྡུག་གང་ལའང་ཇི་མི་སྙམ་པར་འབར་མའི་མི་དམངས་ཀྱི་ཆེད་དུ་དང་། མུན་པའི་ཁྲོད་དུ་ན་ཟུག་གི་འཁུན་སྒྲ་འབྱིན་བཞིན་པའི་ཡ་གླིང་མི་དམངས་ཀྱི་ཆེད་དུ། ད་དུང་འཚོ་བ་དང་དམངས་གཙོའི་རང་དབང་ཡེ་ནས་མེད་པའི་རྒྱལ་ཁབ་དག་གི་མི་དམངས་ཀྱི་ཆེད་དུ་ཟས་བཅད་བགྱིས་སོང་ངོ་།།
ཁོ་མོས་རང་དབང་སྟོར་བའི་བྲན་གཡོག་གི་བུ་སྤུན་དག་བསྐྱབ་སྙམ་གྱི་འདུ་ཤེས་སྔོན་ནས་ཡོད་དེ། ཁོ་མོ་ནི་མ་གཞི་ནས་ནུབ་ཕྱོགས་ཀྱི་བླ་ན་མེད་པའི་འཚོ་བའི་སློབ་གཉེར་བ་ཞིག་ཡིན་པས་སོ།།
ཁོ་མོ་ནི་བཀྲེས་སྐོམ་གྱིས་གདུང་བའི་ཁྲོད་ན་ཐུབ་ཚོད་དང་བརྙས་སྨོད་མྱོང་བཞིན་པའི་མི་སེར་ཕལ་བ་དག་ལ་སྟོངས་གྲོགས་མཛད་པ་བོ་སྟེ། ཉམ་ཆུང་ཞི་དུལ་གྱིས་འཁྱིལ་བའི་སྟོན་དུས་ཀྱི་རྫིང་བུའི་རང་གཤིས་ཅན་གྱི་ཤར་ཕྱོགས་པའི་བུད་མེད་ཅིག་ཡིན་ནོ།།
རྩ་ ཐོར་དུ་ཕྱིན་ཚར་བའི་ཨ་ཧྥུའུ་ཧན་ཐ་ལེ་པན་སྲིད་དབང་དང་། དབྱི་རག་ས་ཏ་མོའུ་སྲིད་དབང་དང་མཚུངས་པར་འབར་མའི་དམག་གཞུང་ནི་དེང་དུས་ཀྱི་ འཛམ་གླིང་དུ་ཆེས་གདུག་རྩུབ་ཅན་དང་། མཁྲེགས་འཛིན་ཅན་ཏེ་སྲིད་དབང་སྒེར་གཅོད་ལ་གཅིག་ཏུ་དཔའ་བ་ཞིག་གོ།
འབར་མའི་དམག་དཔུང་གིས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོར་སྲིད་དབང་བཙན་གྱིས་ཕྲོགས་ཏེ། གློ་རྡེག་ཏུ་བཙན་དྲག་གི་ངང་ནས་གཅིག་གྱུར་སྲིད་དབང་སྒེར་གཅོད་རྩ་འཛུགས་བྱས་པའོ།། དམག་དཔུང་གིས་མངོན་སུམ་འཛེམས་མེད་ཀྱིས་འཚེ་བ་ནར་མར་བགྱིས། ཁོ་ཚོས་དབང་ཤུགས་བརྟན་པོར་བསྲུངས། ཅི་དང་གང་ལའང་བག་ཚ་བ་མེད་པར་འབར་མའི་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྟིང་ནས་བརླགས་ཏེ། གནའ་བོའི་ནང་བའི་རྒྱལ་ཁབ་དེ་ཉིད“དུད་འགྲོའི་གཞིས་ཀ”ཞིག་ཏུ་བསྒྱུར་སོང་ངོ་།།
འབར་མ་ནི་ཆེས་ཆུང་བའི་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དེ་ལྟ་ནའང་། གོ་མཚོན་རྣོ་བ་དང་མཁྲེགས་པ་ཐོགས་པའི་དམག་མི་རེ་རེ་ཡིས་རང་ཉིད“དམག་སྤྱི་ཆེན་མོ” རེ་ཡིན་བསམ་པའི་རང་རློམ་ཤིན་ཏུ་ཆེ་སྟེ། ཁོ་ཚོ་ཨ་ལ་པོ་པེ་ལེས་ཡ་རྒྱལ་ཁབ་ཀྱི་ཆེས་མཐོའི་སྣེ་ཁྲིད་པ་ཁ་ཏྲ་ཧྥེའི “དམག་སྤྱིའི་གོ་གནས”ལའང་ཡིད་སྨོན་མི་ཤོར་བའི་ཟོལ་དུ་ཡོད་དོ།།
གཅིག་ སྟོང་དགུ་བརྒྱ་གྱ་བརྒྱད་ལོར་འབར་མའི་མི་དམངས་ཀྱིས་དམང་གཞུང་ལ་ངོ་རྒོལ་རྔམ་ སྟོན་བྱེད་པའི་དུས་ཀྱི་ཚེ་ན། དམག་ཁག་དང་ཉེན་རྟོག་པར་ཡ་ང་བ་དང་བག་ཚ་བ་མེད་པར་དྲག་པོའི་ལས་སྤྱད་དེ་ཉེས་ མེད་ཀྱི་མི་སེར་ཕལ་བ་ཉིས་བརྒྱ་ལྷག་ཁྲག་དམར་བོའི་ནང་བསྒྱེལ་བཅུག་གོ།
འབར་མ་ནི་རྒྱལ་ཁབ་ཆུང་ལ་སྟོབས་ཤུགས་ཞན་པ་དེ་དང་། དཔལ་ འབྱོར་རྗེས་སུ་ལུས་པ་དེ་དང་། ཐོན་ཁུངས་དཀོན་པོ་ཡིན་པ་དེ་དང་། སའི་ཆགས་དབྱིབས་ཀྱི་ཆ་ནས་རྒྱང་རིང་ལུང་ཁུད་དུ་ཡིན་པས་ཡ་གླིང་གི་མཐའ་སྣེ་རུ་ གནས་པ་སྟེ། རྒྱུ་མཚན་དུ་མ་ཞིག་གིས་གནས་འདི་ཡི་མ་ཤེས་ཐབས་མེད་ཀྱི་དོན་རྐྱེན་ཅི་བྱུང་ཕྱི་རོལ་གྱི་ཁམས་སུ་ཤེས་རྟོགས་དཀའ་བ་དེས་སོ།།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེ་གྲས་དག་གི་སྨྱན་སྦྱོར་བ་དང་དེ་དག་གི་སྲིད་གཞུང་ཁག་གིས་ཀྱང་“མགོ་བདེ”ཡིས་ཕྱོགས་གཅིག་ལ་བལྟས་ཏེ། ཡ་གླིང་དབུས་ཁུལ་གྱི་དབུལ་ཕོངས་རྒྱལ་ཁབ་འདིའི་ཕྱོགས་ལ་མིག་བཙུམས་ནས་ཡོད་པའི་སྐབས་ཤིག་ལ། ཨང་ཧྲན་སོའུ་ཅེ་བརྟན་བརླིང་གིས་ཡར་འགྲེང་བྱུང་ངོ་།། ཨང་ཧྲན་སོའུ་ཅེ་ཡི་ཡབ་ཆེན་ཏེ་ཨང་ཧྲན་ནི་དམག་སྤྱི་ཆེན་མོ་ཞིག་སྟེ། དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་དམག་ཁག་གིས་འབར་མ་ལ་གཏུམ་དྲག་གཅིག་སྤྱོད་བགྱིས་པར་འགོག་རྒོལ་བྱས་ཤིང་། དམག་འཐབ་རྗེས་སུ་རྒྱུན་བསྲིངས་ནས་འཐབ་མོ་ན་རེ་བར་བགྱིས་སོ།། འབར་མའི་དམངས་ཁྲོད་དུ་ཁོང་གི་བླ་ན་མེད་པའི་མཚན་སྙན་གྱིས་རབ་ཏུ་འགེངས་པར་གྱུར་ཏེ། “འབར་མའི་རྒྱལ་ཡབ”ཞེས་ཆེད་དུ་བརྗོད་ཅིང་བསྟོད་པར་བྱེད་དོ།། གཅིག་ དགུ་ཞེ་བདུན་ལོ་སྟེ། འབར་མ་རང་བཙན་ཐོབ་པའི་ལོ་གཅིག་གི་སྔོན་དུ་ཆབ་སྲིད་ཁ་གཏད་པས་ཨང་ཧྲན་ལྐོག་ཏུ་ བཀུམས་སོང་ངོ་།། སྐབས་དེར་ཨང་ཧྲན་སོའུ་ཅེ་ལོ་ན་གཉིས་ཙམ་རེད་དོ།།
ཡབ་ཆེན་འདས་རྗེས། ཨང་ཧྲན་སོའི་ཅེ་ཡུམ་ཆེན་དང་ལྷན་དུ་རྒྱ་གར་དུ་བྱེས་སྡོད་བྱས། དེའི་རྗེས་སུ་དབྱིན་ཇིའི་ཉིག་ཅན་སློབ་གྲྭ་ཆེན་མོར་མཚན་ཉིད་རིག་པ་དང་། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ་བཅས་ལ་ཐོས་བསམ་མཛད། སློབ་ མཐར་ཕྱིན་རྗེས་སློབ་གླིང་དེ་གར་ལས་གནས་གཉེར། སྐབས་དེར་ཨང་ཧྲན་སོའུ་ཅེ་ཡིས་ཉུག་ཅན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨ་ལེས་ ཁི་ངོ་ཤེས་ཤིང་། རིང་བོ་མ་ལོན་པར་དེ་དང་གཉེན་བསྒྲིགས་པ་རེད་དོ།།
