བོད ལྷ་ཀླུ་གཉན་གསུམ།
ངས་འདི་ནས་སྤུན་གྲོགས་ཅོ་རི་ཉི་མ་ལགས་ ནས་རྒྱལ་དར་གྱི་སྐོར་ལ་བོད་གཞུང་ནས་གསལ་བསྒྲགས་ཤིག་སྤེལ་འདུག་ཞེས་ཁོ་རང་གི་ བྲིས་པའི་རྩོམ་ཡིག་དེ་བཀླགས་རྗེས་སུ། རང་དབང་མེད་པར་སེམས་གཏིང་ནས་གཟོད་མི་ཐུབ་པའི་ནད་ཚ་ཞིག་དང་བཅས་འབྲི་དོན།
སྤྱིར་ན་རྒྱལ་ཁབ་ཞིག་གི་ཡིན་པར་ངེས་ འཛིན་པ་ལ། ཐོག་མར་རྒྱལ་དར། དེ་ནས་སྤྲགས་དམ། སྒོར་མོ་བཅས་ངོས་འཛིན་བྱེད་སྲོལ་ཡོད་པ་དེང་དུས་ཀྱི་འཛམ་གླིང་གི་སྤྱི་སྲོལ་ དུ་ཆགས་ཡོད་པ་རེད། དེ་ཡིན་དུས་བོད་གཞུང་གིས་དུས་ཆེན་ཁག་མ་གཏོགས་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ མ་བྱེད་རོགས་ཟེར་ནས་གསུང་ན། དེ་ནི་དངོས་ནས་བསམ་ཡུལ་ལས་འདས་པ་ཞིག་རེད་ཟེར་ན་ཆོག
གཅིག་ནས་བོད་མི་དག་དེང་དུས་སུ་འཛམ་གླིང་ གི་ཡུལ་གྲུ་གང་སར་ཁ་ཐོར་དུ་བྱིན་ཡོད་པ་དང་། ཁ་ཐོར་དུ་གནས་སའི་ཁོར་ཡུག་དེ་ནས་བོད་མི་ཞིག་ལ་མཚོན་ན་བོད་ཀྱི་རྒྱལ་དར་ནི་ རང་ཉིད་ལ་རྒྱལ་ཁབ་ཞིག་ཡོད་པའི་མཚོན་རྟགས་ཆེ་ཤོས་སུ་ཆགས་ཡོད་པ་དང་། དེ་ཉིད་མི་དག་ལ་འདི་ནི་ང་ཡི་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་ཟེར་ནས་ངོམ་སོ་བྱེད་ ཆོག་པ་དང་། ངོ་སྤྲཽད་བྱེད་པར་སྟབས་བདེ་ཤོས་ཤིག་ཆགས་ཡོད།
མི་སུ་འདྲ་ཞིག་ཡིན་ཡང་། རྒྱལ་ཁབ་ཞིག་གི་རྒྱལ་དར་མཐོང་དུས་སུ་ད་གཟོད་དེ་ནི་རྒྱལ་ཁབ་གཅིག་གི་ངོ་བོར་ ངེས་འཛིན་བྱེད་སྲོལ་ཡོད་པ་ཡིན་དུས། རྒྱལ་དར་ཅི་ནས་ཀྱང་། སྐྱབས་བཅོལ་བ་ཞིག་ལ་མཚོན་ན་དེ་བས་ཀྱང་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་ཡིན། གཞུང་ནས་རྒྱལ་དར་གཏན་ནས་མི་དགོས་ཞེས་གླེང་མེད་ཀྱང་། དུས་ཆེན་ཁག་ལ་མ་གཏོགས་བསྒྲེང་འཛུགས་མ་ཞེས་ན་ཞེས་གསུངས་པ་དེ་ཡིས་ལྟག་རྒྱབ་ དུ། ཆབ་སྲིད་ཀྱི་བསྟུན་ཤེས་ཟེར་བའི་སྐད་ཆ་ཞིག་ཡོད་པ་ནི་སྨྲོས་མ་དགོས་པ་རེད།
དེ་ཡིན་དུས་བསྟུན་ས་དེ་ཡང་རྒྱ་ནག་ སྲིད་གཞུང་ལ་བསྟུན་བཞིན་ཡོད་པ་ལས། རྒྱལ་ཁབ་གཞན་སུ་ལ་ཡང་བསྟུན་མེད་པ་རེད། ད་ནི་དངོས་ནས་ང་ཚོ་གཞུང་དམངས་ཡོངས་ཀྱིས་བསམ་བློ་ཞིབ་མོ་ཞིག་གཏོང་རན་རེད། ༧གོང་ས་མཆོག་བོད་དུ་བཞུགས་སྐབས་སུ་པེ་ཅིང་དུ་ཕེབས་དུས། མོ་ཙེ་ཏུང་གིས་ཀྱང་། བོད་ལ་རྒྱལ་དར་ཡོད་རབས་འདུག ཁྱེད་ཚོས་དེ་བཙུགས་ན་འགྲིག་གི་རེད་ཅེས་བཤད་ཡོད་པ་རེད། ང་ཚོས་འདི་ལྟར་ཞིབ་འདང་བརྒྱབས་དེ་འོང་དུས། ད་ནི་ང་ཚོས་རྒྱལ་དར་མི་འཛུགས་པའི་ཐབས་ཤེས་བྱེད་པ་འདི་ནི། དོན་དངོས་ཐོག་བོད་འདི་རྒྱ་ཁོངས་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་པ་ལྟ་བུ་ཆགས་ ཡོད།