དེ་ལྟ་ནའང་། ཨང་ཧྲན་སོའི་ཅེ་སྤྱིར་བཏང་གི་ཁྱིམ་ཚང་ཞིག་གི་བདག་མོའམ་ཡང་ན། དཔེ་ཁང་ཞིག་གི་མཁས་དབང་དུ་འགྱུར་རྒྱུའི་ལས་སྐལ་ནི་ལོ་རྒྱུས་ཀྱི་ཁྲོད་དུ་མ་དམིགས་པ་ཡིན་ཏེ། ལས་དབང་གིས་ཁོ་མོར་བཀོད་འདེམས་གཞན་ཞིག་བགྱིས་འདུག་པས་སོ།། གཅིག་ དགུ་གྱ་བརྒྱད་ལོར་ཨང་ཧྲན་སོའུ་ཅེ་སྟེས་དབང་གིས་རང་རྒྱལ་དུ་བསླེབས་ཤིང་། ཐོག་མའི་འཆར་གཞི་ཡིན་ན་དུས་ཡུན་ཤིན་ཏུ་ནས་ཐུང་བ་ཞིག་ཏུ་མ་གཏོགས་འདུག་རྩིས་ ཡེ་མེད་པ་དེ་ལྟར་རོ།།
སུ་ དང་གང་གི་བློ་ཡུལ་དུ་མ་དྲན་པ་ཞིག་སྟེ། དུས་སྐབས་དེ་རང་དུ་འབར་མའི་མི་དམངས་དག་སྙིང་སྟོབས་ཀྱིས་ཡར་འགྲེང་ནས་དམག་ གཞུང་གི་གདུག་རྩུབ་དང་རུལ་སུངས་གཅིག་སྤྱོད་ལ་འགོག་རྒོལ་བྱས་སོང་བ་དེའོ།། མེ་མདའི་སྐད་སྒྲ་ཡོངས་སུ་ཁྱབ་ནས་བསླེབས་སོང་ངོ་།།
འདས་པའི་དུས་ཀྱི་དབྱིན་ཇིའི་དམངས་གནོད་པ་དང་། ཉི་ཧོང་གི་དམག་ཁག་ལ་བལྟས་ནའང་ཐུ་སྟེ། མིའི་ཚེ་སྲོག་ལ་རྩྭ་རུལ་གྱི་འདུ་ཤེས་ཀྱང་མེད་པར་རང་རྒྱལ་གྱི་དམག་ཁག་གིས་རང་གི་མི་སེར་ལ་མཚོན་ཆས་བརྡེགས་ཤིང་འཚོགས་ཤིང་བསད་པར་བྱས་སོ།།
“ངས་རང་གི་མེས་རྒྱལ་གྱི་པང་དུ་བྱུང་དང་འབྱུང་བཞིན་པ་ཡོད་ཚད་མཐོང་ཡང་མ་མཐོང་བའི་ཟོལ་དུ་བསྐྱུར་མ་ཕོད་དོ།།” ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ཡང་ཀོང(འབར་མའི་རྒྱལ་ས___སྒྱུར་མཆན)ཉེ་འདབས་ཀྱི་མི་ཁྲི་ཕྲག་དུ་མ་རེ་ཏི་ཀོང་གསེར་གྱི་མཆོད་རྟེོན་ཆེན་མོའི་ནུབ་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་འདུས་ཏེ། ཨང་ཧྲན་སོའུ་ཅེ་མཆོག་གིས་བསྒྲགས་གཏམ་སྤེལ་ཅིང་། གཏམ་བཤད་འདི་ནི་ཁོང་མོས་འདི་འདྲའི་མི་ཚོགས་ཀྱི་མདུན་ཐད་དུ་སྤེལ་བའི་བསྒྲགས་གཏམ་ཐོག་མའི་ཡང་ཐོག་མ་ཡིན་པའོ།། ཁོང་མོས་གངས་རི་ལྟར་དཀར་བའི་སྨད་ཤམ་རིང་མོ་ཞིག་མནབས་ནས་ཕེབས་བྱུང་། སྟོད་ལྷ་ཡུལ་ནས་འཕུར་ཏེ་འོང་བའི་ངང་དཀར་ཞིག་དང་ཇི་འདྲའི་མཚུངས་པ་ལ།
བློ་གཤོགས་ཆེ་ཞིང་ཡིད་སེམས་དཔའ་བའི་ངང་ཚུལ་དུ་བདོག་པ་དེ་དང་། གསུང་ཚངས་པའི་དབྱངས་ལྟར་འཇེབས་ཤིང་འབྲུག་གི་སྒྲ་བཞིན་བརྗིད་པ་དེ་དང་། ཚིག་ གི་སྦྱོར་བ་ཕུན་སུམ་ཡར་ལྡན་དུ་ཚོགས་པ་དེ་དག་གིས་ཐང་ཆེན་དུ་འདུས་པའི་མི་ ཚོགས་ཀྱི་དྲན་ངོར་ནམ་ཡང་བསྙེལ་དུ་མེད་པའི་བག་ཆགས་ཟབ་མོ་ཞིག་བརྐོས་བྱུང་བ་ དེའོ།། འབར་མའི་མི་དམངས་ཀྱིས་རྙེད་བྱུང་། ཁོ་བ་དག་གིས་ཡུན་རིང་བོར་རེ་བས་བསྒུགས་པའི་དབུ་ཁྲིད་ཀྱི་སྐུ་བལྟམས་པ་དེ་རྙེད་བྱུང་ངོ་།།
དུས་དེ་ནས་བཟུང་སྟེ་ཨང་ཧྲན་སོའུ་ཅེ་ཟུར་ནས་ལྟད་མོ་ལྟ་མཁན་ཞིག་ཏུ་ནམ་ཡང་མ་གྱུར་པ་ཡིན་ནོ།། དོན་དངོས་སུ་ཁོ་མོ་ཆབ་སྲིད་ལ་གདོད་ནས་ཡི་མི་རངས་པ་ཡིན་སྟེ། རྩོམ་པ་བོ་ཞིག་བྱ་བའི་འདུན་པ་ཤིན་ཏུ་ཟབ། “དེ་ལྟ་ནའང་། ལས་མཐའ་མ་འཁྱོལ་བ་ཞིག་བྱེད་མི་འདོད་དོ།།”
ཉེ་རབས་ནས་བཟུང་སྟེ་འབར་མའི་ལོ་རྒྱུས་ནི་སྐྱོ་བའི་ཟློས་གར་གྱི་འཁྲབ་ཚན་ཞིག་གོ། སྔོན་མའི་དམངས་གནོད་མཁན་དང་བསྡུར་ན་དེ་ལས་ཀྱང་བག་ཚ་བ་དང་འཇིགས་སུ་རུང་བ་ནི་རང་རྒྱལ་དམག་དཔུང་གི“བདག་ཉིད་དམངས་གནོད་ལམ་ལུགས”ཡིན་ནོ།།
དམག་གཞུང་གིས་དྲག་སྤྱོད་དང་འཇིགས་སྣང་སྤྲད་དེ་འབར་མའི་མི་དམངས་དག་རང་ཉིད་ཀྱི“མི་གཏའ”རུ་བསྒྱུར་པ་ཡིན་ལ། འདི་ནི་དེ་ལས་ཀྱང་ཁ་ཐུག་ཡིན་པའི“རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་པའི”རིགས་ཤིག་ཡིན་ནོ།། ཨང་ཧྲན་སོའུ་ཅེ་མཆོག་གི་ཤེས་ཚོར་སྐྱེན་པོ་དེས་འབར་མའི་སྐྱོ་གར་གྱི་འབྱུང་ཁུངས་རྙེད་ནས་ཡོད་དེ། “དབང་སྡོམ་རིང་ལུགས་ནི་བཀུར་ཞིང་ཞེད་དགོས་པའི་འཇིགས་སྐུལ་དང་གཏུམ་སྤྱོད་ཀྱི་གཞི་རྩའི་རྒྱུད་རིམ་ཞིག་གི་སྟེང་དུ་བཙུགས་ཡོད་ཅིང་། དུས་ ཡུན་རིང་བོར་བརྒྱུད་རིམ་འདིའི་ཁྲོད་དུ་འཚོ་མཁན་གྱི་མི་དག་གོ་མེད་ཚོར་མེད་ ཀྱི་ངང་ནས་བརྒྱུད་རིམ་འདིའི་གྲུབ་ཆ་ཞིག་ཏུ་གྱུར་འགྲོ་བ་རེད། འཇིགས་སྐུལ་ནི་གནག་སེམས་ཤིན་ཏུ་ཆེ་བ་ཞིག་སྟེ། དེ་ཡིས་སླ་ཐབས་ཀྱི་སྒོ་ནས་མི་ཞིག་གི་འཚོ་བ་དང་། འཚོ་གནས། གོམས་གཤིས་ཡོད་ཚད་རང་ཉིད་ཀྱི་གྲུབ་ཆ་ཞིག་ཏུ་ཆགས་སུ་འཇུག་པ་དེའོ། །”
འདིའི་རིགས་ལ་འགྱུར་བ་གཏོང་དགོས་ཏེ། “རྣམ་ཤེས་ལ་རྨ་ཁ་བཟོ་བ”སླ་ཐབས་ཀྱི་ལས་ཀ་ཞིག་ཡེ་ནས་མིན་པས། ཨང་ཧྲན་སོའུ་ཅེ་ཡིས་འདི་ལྟར་སྙམ། ཐབས་ཤེས་ཉག་གཅིག་ནི“བསམ་བློ་གཏིང་ཟབ་པའི་ལས་ཞུགས་པ་ཞིག་བྱས་ཏེ། གོམས་སྲོལ་གྱི་བྱེད་ཐབས་མང་བོ་ཞིག་གཞོམ་པར་མཛད་རྒྱུ་དེ་དང་། སྐྱུག་བྲོ་བའི་ཚུལ་འཆོས་གྱི་ཟོལ་ཟོག་དེ་དག་བབ་ཆགས་བརྟན་བརླིང་གི་མི་ཚེ་དང་མཉམ་དུ་བདོག་པ་འཇིག་པར་མཛད་རྒྱུ་དེའོ།།”
དུས་དེ་ནས་བཟུང་ཞི་ཞིང་དུལ་ལ་གཟུགས་གཞི་ཞན་པའི་ཟ་མ་མོ་འདི་ཉིད་དམག་གཞུང་གི་མིག་གི་ཚེར་མ་ལྟ་བུའི་མི་སྣ་ཞིག་ཏུ་གྱུར་སོང་བའོ།། ཁོ་མོ་ལ་དབང་ཆས་དབེན། ནོར་གྱིས་སྟོངས། དཔོན་སས་ཟད་ནའང་བདོག་པ་གཅིག་རང་ཡོད་དེ། དེ་ནི་འབར་མའི་མི་དམངས་ཀྱི་སེམས་ཡིན་ནོ།། ཁོ་ མོས་མཐར་ཐུག་གི་གནས་ལུགས་ཤིག་རྟོགས་ནས་ཡོད་དེ། གནོད་ལན་གནོད་ཀྱིས་གཞལ་བའི་བྱེད་ཐབས་འདིས་ནི་རྒྱལ་ནང་གི་འཇིག་ཉེན་དག་ཡེ་ནས་ བསལ་ཐབས་བྲལ་བ་དེ་ག་ཡིན་ལ། ཕྱི་ ཚུལ་ནས་བལྟས་ནས་དྲག་སྤྱོད་ལ་འབྲས་བུ་ཞིག་ཡོད་པ་འདྲ་འདྲ་ཡང་དོན་དངོས་སྟེང་ བྱེད་ཐབས་འདི་ནི་རང་ཉིད་ཀྱང་དམག་གཞུང་དང་ལྷན་དུ་རུལ་སུངས་ཀྱི་ཕྱོགས་ལ་སྤོས་ པ་དང་གཅིག་ཏུ་མཚུངས་པ་དེའོ།།
༼རང་དབང༽ཞེས་པར་ཨང་ཧྲན་སོའུ་ཅེ་ཡིས་འདི་ལྟར་བསྙད་དེ། “མི་ཁ་ཤས་བསྒྱུར་བཅོས་བྱ་བ་ནི་ཁོ་ཚོར་བདམ་ང་གཞན་མེད་པས་ཡིན། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་རྙིང་པ་དང་། ལ་ཏིང་མེ་གླིང་གི་དམག་དོན་སྲིད་དབང་སྒེར་གཅོད་གྱི་སྒེར་གཅོད་དབང་བསྒྱུར་ལག་ལེན་ལ་འགྱུར་ལྡོག་ཕྱིན་པའི་སྐབས་དེར། ཁོང་ཚོས་འགྱུར་ལྡོག་དེ་ནི་དུས་ཀུན་གཡོལ་དུ་མེད་པ་ཞིག་ཡིན་པའི་ངེས་ཤེས་འདྲོངས་པ་སྟེ། དེ་ནི་བདམ་ན་འོས་པའི་ཆེས་ཕུལ་བྱུང་གི་ལམ་བུ་ཞིག་ཡིན་པ་དེའོ།། བདག་གིས་འདི་ལྟར་བཤད་ན་འདོད་དེ། དཀྱེལ་ཡངས། བྱམས་བརྩེ། དྲང་བདེན། དགའ་ཞེན་བཅས་ནས་བརྒྱུད་དེ་འོང་བའི་འགྱུར་བ་དེ་ནི་འགྱུར་བ་དངོས་གནས་པ་དེ་ཡིན་ནོ།།”
གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོའི་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ཨང་ཧྲན་སོའུ་ཅེ་ཡིས་རང་ཉིད་ཀྱིའམ་ཡང་ན། འབར་མའི་མི་དམངས་ཀྱི་སྲིད་ཏང་སྟེ“འབར་མ་རྒྱལ་སྤྱིའི་དམངས་གཙོ་མནའ་འབྲེལ”བཙུགས་ཤིང་། སྤྱི་ཁྱབ་དྲུང་ཡིག་པའི་ཐུགས་འགན་བཞེས། དམངས་གཙོ་མནའ་འབྲེལ་གློ་རྡེག་ཏུ་འཕེལ་རྒྱས་རྒྱ་ཆེ་བ་བྱུང་སྟེ་འབར་མ་རྒྱལ་ཡོངས་ཀྱི་ཕྱོགས་འགལ་ཏང་ཤོག་ཅིག་ཏུ་གྲུབ་བོ།།
སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོའི་ཟླ་བདུན་པའི་ཚེས་ཉི་ཤུར་དམག་གཞུང་གིས་ ཟིང་སློང་ངན་སྐུལ་བའི་ཉེས་མིང་བསྙད་དེ་ཨང་ཧྲན་སོའུ་ཅེ་དངོས་སུ་འཇམ་བཀག་བྱས་ སོ།།
ལུས་པོ་ཤེ་མུན་དུ་བཙུད་ཀྱང་འགོག་ཏུ་མེད་པའི་རྣམ་ཤེས་ཀྱིས་འཕུར་སྐྱོད་བྱེད་བཞིན་ཡོད་དོ།། དམག་གཞུང་གིས་གླེན་རྟགས་ཀྱི་བྱེད་ཐབས་འདི་ལྟར་སྤྱད་དེ་ཨང་ཧྲན་སོའུ་ཅེ་གང་ཉིད་རིན་མེད་ཀྱིས“འདེམས་གྲོགས་མཁན”ཞིག་ཏུ་བསྒྱུར་བའི་ལས་བརྩམས་པ་རེད། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་ཟླ་ལྔ་བར་འབར་མའི་འོས་འདེམས་ཆེན་མོ་བསྡུས་ཤིང་། གྲོས་ཚོགས་བཞི་བརྒྱ་དགུ་བཅུ་གོ་ལྔ་ཡི་ཚོགས་གྲལ་དུ་སུམ་བརྒྱ་གོ་གཉིས་ཀྱི་འོས་ཤོག་ཐོབ་པས་དམངས་གཙོ་མནའ་འབྲེལ་རབ་ཏུ་རྒྱལ་བར་གྱུར་ཏོ།།
དེ་བས། དངངས་འཚབ་ཀྱིས་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་དམག་གཞུང་གིས་འོས་འདེམས་ཆེན་མོའི་མཇུག་འབྲས་ཁས་མི་འཆེས་པ་ཙམ་དུ་མ་ཟད། དམངས་ གཙོ་མནའ་འབྲེལ་ནི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཡིན་ཚུལ་སྤྱི་བསྒྲགས་ བགྱིས་ཏེ་ཨང་ཧྲན་སོའུ་ཅེ་གང་ཉིད་རྒྱུན་བསྲིངས་ནས་བཀག་སྐྱིལ་བྱས་སོ།། དམག་ཁག་གིས“རྒྱལ་ཁབ་བསྐྱར་གསོའི་ཁྲིམས་ལུགས་དང་སྒྲིག་གཞི་ཨུ་ཡོན་ལྷན་ཚོགས”རྩ་འཛུགས་བགྱིས་ཏེ་སྲིད་དོན་གྱི་དབང་ཆ་དམ་དུ་བཅངས། སླད་མར“རྒྱལ་ཁབ་ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཚོགས”ཞེས་སྔ་མའི་མིང་བརྗེས་ནས་མིང་བླ་དྭགས་སུ་བསྙད་དོ།། མ་བསམ་པ་ཞིག་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་གཞི། ཞི་བདེ་དང་འཕེལ་རྒྱས་ཀྱི་དགྲ་བོ་ཆེ་ཤོས་ནི་རྩུབ་སྤྱོད་སྒེར་གཅོད་ཀྱི་དམག་མི་རང་ཉིད་ཡིན་པ་དེའོ།། ཁོ་ཚོས་མི་སྒེར་གྱི་ཧམ་སེམས་དང་འདོད་བརྐམ་གྱི་སླད་དུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་གཞི་གཏོར་ཞིང་བརླགས་ལ། ཞི་བདེ་དང་འཕེལ་རྒྱས་བསྡམས་ཤིང་བཅིངས་སོ།། ཁོ་པ་ཚོས་ཁྲིམས་མཐུན་རང་བཞིན་གྱི་དབང་བསྒྱུར་སྔོན་མ་ནས་བརླགས་ཤིང་སྟོར་ནས་ཡོད་ལ། སྲིད་དབང་གིས་ཀླ་ཀློའི་གཏུམ་དྲག་སྤྱད་ནས་མི་དམངས་ལ་འཇིགས་ཞེད་བསླངས་དོན་ནི་འགྱེད་ལ་ཉེ་བའི་དབང་ཤུགས་ནར་མར་སྐྱོང་བའི་སླད་དུའོ།།
སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གོ་དགུའི་ཟླ་བ་གསུམ་པའི་ཚེས་ཉེར་བདུན་ཉིན་ཨང་ཧྲན་ སོའུ་ཅེ་ཡི་ཁྱོ་བོ་འབྲས་སྐྲན་གྱིས་གཙེས་ཏེ་ལོན་ཏོན་དུ་ལྔ་ལམ་ལ་དེངས་སོ།། ཁོང་གིས་འབར་མའི་གཞུང་ལ་ཆེས་མཐའ་མཇུག་གི་ཚེ་སྲོག་སྐད་ཅིག་མ་འདི་ལ་ཟླ་མོ་དང་འཕྲད་ཆོག་པའི་རེ་བ་ཞུས་ཀྱང་། སྒེར་སྤྱོད་པས་གཏན་ནས་ཁས་འཆེས་མི་འདུག་གོ། སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཡེ་ཤུའི་འཁྲུངས་སྐར་དུས་སུ་རང་ཉིད་ཀྱི་ ཟླ་མོ་དང་འཕྲད་པའི་རྗེས་སུ་ཡང་བསྐྱར་ཁོ་མོ་དང་ལྷན་འཛོམས་ཀྱི་སྐལ་བ་ཡེ་ནས་མ་ བྱུང་བ་དེའོ།།
ཁོ་རང་ཁེར་རྐྱང་གིས་བཞུད་སོང་། དེ་ ལྟ་ནའང་ཁོང་གིས་རང་ཉིད་ཀྱི་ཟླ་མོས་ཅི་བྱས་ལ་བཟོད་སྒོམ་དང་བློ་ཡངས་བྱེད་པ་ ཡིན་ཏེ། ཁོ་མོ་དང་མཉམ་དུ་ཆེས་ལྕི་བའི་སྡུག་བསྔལ་གྱི་རྡོག་ཁྲེས་ཁུར་དུ་བསྣམས་མྱོང་ བས་སོ།། ཁྱོ་བོ་གཞན་དུ་གཤེགས་པའི་སྐད་ངན་དེ་ཨང་ཧྲན་སོའུ་ཅེ་ཁྲི་མུན་དུ་སྡོད་པའི་ཚེ་ན་འབྱོར་བས་སེམས་སྡུག་ཚད་ལས་བརྒལ་བ་བྱུང་ངོ་།། དམག་གཞུང་གིས་བུ་གཉིས་དང་ལྷན་དུ་དབྱིན་ཇིར་འགྲོ་བའི་སྐུལ་མ་བགྱིས་སོང་། དེ་ལྟ་ནའང་ཁོང་མོས་རྟོགས་ཡོད་པ་སྟེ། རང་ཉིད་མེས་རྒྱལ་དང་ཁ་བྲལ་རྗེས་ཡང་བསྐྱར་ཕྱིར་ལྡོག་མི་ཐུབ་པ་དེའོ།། ཁོང་མོས་ཉིན་ཐོའི་ངོས་སུ་འདི་ལྟར་བྲིས་འདུག “བདག་གི་ཁྱིམ་ཚང་གི་གྱེས་བྲལ་འདི་འབར་མའི་རང་དབང་བརྩོན་ལེན་སླད་དུ་ངེས་པར་དུ་དབུལ་འོས་པའི་རིན་ཐང་ཞིག་གོ།།”
ཉིན་རེར་དམངས་གཙོ་ཅན་དུ་འགྱུར་བའི“རྦ་རླབས་ཐེངས་གསུམ་པ”པའི་རླབས་ཀྱིས་བརྡེགས་པས། ཡ་གླིང་གི་ངོས་གཅིག་ཏུ་དམངས་གཙོའི་འདུ་ཤེས་ཉིད་ག་ལེར་བྱས་ནས་མི་སེམས་ཀྱི་གཏིང་རུམ་དུ་འཛུལ་ཞིང་། ཕྱོགས་གཞན་ཞིག་ཏུ་ཆབ་སྲིད་སྲིད་ཚོང་བའི་རོལ་རྩེད་ཅན་དུའང་འགྱུར་བཞིན་ཡོད་དོ།། ཡ་གླིང་དུ་རང་ཉིད་རླབས་ཆེ་བའི་ཆབ་སྲིད་པ་བདོག་གམ།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ཀྱི་རྗེས་སུ། ཨང་ཧྲན་སོའུ་ཅེ་ཡི་སྲིད་ཏང་དེ་ཉིད་ཁྲིམས་འགལ་ཞིག་ཏུ་སྤྱི་བསྒྲགས་བྱས་ཏེ། ཨང་ ཧྲན་སོའུ་ཅེ་རང་ཉིད་ཀྱི་དུས་ཚོད་ཕལ་ཆེར་ཁྲི་མུན་དུ་བསྐྱལ་དགོས་བྱུང་བ་རེད། ཉིས་སྟོང་གསུམ་ལོའི་དཔྱིད་ཀར་སྐད་ཅིག་མ་གཅིག་གི་རིང་ཐད་དུ་གློད་པ་ཐོབ། ཡུན་རིང་མ་སོང་བར་དམག་གཞུང་གིས་ཡང་བསྐྱར“བདེ་འཇགས་ཀྱི་རྒྱུ་རྐྱེན”ལ་ཁ་གཡར་ནས་སླར་ཡང་ཁོ་མོའི་རང་དབང་བཙན་འཕྲོག་བྱས་སོང་ངོ་།།
དེ་ལྟར་ཡིན་ནའང་། ཨང་ཧྲན་སོའུ་ཅེ་དེང་དུས་ཡ་གླིང་དུ་ཆེས་གླེང་རིན་བདོག་པའི་སྟོབས་ཤུགས་ཤིག་སྟེ། ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་འགྲོ་བའི་ཆབ་སྲིད་དབུ་ཁྲིད་ཅིག་དང་། བསམ་བློའི་གཙོ་ཁྲིད་པ་ཞིག་ཏུ་གྱུར་སོང་ངོ་།།
ཨང་ཧྲན་སོའུ་ཅེ་ལ་བདོག་པ་གཅིག་ནི། “དབང་ཆས་སྟོངས་པའི་སྟོབས་ཤུགས”དེའོ།། སྲིད་དབང་སྒེར་གཅོད་པ་རེ་འགས་ལག་ཏུ་རྡུལ་ཕྲན་འབར་མདེལ་གྱི་དམར་འོད་གཅུས་སྒོ་ཚོད་འཛིན་རེ་བཟུང་ནས་ཡོད་ཅིང་། དེ་ལ་སྐར་མ་འགའི་ནང་དུ་འཇིག་རྟེན་རྡུལ་ཕྲན་བཞིན་བརླགས་པའི་ནུས་པ་ལྡན་པའོ།། དེ་ལྟ་ནའང་། ཨང་ཧྲན་སོའུ་ཅེ་ལ་མངའ་བ་ནི་ཕལ་ཆེར་སུས་ཀྱང་མཐོང་མི་ཐུབ་པའི“གདུང་སེམས་མཉམ་སྐྱེད་དང་། བརྩེ་བ་ཟབ་མོ”དེའོ།། ཁོ་མོ་དངོས་གནས“གདུང་སེམས་མཉམ་སྐྱེད་དང་། བརྩེ་བ་ཟབ་མོ”ལ་བསྙེས་པས་འབར་མའི་མི་དམངས་ཀྱི་དད་གུས་དང་། འཛམ་གླིང་མི་དམངས་ཀྱི་གུས་ཞབས་ཐོབ་པ་ཡིན་ནོ།།
ཁོ་མོས་ཚད་མཐོ་བའི་ཆོས་ལུགས་ཀྱི་ཞིབ་འཇུག་དེས་ཆབ་སྲིད་གསེད་དགྲོལ་བྱ་སྟེ “ང་ཚོ་ལ་རབ་དང་ཕུལ་ཏུ་ཕྱིན་པའི་དམངས་གཙོའི་ཆབ་སྲིད་ངེས་པར་དུ་དགོས་ན། གདུང་སེམས་མཉམ་སྐྱེད་དང་། བརྩེ་བ་ཆེན་མོ་ཡི་ཆབ་སྲིད་ཡོད་པ་ཡིན། གདུང་སེམས་མཉམ་སྐྱེད་དང་། བརྩེ་བ་ཆེན་མོ་ཡི་རིན་ཐང་ལས་ཆབ་སྲིད་ཀྱི་ཕྱོགས་གཅིག་གྲུབ་པ་ནི་སྨོས་ཅི་དགོས་ཏེ། དཀྱེལ་ཡངས་བཟོད་སྒོམ་དང་ཞི་དུལ་བག་ཡོད་ནི་ཆབ་སྲིད་ཀྱི་དོན་སྙིང་ཡིན་པས་སོ།། གསར་འགོད་པ་ཞིག་གིས་བདག་ལ་འདྲི་རྒྱུར། ‘ཁྱེད་ཀྱིས་མི་གཞན་དང་ལྷན་དུ་བསམ་ཚུལ་སྤེལ་རེས་ཀྱི་དུས་སུ་ནམ་ཡིན་ཡང་ཆོས་ལུགས་ཀྱི་ཕྱོགས་ནས་མང་བོ་གླེང་གིན་འདུག རྒྱུ་མཚན་ཅིའི་ཕྱིར་དུ།’ བདག་གིས་ལན་ལྡོན་པ་སྟེ། ‘ཆབ་སྲིད་ནི་མི་ཡི་ཆེད་དུ་ཡིན་པས། བདག་ནི་མི་དང་མིའི་བླ་སྲོག་གི་རིན་ཐང་དང་ཁ་བྲལ་བར་མི་ནུས་པ་དེས་སོ།།’”
གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར། ཨང་ཧྲན་སོའུ་ཅེ་ལ་ཆེས་བླ་ན་མ་མཆིས་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་སོང་ངོ་།། དེ་ལྟ་ནའང་ཁོ་མོ་རང་ཉིད་དངོས་སུ་ནོར་ཝེ་རུ་ཕེབས་ནས་གཟེངས་རྟགས་ལེན་པའི་སྐལ་བ་ཅིས་ཀྱང་མེད་སོང་བ་ཡིན་པས། བུ་ཡིས་མ་ཡི་ཚབ་བགྱིས་ཏེ་ཐུགས་རྗེ་ཆེའོ་ཞུ་བའི་གཏམ་ལན་སྤྱི་བསྒྲགས་མཛད། ཐུགས་རྗེ་ཆེ་ཞུ་བའི་གཏམ་ལན་ཁྲོད་དུ་ཨང་ཧྲན་སོའུ་ཅེ་ཡི་ལེགས་བཤད་ལུང་འདྲེན་བྱས་ནས་ཡོད་དེ། “’འབར་མའི་རང་དབང་གི་རེ་སྨོན་འདི་ནི། རྒྱལ་ དམངས་དག་འཛམ་གླིང་ཁྱིམ་ཚང་ཆེན་མོའི་རང་དབང་འདྲ་མཉམ་གྱི་ཁོངས་མི་འགྱུར་བའི་ ཆེད་དུ་ཡིན། ཕྱོགས་གང་ཐད་ནས་འཐུས་སྒོ་ཚང་བ་དང་། ནང་དོན་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་གི་སླད་དུ་བགྱིད་པའི་འཐབ་རྩོད་ཡིན། མིའི་རིགས་ཀྱི་དཀའ་སྤྱད་ཀྱི་ཆ་ཤས་སུ་གྲུབ་པའི་རེ་སྨོན་དང་འཐབ་རྩོད་འདི་ཚེ་ཚེ་རབས་སུ་མཚམས་གཞག་རྒྱུ་མི་སྲིད་དེ། མིའི་བསམ་བློ་ནི་གདོད་མ་ནས་ཉེས་པ་ཕྲ་མོ་ལས་བརྒལ་ཐུབ་ངེས་ཀྱི་ནུས་པ་ཡོད་པའི་དཔང་བོ་ཡོད་པ་དེས་སོ།། ”
ཨང་ཧྲན་སོའུ་ཅེ་སྐུ་དངོས་སུ་གཟེངས་རྟགས་ལེན་པར་ཅིས་ཀྱང་ཕེབས་མི་ཐུབ་པའི་སྐོར་ལ། ནོ་སྦེལ་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧྥོའུ་ལན་ཞིས་སི.ཟེ་ཡེ་ཐེ་ཏཱི་མཆོག་གིས་བསྙེལ་གསོ་འདི་ལྟར་མཛད་དེ། ལོ་རྒྱུས་ཀྱི་ཁྲོད་དུ་ལས་དབང་གཅིག་མཚུངས་ཡིན་པའི་ནོ་སྦེལ་གཟེངས་རྟགས་ཐོབ་པ་བོ་གསུམ་ཞིག་ཡོད་དེ། འཇར་མན་གྱི་ཁཱ་ཨར. ཕེན་ཨོ་ཞིས་ཨེ་ཚི་ཅེས། རཱ་ཤི་ཡའི་ས་ཧཱ་ལོ་ཧྥོའུ་དང་། ཕོ་ལན་གྱི་ཝ་ཝིན་ཟ་བཅས་སོ།། ཁཱ་ཨར. ཕེན. ཨོ་ ཞིས་ཨེ་ཚི་ཅེས་ནི་ནཱ་ཙི་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་བགྱིས་པའི་དཔའ་བོ་ སྟེ། ཁོང་ལ་ཐོབ་པའི་གཟེངས་རྟགས་དེ་ནི་འགྲོ་བོ་མིའི་ཐོབ་ཐང་གི་ཆེད་དུ་བསྟབས་པའི་ ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་སྔ་བའི་སྔ་བ་ཞིག་གོ།། ཁོང་གི་བླ་ན་མེད་པའི་གཟི་བརྗིད་དེ་ལྟར་འཕགས་སོང་ནའང་། ཡིད་ སྐྱོ་ཞིང་ཡ་ང་བའི་གནས་སྟངས་དེ་ལས་དུས་གཏན་དུ་ཐར་ཐུབ་མེད་དེ། ཁོང་གིས་ཤི་ཐི་ལིའི་གཅིག་བསྡུས་བཙོན་ར་རུ་སྲོག་གི་ལྷག་མ་སྟོར་བ་ཡིན་ནོ།།
དེ་ལྟ་ནའང་། ས་ཧ་ལོ་ཧྥོའུ་དང་ཝ་ཝིན་ས་གཉིས་ཀྱིས་ཁོང་ཅག་གི་འཐབ་རྩོད་ཀྱི་རྒྱལ་ཁ་མིག་གིས་མཐོང་ནས་ཡོད། ཆེས་མཐའ་མཇུག་ཏུ་ཐོབ་པའི་མེས་རྒྱལ་གྱི་རང་དབང་དང་དམངས་གཙོ་སྤྱན་གྱིས་གཟིགས་ཐུབ་སོང་བ་དེའོ།།
དེར་བརྟེན། ནོ་སྦེལ་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧྥོའུ་ལན་ཞིས་སི. ཟེ་ཡེ་ཐེ་ཏཱི་མཆོག་གིས་སྨོན་འདུན་འདི་ལྟར་ཞུས་ནས་ཡོད་དེ། “ཨང་ཧྲན་སོའུ་ཅེ་ཡི་འཐབ་རྩོད་འདིས་ཀྱང་ཉིད་ལ་མེ་ཏོག་གི་དབུ་ཞྭ་ཞིག་བསྒྲོན་ཡོང་བར་ང་ཚོས་སྨོན་འདུན་ཞུ་བཞིན་ཡོད།”ཞེས་པའོ།།
དུས་དེ་ནས་བཟུང་དལ་ཞིང་རིང་བའི་ལོ་ཡི་འཁོར་ལོ་བཅུ་གསུམ་སླར་ཡང་འཁོར་སོང་ངོ་།། ཨང་ཧྲན་སོའུ་ཅེ་དགུང་ལོ་རེ་དགུར་བསླེབས། དཔལ་འབྱོར་གྱི་དཀའ་སྡུག་དང་། འགྲོ་ མིའི་ཐོབ་ཐང་གི་གནས་སྟངས་ཡ་ང་བ་དེ་དག་གི་ཁྲོད་དུ་འབར་མ་སྔར་བཞིན་འབར་མ་རེད། དམག་མིའི་གནམ་གྲུ་གཉིས་ལ་ཆག་སྒོ་ཚབས་ཆེན་བྱུང་སོང་བས། ཕྱི་རྫིག་ནང་རུལ་གྱི་དམག་གཞུང་གིས་ངོ་བོའི་ཆ་ནས“བཅོས་བསྒྱུར” མི་བྱ་ཐབས་མེད་དུ་གྱུར་སོང་ངོ་།།
རང་དབང་གི་སླད་དུ་རང་དབང་སྟོར་བ་ནི་མིའི་རིགས་ཀྱི་རང་དབང་འཚོལ་སྙེག་གི་ལོ་རྒྱུས་ཁྲོད་དུ་གསེད་དགྲོལ་དཀའ་བ་ཞིག་གོ།། མེས་རྒྱལ་དུ་ལོག་ནས་ལོ་ངོ་བཅུ་དྲུག་འཁོར་སོང་ལ། ཨང་ཧྲན་སོའུ་ཅེ་ཡིས་ཆེས་ཐོག་མར་རང་ཉིད་ཀྱིས་བདམས་པའི་ལམ་བུ་ལ་འགྱོད་སེམས་དང་འཁང་ར་ཡེ་ནས་བྱེད་མྱོང་མེད་དོ།། ཁོ་མོས་རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་ཕྲུག་དག་མཐོང་མི་ཐུབ་ལ། བུ་ཕྲུག་དག་གིས་རང་ཉིད་ཀྱི་ཡུམ་ཆེན་མར་རྨི་ལམ་དུ་འཇལ་བའང་སྣང་ངོ་།། དེ་ལྟ་ནའང་། རང་དབང་ལ་སྙིང་ནས་མོས་པའི་འབར་མའི་མི་དམངས་ནི་ཚེ་ཚེ་རབས་རབས་སུ་ཁོ་མོའི་བུ་ཕྲུག་ཡིན་ནོ།།
ཁོ་ མོའི་གནག་ཅིང་སྣུམ་པའི་ལན་བུ་སྔོ་དཀར་དུ་གྱུར་སོང་། དཀར་ཞིང་གཙང་བའི་བྱད་བཞིན་གཉེར་མ་ཡིས་ཁེབས་སོང་། འདི་དག་ནི་རང་དབང་བརླགས་ཤིང་སྟོར་བའི་དཀའ་སྡུག་གི་འཚོ་བ་དེས་བསྐྱེད་པ་ཤ་ སྟག་གོ། བཞིན་ རས་ཀྱི་མཛེས་པ་དག་གློ་བུར་གློ་བུར་བའི་ངང་ནས་འགྲིབ་བཞིན་པ་དེ་ལྟ་ནའང་། བསམ་བློའི་སྟོབས་ཤུགས་ནི་ཉིན་རེ་ལས་ཉིན་རེར་མཛད་མེད་དུ་འཕེལ་བཞིན་གདའ་འོ།།
ད་ལྟ་ཁོ་མོ་ནི་ཉིག་ཅན་སློབ་གླིང་གི་དཔེ་མཛོད་ཁང་དུ་དཀའ་སྤྱད་བརྟུན་སྐྱེད་ཀྱིས་དཔེ་དེབ་ཀློག་མཁན་གྱི་གཞོན་ནུ་མ་དེ་མ་རེད་ལ། ལོན་ཏོན་གྱི་ལྡུམ་རྭའི་ནང་ཁྲོད་དུ་གཟབ་ནན་གྱིས་ཁྱིམ་ལས་སྐྱོང་མཁན་གྱི་བདག་མོ་དེའང་མ་ཡིན་ནོ།། ད་ལྟ་ཁོ་མོ་མི་རིགས་ཤིག་གི་རེ་ལྟོས་སུ་གྱུར་སོང་། མིའི་རིགས་ཀྱི་བསམ་བློའི་མཚོན་བྱེད་ཅིག་ཏུ་གྲུབ་སོང་ངོ་།།
དཔེར་ན། ནོ་སྦེལ་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧྥོའུ་ལན་ཞིས་སི.ཟེ་ཡེ་ཐེ་ཏཱི་མཆོག་གིས་གཟེངས་རྟགས་ཀྱི་གཏམ་བཤད་ཁྲོད་དུ་འདི་ལྟར་བསྟན་ནས་ཡོད་དེ། “ཨང་ཧྲན་སོའུ་ཅེ་དང་ཁོང་གི་སྙིང་སྟོབས་ཏེ། ཁོང་གི་བླ་ན་མཐོ་བའི་ཕུགས་བསམ་དེས་ང་ཚོའི་སེམས་ནང་དུ་མཛེས་སྡུག་ཆེས་ཟབ་པའི་བསླུ་བྲིད་ཅིག་སྦྱིན་པའི་ཚོར་བ་སྤྲད་ཡོང་།། བདག་གིས་འདི་ལ་ཡིད་ཆེས་བྱས་ཡོད། ཁོང་ གི་མནར་གཅོད་ཀྱི་གོ་རིམ་འདི་བརྒྱུད་ནས་ང་ཚོའི་སྙིང་ལའང་ཁོ་མོ་ལྟ་བུའི་ཟད་ དུ་མེད་པའི་སྡུག་བསྔལ་འབྱུང་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ། ལུས་པོ་སྐམ་ཞིང་རིད་པའི་བཙོན་ཁྲོད་ཀྱི་ཟ་མ་མོ་འདིས་ང་ཚོའི་རེ་སྨོན་གསལ་བོར་མཚོན་ཡོད་ལ། ཁོ་མོའི་འཚོ་གནས་ཀྱང་གསལ་བོར་རྟོགས་ཡོད། འདི་དག་གིས་ང་ཚོ་ལ་དྲང་བདེན་གྱི་སྟོབས་ཤུགས་དང་། དྲང་བདེན་གྱི་ཡིད་ཆེས། དྲང་བདེན་གྱི་དད་མོས་བཅས་བསྟབས་པ་ཡིན་ནོ།།”ཞེས་པའོ།།
དྲི་མས་མ་གོས་པའི་ནང་སེམས་ཀྱི་མཛེས་སྡུག་འདིས་མིའི་རིགས་ཀྱི་བག་ལ་ཞ་བའི་གཤིས་སྤུས་ཤིག་མངོན་དུ་འགྱུར་བར་སྐུལ་མ་བྱེད་དེ། ཨང་ཧྲན་སོའི་ཅེ་ནི་འདི་ལྟ་བུའི་དྲི་མས་མ་བསྒྲིབས་པའི་སེམས་ཀྱི་མཛེས་སྡུག་གི“འགྱུར་འདེད་དངོས་པོ”ཞིག་ཡིན་ནོ།། འདི་ནི་དམིགས་བསལ་གྱི་མཛེས་སྡུག་རིགས་ཤིག་ཡིན་པས། མི་རྣམས་ལ་དྲོད་འཇམ་གྱི་ཚོར་བ་བསྟབས་ནས་ཡོང་། ང་ཚོ་འདི་ལྟ་བུའི་འཛངས་མ་རླབས་ཆེན་ཞིག་གི་དུས་རབས་དང་མཉམ་དུ་གནས་པ་འདིས་ང་ཚོའི་ཡིད་སེམས་གཏན་དུ་ཚིམས་ཤིང་བདེ་བའོ།། རང་ཉིད་ལ་མཚོན་ནའང་ཇི་འདྲའི་བདེ་སྐྱིད་ཀྱི་བྱ་གཞག་ཅིག་རེད་ཨང་།
ཆབ་སྲིད་ཅེས་བྱ་བ་དེ་འུ་ཅག་གི་བློ་ཡུལ་ལ་འཁོར་བ་ལྟ་བུའི་ལྟ་ཉེས་པ་དང་ཁྲག་གིས་ཚོས་པ་ཞིག་ཡེ་ནས་མིན་ནོ།། ཆབ་སྲིད་ཅེས་བྱ་བ་ནི་འདི་ལྟ་སྟེ། གལ་སྲིད་ཧཱ་ཝེ་ཨར་གྱིས་ཆབ་སྲིད་ཀྱི་མཚན་ཉིད་དེ་སྤྱོད་དྲང་དང་བདེན་སེམས། འགན་འཁྲིའི་རིན་ཐང་ཡོད་པ་ཞིག་ཏུ་བསྒྱུར་དགོས་པ་དེ་ལྟ་ན། ཨང་ཧྲན་སོའུ་ཅེ་ཡིས་ཆོས་ལུགས་ཀྱི་རིམ་པ་ལས་ཞུན་བརྡར་དང་བཙོ་སྦྱང་བགྱིས་ཏེ་འོང་བའི་ཆབ་སྲིད་འདི་རན་པོ་གདའ་སྟེ། ཁོང་གི་ཆབ་སྲིད་ཀྱི་ནང་སྲོག་ནི་བརྩེ་བ་དང་། གདུང་སེམས་མཉམ་སྐྱེད། བརྩི་བཀུར་བཅས་ཡིན་པས་སོ།། ཁོ་མོས་ཤར་ནུབ་རིག་གནས་ཟུང་འབྲེལ་གྱི་གཞི་རྩའི་མཛེས་སྡུག་རྙེད་ཡོད་པས་སོ།།
ཨང་ཧྲན་སོའི་ཅེ་ཡི་ཡབ་ཆེན་སྟེ་དམག་སྤྱི་ཨང་ཧྲན་དང་། གཎདྷི་བཅས་ནི་ཁོ་མོའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་བསམ་བློའི་འབྱུང་ཁུངས་ཡིན་ནོ།། འདི་ལྟ་བུའི་བསམ་བློ་ནི་ནང་བསྟན་རིག་གནས་ཀྱི་ཉིང་བཅུད་དང་། ཡེ་ཤུའི་དགོངས་དོན་གྱི་ཆ་ཡང་མཚོན་ཡོད་པའོ།།
ཐེངས་ འདིར་ཨང་ཧྲན་སོའུ་ཅེ་ཡིས་ཟས་བཅད་བགྱིས་པ་ཅིའི་སླད་དུ་ཞེ་ན། དམག་གཞུང་གི་སྐྱུག་བྲོ་བའི་བྱ་སྤྱོད་དང་། འཛམ་གླིང་གིས་འབར་མའི་གནད་དོན་སྣང་མེད་དུ་བཞག་པ་སོགས་ཀྱི་ཆེད་དུའོ།། ལྷག་ པར་དུ་རྗེས་རབས་པ་རྣམས་ཀྱིས་འཛམ་གླིང་བློ་ཕམ་པ་དང་། གཡར་ངོ་ཚ་བ་ཞིག་བཟོ་སླད་དུའང་ཡིན་པའོ།། འདི་ནི་ཁོ་མོས་མི་བདམས་ཐབས་མེད་ཀྱི་ཐག་གཅོད་ཐབས་ལམ་ཞིག་སྟེ། ཁོ་ མོས་ཟས་བཅད་བགྱིད་པ་ལ་བརྟེན་ནས་སྡུག་བསྔལ་གྱི་གཅོང་རོང་དུ་ལྷུང་བའི་འབར་ མའི་མི་དམངས་ཀྱི་དཀའ་སྡུག་འཛམ་གླིང་གིས་གསལ་བོར་རྟོགས་སོང་བ་དེས་དང་། མ་གཞི་ནས་འཛམ་གླིང་གི་སྟོངས་གྲོགས་དང་། དེ་ལས་ཀྱང་སེམས་ཁྲལ་དང་གུས་བརྩི་ཐོབ་པའི་སླད་དུ་ཁོ་མོས་ཟས་བཅད་མ་བགྱིས་ན་ མི་འགྲིག་པ་དེས་ཀྱང་ངོ་།།
ནོ་ སྦེལ་ཞི་བའི་གཟེངས་རྟགས་ནི་དེང་གི་འཛམ་གླིང་དུ་མཚན་སྙན་མོད་མི་དམའ་བ་ཡོད་ ཀྱང་། ད་དུང་ཁོ་མོར་དེ་ལས་མང་བའི་རྒྱབ་དཔུང་སྟེ། ནང་ངེས་དོན་གྱི་སྤྱོད་དྲང་བདེན་སེམས་དང་། ཕྱི་དངོས་པོའི་རྒྱབ་སྐྱོར་ཡང་བླ་མེད་ཐོབ་མྱོང་བ་ཡིན་ནོ།།
བདག་ གིས་བརྙན་འཕྲིན་དུ་འབར་མའི་དམག་དཔོན་དག་གི་སྣང་བརྙན་རྒྱུན་དུ་མཐོང་། བརྗོད་མི་བདེ་ཞིང་རྨོངས་པར་བྱེད་པའི་ཁོ་པ་ཚོའི་མིང་དེ་ཡིད་དུ་གཟུང་དཀའ་ལ། ཁོ་ཚོའི་གྱོན་ཆས་ནི་མདོག་མི་སྡུག་པ། དམག་ཆས་རན་པོ་མི་གདའ་བ། ལུས་ཐུང་ཞིང་སྦོམ་པ། བཞིན་མི་སྡུག་པ་སྟེ། ངའོ་སྙམ་པའི་སྒྲོབ་ཉམས་ཀྱིས་ཡོངས་སུ་ཁེངས་ནས་ཡོད་པ་དེའོ།།
འདི་དག་གི“གསེར་ཞལ”གྱིས་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་པའི་སྐབས་ཀྱི་རྒྱ་ནག་གི་རི་ཇག་སྐོར་ཞིག་བདག་ལ་སྙེལ་གསོ་བྱས་སོང་། སྤྱོད་རྩུབ་ཤེས་རིག་དང་བྲལ་བའི་དམག་ཤེད་ཅན་དག་སྟེ། དཔེར་ན། ཀྲང་ཙོ་ལིན། ཀྲང་ཙོང་ཁྲང་། སོན་ཏེན་ཡིན་པེས་བཅས་སོ།།
ཁོང་ཚོ་མི་ཕ་རོལ་བའི་ཚེ་སྲོག་ཁ་ལོ་བསྒྱུར་བར་ང་རྒྱལ་གྱིས་ཁེངས་ནས་ཡོད། མེ་སྒྱོགས་དང་གོ་མཚོན་གྱིས་རང་ཉིད་ཀྱི་སྟོབས་ཤུགས་ཕྱི་ལ་ངོམ་པར་ང་རྒྱལ་གྱིས་སྦས་ནས་ཡོད། བདག་གིས་འདི་ལྟར་འཚེ་བ་ཆོས་སུ་སྨྲ་མཁན་དག་མཐོང་ཐེངས་རེར་ཡིད་སྐྱོ་བའི་ཨུ་ཤུ་ཞིག་ཅིས་ཀྱང་ཤོར་འགྲོ་སྟེ། འཇིག་རྟེན་དུ་ཅིའི་ཕྱིར་འདི་འདྲ་བའི་ཕྱི་ཚུལ་མི་སྡུག་ཅིང་ནང་སེམས་མ་རུངས་པ་དག་བདོག་པ་ཡིན་ནམ།
དམག་དཔོན་འདི་དག་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་དོ།། ཁོ་ཚོས་ནོར་བ་ཡོད་ཚད“མེ་མདའི་ཁ”ནས་ཐག་གིས་གཅོད་ཐུབ་པ་དང་། མི་དམངས་ཀྱང་“མེ་མདའི་ཁ”ནས་ཁ་ལོ་བསྒྱུར་ནུས་པའོ་བསམ་གྱིིན་འདུག་གོ། འབར་མའི་ནག་ཉེས་དངོས་སུ་མགོ་རྩོམ་གྱིན་གདའ། འབར་མའི་ནག་ཉེས་ཀྱི་དུས་ཚོད་ཡོད་ཚད་དངོས་སུ་འགྲོ་བཞིན་གདའ། དེ་ལྟ་ནའང་། “རྒྱལ་ཁབ་ཀྱི་གཞན་གྱི་ནང་སྲིད་ལ་བཅོལ་གཏོགས་མི་མཛད”པར་འབོད་པའི་ཤར་ཕྱོགས་མནའ་འབྲེལ་དེས་འབར་མ་ཚོགས་མིའི་རྒྱལ་ཁབ་ཏུ་བསྡུ་ལེན་བགྱིས་སོ།།
འདི་ལྟ་བུའི“འགྲོ་བ་མིའི་ཐོབ་ཐང་མི་འདྲི་ཚོང་ལས་འདྲི”བ་སྟེ་མིག་རྒྱང་ཐུང་བའི་བྱེད་ཐབས་དེས། ནམ་ཉི་མ་ཞིག་ལ་ཤར་ཕྱོགས་མནའ་འབྲེལ་ནི“རང་སྡུག་རང་འཁུར”ཏུ་འགྲོ་བར་ནེམ་ནུར་མི་དགོས་པ་དེའོ།།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྱང་མིག་མདངས་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཏེ། འབྲས་ཀྱི་སྐྱེས་སྟོབས་འབར་བའི་རྒྱལ་ཁབ་འདིའི་ཕྱོགས་སུ་བལྟས་ཡོད། གྲང་དམག་མཇུག་བསྒྲིལ་རྗེས་ཀྱི་ལོ་བཅུ་ཕྲག་འགའི་རྗེས་སུ“ཁེར་རྐྱང་གི་གཟི་བརྗིད་ཁྲོད་དུ”ནུབ་ཕྱོགས་པ་རྣམས་ཉིན་རེ་ནས་ཉིན་རེར་ཤིན་ཏུ་ནས་ཉམ་པའི་སྐོབས་སུ་ཚུད་ཅིང་། ནུབ་ཕྱོགས་ཀྱི་མི་སེར་དག་གི་སེམས་པའང་མར་ངོའི་ཟླ་བཞིན་ཟད་པའི་དུས་བྱུང་ངོ་།།
ཁོ་ཚོས་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་པར་བར་ཨོ་སི་ཝེ་ཞིན་དུ་བྱུང་བའི་དོན་རྐྱེན་ཞིག་བསྙེལ་ནས་ཡོད་དེ། མི་རེ་རེ་ཁྲག་ཏུ་བསྒྱེལ་བས་མི་ཚང་མས་ཚེ་སྲོག་སྟོར་བ་དང་། མི་རེ་རེ་ཡི་ཐོབ་ཐང་བཙན་གྱིས་ཕྲོགས་པས་སྐྱེ་བོ་ཡིན་ནོ་ཅོག་གི་འགྲོ་མིའི་ཐོབ་ཐང་བརླགས་པ་ཡིན་པ་དེའོ།། གདུག་རྩུབ་ཆེ་བའི་སྲིད་དབང་ཞིག་གི་འོག་ཏུ་རྒྱལ་ཁབ་ཅིག་ལྷག་མེད་དུ་ཐིམ་སོང་བ་དེ་ལྟར་ན། མི་རེ་རེ་ཡི་རང་དབང་དང་། ལ་རྒྱ་ཡང་ཆ་མེད་ཡ་ཐོར་སྟེ་འཐུས་སྒོ་གཏན་ནས་མ་ཚང་བ་ཞིག་ཡིན་དེ་ལྟར་རོ།།
ང་ཚོ་ཚང་མ་དཀོན་ཅོག་གི་བུ་ཕྲུག་ཡིན་པས། ཚང་མ་གཅེན་གཅུང་དང་ལྕམ་སྲིང་ཡིན་ལ། ཕན་ཚུན་གྱི་གཟུགས་པོའི་ཆ་ཤས་རེ་རེའང་ཡིན་ནོ།། དེར་ བརྟེན་རང་དབང་དང་དམངས་གཙོ་ལོངས་སུ་སྤྱོད་པའི་འདུ་ཤེས་མངའ་བའི་ནུབ་ཕྱོགས་པ་ རྣམས་ཀྱིས་ཨང་ཧྲན་སོའུ་ཅེ་ལ་རྒྱབ་སྐྱོར་ཅི་ནས་ཀྱང་བྱེད་ལ། རང་དབང་གི་རིན་ཐང་ལ་སྲུང་སྐྱོབ་དང་གཏན་སྲུང་མཛད་པ་ཙམ་དུ་མ་ཟད། ད་དུང་རང་ཉིད་ཀྱི་འཚོ་བའི་བྱེད་ཐབས་དང་སྦྱར་ནས་ལེག་ལེན་དང་འཕེལ་རྒྱས་ལ་གཞོལ་བ་ཡིན་ནོ།།
དེ་རིང་། ཤེས་རྒྱ་དང་ལྟ་རྒྱ་ནམ་མཁའ་ལྟར་ཡངས་པའི་ཆོའོ་ཅེ་ཨར་དང་ལོ་སི་ཧྥོའུ་ལྟ་བུའི་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་དང་། ཤེས་ཡོན་པ་ཤིན་ཏུ་ནས་དཀོན་པ་ཡིན་ནོ།། འདི་འདྲའི་རྒྱབ་ལྗོངས་འོག་ཏུ་ཨང་ཧྲན་སོའུ་ཅེ་དང་ཁོང་གི་མི་དམངས་ཀྱིས་དཔའ་ཁེར་རྒྱུག་གིས་དམག་གཞུང་དང་འཐབ་རྩོད་བྱས་པ་རེད། དེ་ལྟར་ཡིན་པའི་དབང་དུ་བཏང་ནའང་། བུད་མེད་གཅིག་གིས་རྒྱལ་ཁབ་ཅིག་སྐྱོམ་པར་མཛད་པ་ནི་འདི་ལྟ་སྟེ། ཕ་བོང་ཆེན་པོ་ཞིག་རྩི་ཏོག་རྐང་གཅིག་གིས་བཏེགས་པ་དང་ཅིས་ཀྱང་མཚུངས་སོ།།
བདག་གིས་ཨང་ཧྲན་སོའུ་ཅེ་འཛུམ་དམུལ་དམུལ་གྱིས་ཡོད་པའི་ཚོན་མེད་འདྲ་པར་ཞིག་མཐོང་མྱོང་། དེ་ནི་ཨ་རིའི་མཁས་དབང་ཧྥོ་ལེས་ཏི་མན་གྱི་དཔེ་མཛོད་ཁང་རེད། འཛུམ་མདངས་དེའི་རྒྱབ་ལྗོངས་ཀྱི་ཕྱེད་ཀ་ནི་བློ་བརྟན་འགྱུར་མེད་དང་། ཕྱེད་ཀ་ནི་མཛེས་སྡུག་གི་སྐྱོ་སྣང་ཞིག་གོ། ཁ་གཏད་ཀྱི་འདྲ་པར་དེས་མི་རྣམས་ལ་དབང་མེད་དུ་སྡུག་བསྔལ་ཞིག་དང་ནོངས་འགྱོད་ཅིག་ཅིས་ཀྱང་སྐྱེས་སུ་འཇུག་གོ།
ང་ཚོ་ཁོ་མོ་དང་མཉམ་དུ་བརྟན་བརླིང་གིས་ཡར་འགྲེང་ན་ཅིས་ཀྱང་འོས་སོ།། ༼དམ་པའི་གསུང་རབ༽ཏུ་འདི་ལྟར་གསུངས་ཏེ། “ཁྱེད་ཅག་གིས་དུས་རབས་འདིར་འོད་ཟེར་བཀྱེས་པ་དང་གཅིག་ཏུ་མཚུངས་པའི་ཚེ་སྲོག་གི་ལམ་བུ་མཚོན་བྱེད་ཅིག་མངོན་གྱུར་བྱོས་ཤིག”(༼ཧྥེ་ལེས་པེ་བསྟན་བཅོས༽སརྒ་བཅོ་ལྔ་ནས་བཅུ་དྲུག་བར) ཨང་ཧྲན་སོའི་ཅེ་ཡི་མཛེས་སྡུག་དེས་ང་ཚོ་ལ་འོད་སྣང་སྤར་སོང་ངོ་།།
ཁོ་མོ་ནི་གཟི་བརྗིད་ཆེ་བའི་ཚེར་མའི་ལམ་བུར་བསྐྱོད་སོང་ངོ་།། ཕལ་ཆེར་ད་དུང་ལམ་བུ་འདིར་ཡིན་རིང་དུ་བསྐྱོད་དགོས་པ་འདྲའོ།།
“གླིང་ཆེན་ཨེ་ཤ་ཡའི་ཆེས་བླ་ན་མཐོ་བའི་མཛེས་མ་སུ་རེད།” འདི་ནི་ད་དུང་ཁྲུན་ཐག་མ་ཆོད་པའི་དྲི་བ་ཞིག་གོ།
སྙན་ངག་པ་ལོ་མོའུ་ཡིས་འདི་ལྟར་བསམས་ཏེ། ཨང་ཧྲན་སོའི་ཅེ་ནི་ས་སྒང་སྟེང་གི“ཆེས་མཛེས་པའི་བུད་མེད་དོ།” ཁོང་གི་སྙན་ངག་གི་ནང་དོན་ལ་བྱིངས་ཀྱིས་ཁྱབ་ནས་ཡོད་པའི་སྐད་ཆ་ཞིག་བཤད་ཡོད་སྟེ། “ཨང་ཧྲན་སོའུ་ཅེ་འི་ཆབ་སྲིད་ཀྱི་རེ་སྨོན་དང་། སྤྱི་ཚོགས་ཀྱི་གནས་ཚུལ་ནི་བརྩེ་བ་ཆེན་མོས་བྱིངས་ཀྱིས་ཁེངས་ནས་ཡོད་པ་ཞིག་དང་། མིའི་རིགས་འདྲ་མཉམ་ཡིན་པའི་སྒྲིག་གཞི་ཞིག་དང་། ཚད་ལྡན་ཡིན་པའི་འཇིག་རྟེན་ཞིག་གོ།
ཐལ་དྲགས་པའི་ཁེ་ཕན་གྱི་ལག་ཆ་དང་། ཉོ་ཚོང་གི་གཡོ་ཐབས། མ་རུངས་པའི་ལས་ངན་པ་སྤྲོད་པར་བྱེད་པའི་ཆབ་སྲིད་ཡོད་ཚད་ལ་ཁྲུན་ཐག་གཅོད་པ་དང་། མ་རུངས་པ་དག་ལ་ཡིད་མི་རྟོན་པའོ།། ཨང་ཧྲན་སོའུ་ཅེ་ཡི་ཆབ་སྲིད་ཀྱི་ཕུགས་བསམ་ནི་མངོན་དུ་འགྱུར་མི་ཐུབ་ཅིང་འཆར་སྣང་གིས་ཕྱུག་པའི་མཛེས་སྡུག་གི་སྟོང་བསམ་འབའ་ཞིག་ཡིན་ནའང་། ཨང་ ཧྲན་སོའུ་ཅེ་ཡི་ཆབ་སྲིད་ཀྱི་ལྟ་སྟངས་ནི་གང་ཞིག་ལ་བསྡུར་ནས་བཤད་ནའང་ཆབ་སྲིད་ ཀྱི་རིག་གཞུང་ལས་བདེན་པ་ཆེ་ཞིང་། ཆབ་སྲིད་ཀྱི་ངོ་བོ་དང་ཤིན་ཏུ་ནས་ཉེ་བ་ཞིག་གོ།”
ཆབ་སྲིད་ཀྱི་མཐར་ཐུག་གི་ངོ་བོ་ནི་ཅི་ཞིག་ཡིན་ནམ།
ཤིན་ ཏུ་ནས་རླབས་ཆེ་བའི་ཆབ་སྲིད་པ་དང་། མི་ཆོས་རིང་ལུགས་པ་དག་ཀྱང་བརྟན་བརླིང་གི་མི་ཆོས་རྩ་བ་ཡིན་པའི་བསམ་བློའི་ འཚོལ་སྙེག་ལ་བསྙེས་པ་ནས་འོངས་པ་ཡིན་ཏེ། གྷན་དྷི། མ་ཏེན. ལོའུ་ཏེན. ཁིན། ཆོས་དཔོན་མན་ཏི་ལ་ཐོའུ་ཐོའུ་དང་ཨང་ཧྲན་སོའུ་ཅེ་ལྟ་བུའོ།།
ཁོ་པ་ཅག་ནི་ཤེས་རབ་ཟབ་པའི་རྗེ་བོ་འབའ་ཞིག་ཡིན་པ་ནི་ཐེ་ཚོམ་དང་ཡིད་གཉིས་མི་དགོས་ཡིན་ནོ།། སྲིད་དབང་སྒེར་གཅོད་པ་དང་། དམག་དཔོན་ཆེན་མོ་དག་གིས་འཇིགས་པ་མེད་པའི་སྙིང་སྟོབས་དང་། རླབས་ཆེན་གྱི་རྣམ་ཤེས་ཞེས་པ་ཡེ་ནས་རྟོགས་ཐུབ་མེད་དེ། ཁོ་ཚོས་ཤེས་སོང་བ་གཅིག་ཡོད་པ་ནི་སྒྱོགས་མདེལ་དང་མཚོན་ཆ་ཡི་སྟོབས་ཤུགས་དེའོ།།
ཁོ་ཚོས་ད་དུང་རྟོགས་ཐུབ་མེད་པ་འདི་ལྟར་གདའ་སྟེ། ཨན་ནེ་ཡིས་གཅིག་བསྡུས་བཙོན་ཁང་དུ་ཅིའི་ཕྱིར་སྟོབས་ཤུགས་ཀྱི་རྒྱུན་བསྲིངས་ནས་ཉིན་ཐོ་བྲིས་པ་དེ་དང་། ད་དུང་དེ་ལས་ཀྱང་རྟོགས་མེད་པ་ཞིག་ནི་པོ་ལིན་གྱི་རྩིག་གྱང་ཆེན་མོ་མཚན་གཅིག་ལ་ཅིའི་ཕྱིར་རྡུལ་དུ་བརླགས་སོང་བ་དེའོ།།
མོ་སོའུ་ལེས་ནེའེ་དང་ཆེའེ་ཨོ་སཱེ་སི་ཁོའུ་ཡི་བེམ་རོ་ནི་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་སྔ་མོ་ནས་འོད་ཀྱིས་ཕོག་ཏེ་ཡོད་ནའང་། ད་དུང་དེ་འདྲའི་སྲིད་དབང་སྒེར་གཅོད་པ་དང་དམག་དཔོན་དག་ཁ་སྐྱེངས་འོས་པའི་ལམ་ཀ་དེ་ལས་ཕྱིར་ལྡོག་མི་བྱེད་པ་དེ་ག་ཡིན་ནོ།།
དཔེར་ན། ལོ་མོའུ་ཡིས་བཤད་པ་དེ་ལྟར་ཏེ། “གཟུགས་བཞི་ཞན་པས་རླུང་མི་ཐེག་ཅིང་། གདོང་ལུས་ཐལ་བས་གོས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་པ་གྷན་དྷིའི་རྗེ་ལྟ་བུ། འཇིག་རྟེན་དང་གྱེས་ཤིང་། ལག་ཏུ་མཚོན་ཆ་ཁབ་རྩེ་ཙམ་ཡང་མེད་པའི་བཙོན་མ་མན་ཏི་ལ་ལྟ་བུ། མཉེས་གཤིན་གྱི་བརྩེ་བས་གཏམས་ཤིང་། སྐྱེས་འབྲས་རབ་ཏུ་སྒེག་པ། གནོད་སེམས་རྡུལ་ཙམ་མེད་པ་ཨང་ཧྲན་སོའུ་ཅེ་ལྟ་བུ། འདི་དག་ལ་བླ་ན་མེད་པའི་འབོད་སྐུལ་གྱི་ནུས་པ་དང་སྤྱི་ཚོགས་སྐྱོམ་བྱེད་ཀྱི་ནུས་པ་དེ་དག་ཅིའི་ཕྱིར་བྱུང་བ་ཡིན་ནམ། དབང་སྡོམ་རིང་ལུགས་པས་ཚེ་ཚེ་རབས་རབས་སུ་རྟོགས་མི་སྲིད་དོ།། དབང་སྡོམ་རིང་ལུགས་པས་དུས་ནམ་ཡང་རྟོགས་མི་སྲིད་དེ། མིའི་ནང་སེམས་ཀྱི་སྟོབས་ཤུགས་ནི་འཇིག་རྟེན་གྱི་ཆེས་བླ་ན་མེད་པའི་སྟོབས་ཤུགས་ཡིན་པ་དེའོ།།”
རེད་དེ། ཨང་ཧྲན་སོའུ་ཅེ་ཡི་ཚེ་སྲོག་ནི་དེ་འདྲའི་མཛེས་སྡུག་མངའ་བ་ཞིག་རེད་དེ། གདུག་ རྩུབ་དང་དམོད་ཚིག་མ་གཏོགས་རང་དབང་དང་དམངས་གཙོ་ལོངས་སུ་སྤྱོད་དཀའ་བའི་ཡ་ གླིང་མི་དམངས་རྣམས་བརྙས་བཅོས་ནས་གཟི་བརྗིད་ཀྱི་ལམ་དུ་ཁྲིད་པའི་གཙོ་མོའོ།། བྲན་གཡོག་ནས་རང་དབང་གི་ལམ་དུ་ཁྲིད་པའི་ས་མཁན་ནོ།།
ནང་དོན་འདིའི་ངོས་ནས་བདག་གིས་འདི་ལྟར་བཤད་དེ། བདག་གིས་འབར་མའི་མི་དམངས་ལ་གུས་ཞབས་བྱས་པས་བདག་ཡིད་གཏན་དུ་ཚིམས་པ་སྟེ། རྒྱུ་མཚན་ནི་ཁྱེད་ཅག་ལ་ཨང་ཧྲན་སོའུ་ཅེ་ཡོད་པས་སོ།།
ནང་དོན་འདིའི་ངོས་ནས་བདག་གིས་འདི་ལྟར་བཤད་དེ། བདག་གིས་འབར་མའི་མི་དམངས་ལ་རང་དབང་བྱིངས་ཀྱིས་ཐོབ་པར་ཡིད་ཆེས་ཟབ་མོ་ཡོད་དེ། རྒྱུ་མཚན་ནི་ཁྱེད་ཅག་ལ་ཨང་ཧྲན་སོའུ་ཅེ་ཡོད་པས་སོ།།
ཉིས་སྟོང་གཉིས་ལོའི་ཟླ་གསུམ་པའི་ཚེས་དགུ་ལ་བྲིས།
ཉིས་སྟོང་བཞི་ལོའི་ཟླ་དགུ་བར་བསྐྱར་བཅོས་བྱས།
སྒྱུར་མཁན་གྱི་སྐད་ཆ།
༸ ཞི་བདེ་ལམ་སྟོན་པ་ཆེན་མོ་༸གོང་ས་མཆོག་གཙོས་ཏེ་མིའི་རིགས་ཀྱི་ཞི་བདེ་དོན་དུ་ གཉེར་མཁན་དག་གི་མཛད་འཕྲིན་ལ་ཡི་རངས་ཏེ་བསྒྱུརད་པ་དགེ་གྱུར་ཅིག ནོ་སྦེལ་གཟེངས་རྟགས་ཉིན་མོའི་སྔ་ནུབ་སྟེ། ༢༠༡༠། ༡༢། ༩། རང་ཤག་ཏུ་ཡོངས་སུ་བསྒྱུར་ཚར།
ཧ་་ཧ ཡེས་ཅེས་བརྩམས་ བོད་བསྒྱུར་མ་དེ་ འདི་ནང་མཐོང་ཐུབ་ཞི་མི་བདའ་ཡ་།
ཁྲུཡི་ཁྲར་ བརྒྱུད་དེ་ རྗེས་འདེད་བྱེད་དགོས་ལེ་ཨེ་རེད་།
དྲ་ངོས་སུ་འགོད་སྟངས་ཤིག་གི་དབང་གིས་མདུན་ངོས་སུ་མ་འཆར་འདུག ཀློག་མཁན་ཚོར་དགོངས་དག་ཞུ། ད་ནི་མདུན་ངོས་སུ་བླངས་ཡོད།
འགྱུར་རྩོམ་འདི་ཞི་བདེ་དོན་དུ་གཉེར་མཁན་གྱི་སྐྱེས་བུ་ཡོངས་ལ་བསྟབས་པ་ཡིན་ནོ།།
འོ་ད་ ལེགས་སོ་ ལེགས་སོ་ རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་ ཤིན་དུ་ནས་ལེགས་སོ་།
ཉེ་འཆར་ཨང་སན་སུ་སྐྱིད་གློད་བཀྲོལ་བྱུང་མ་ཐག་༧གོང་ས་མཆོག་གིས་དབུས་རྒྱལ་སྤྱིའི་དབུ་འཁྲིད་མང་པོས་ཆེད་བསྟོད་ཞུས་པར་མ་ཟད་ལྷག་པར་ཨ་རིའི་སྲིད་འཛིན་ནས་ཁོང་ངའི་དཔའ་མོ་ཡིན་ཞེས་གསུངས་པ་བཞིན་ཁོང་ནི་གླིང་ཆེན་ཨེ་ཤི་ཡའི་ནང་གི་རང་དབང་དམངས་གཙོའི་ལམ་སྟོན་དང་། མིག་དཔེ་བལྟ་ས་འདྲ་བོ་ཞིག་ཆགས་ཡོད། ཁོང་ཉེ་ཆར་གློད་བཀྲོལ་ཐོབ་ཡོད་ཀྱང་། འབར་མའི་དྲག་པོའི་གཞུང་དེས་རྗེས་སུ་ཁོང་ལ་ཡང་བསྐྱར་གང་བྱ་གྲབས་ཡོད་དམ། ཁོང་ལ་བར་ཆད་མེད་པའི་སྨོན་ལམ་ཞུ།
ལེགས་སོ། ལེགས་སོ། ཆེས་ཤིན་ཏུ་ལེགས་སོ། རྟ་ནག་པ་སྐལ་བཟང་ལུང་རིགས་ཁྱོད་བལ་ཡུལ་མཆོད་རྟེན་གྱི་འགྲམ་དུ་བཞུགས་ཤིང་འདོད་པའི་སྒྱུ་རྩལ་ཟབ་མོའི་དོན་ལ་མཉམ་པར་བཞག་ཏེ།ཤེས་རབ་དང་ལྡན་པ་གནས་ལུགས་དང་ལྡན་པ་རྣམས་ལ་གླིང་ཆེན་ཨེ་ཤེ་ཡའི་ཆེས་བླ་ན་མཐོའི་མཛེས་ཡོན་ཐན་ཆེས་ཕུལ་དུ་འབྱུང་བ་རྒྱ་ནག་པའི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཅིང་། དེང་རབས་གླིང་འདིར་ཆེས་དར་ཁྱབ་དང་སྤྱོད་གོ་ཆེ་བའི་གློག་ཀླག་འཕྲུལ་གྱི་ཆས་བརྒྱུད་ནས་གདམས་པ་
འདི་ནི་བསྔགས་པའི་ལུལ་ལོ། བསྟོད་པའི་ལུལ་ལོ། རྟ་ནག་པ་ཁྱོད་ལ་བསྔགས་སོ། རྟ་ནག་པ་ཁྱོད་ལ་བསྟོད་དོ།