ང་ཚོ་ལོ་རྒྱུས་ཐོག་ནས་བཤད་ན། རྒྱ་ཁུངས་ཤིག་གཏན་ནས་ཆགས་མེད། སྐད་དང་ཡི་གེ། གོམ་གཤིས་དང་རིག་གཞུང་གང་ཅིའི་ཐད་ནས་ཐ་དད་ཡིན་པ་སྔོན་བྱོན་དམ་པ་དག་གི་མཛད་ རྗེས་ལས་འབུར་དུ་བཞེངས་ཡོད་པ་རེད། འུ་ཅག་གིས་སྔོན་བྱོན་མེས་པོ་དག་གི་རླབས་ཆེ་བའི་ཤུལ་བཞག་སྒྲུབ་མ་ཐུབ་ཀྱང་། ཁོང་ཚོས་བསྒྲུབ་ཟིན་པ་དེ་དག་བདག་གཅེས་བྱེད་ཐུབ་ན་རེད། དེ་ཡིན་དུས་རྒྱལ་དར་ནི། བོད་མི་ཆེས་མི་ཉུང་བ་ཞིག་གི་ཚེ་སྲོག་བཏང་ནས་སྲུང་སྐྱོབས་བྱས་པ་ཡིན་ཟེར་ན་ ཆོག་ལ། ད་ལྟའི་འཆར་ཡང་བོད་ཆེས་མི་ཉུང་བ་ཞིག་གི་གཅེས་པའི་སྲོག་ཡང་དེ་ཡི་ཆེད་དུ་ འགྲོ་བཞིན་ཡོད།
དེས་ན་རྒྱལ་དར་བསྒྲེང་འཛུགས་དུས་ཆེན་ཁག་ ལ་མ་གཏོགས་འཛུགས་མི་ཆོག་པར་འབོད་སྐུལ་ཞུ་བཞིན་ཡོད་ཚེ། རྒྱལ་དར་གྱི་བཟོས་པའི་ཤོག་བྱང་། གོན་པ། ཅ་དངོས་ཅི་རིགས་ཀྱང་དུས་རྒྱུན་དུ་བེད་སྤྱོད་མི་བྱེད་པར་འབོད་སྐུལ་ཞུ་རྒྱུ་ ཡིན་ནམ། ང་རང་གནས་ཡུལ་གྱི་རྒྱལ་ཁབ་འདི་ན་ཡང་། བོད་མི་མང་བོ་ཞིག་མེད་ཀྱང་། བོད་མི་རེ་རེ་ཡོད་སའི་ཁྱིམ་ཚང་གི་སྒོ་དང་། སྣུམ་འཁོར་གྱི་ལྟག་རྒྱབ། མདུན་ངོས། ད་དུང་། བོད་དོན་ལ་གཅེས་པའི་མི་དག་གི་སྣུམ་འཁོར་སྟེང་དུ་བོད་ཀྱི་རྒྱལ་དར། བོད་རང་བཙན་ཡིན། བོད་སྐྱོབས་སོགས་བྲིས་པའི་རྒྱལ་དར་སྦྱར་ཡོད་པ་དེ་དག་ཡང་བཀོག་རོགས་ཞུ་དགོས་ སམ།
ཡ་མཚན་པ་ཞིག་ལ། ཟླ་བ་སྔོན་མའི་ནང་དུ་བཟུང་། ངས་བོད་ཀྱི་རྒྱལ་དར་སྐོར་རྐྱང་རྐྱང་ལ་བསམ་བློ་བཏང་བ་ཡིན། དེ་ཡང་བོད་ཀྱི་རྒྱལ་དར་འདི་འཛམ་གླིང་གི་རྒྱལ་དར་ཆེས་ཆེ་ཤོས་ཤིག་བཟོ་བ་ལ་ འགྲོ་གྲོན་ག་ཚོད་འགྲོ་བཞིན་ཡོད་ན། དེ་འདྲ་ཞིག་བཟོས་པ་ཡིན་ན། རྒྱལ་དར་དེ་གང་ནས་གཤམ་སྟོན་བྱེད་ཐུབ་བམ་སྙམ་སོང་། ཡིད་སྐྱོ་བ་ཞིག་ལ་བཙན་བྱོལ་བོད་གཞུང་གིས་སྐད་ཆ་ཆལ་བོ་འདི་འདྲ་ཞིག་གསུངས་དེ་ འོང་དུས། གཞིས་ཀྱི་བོད་མི་རྒྱལ་ཞེན་ཅན་ཚོས། རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་རང་དབང་ཡོད་ས་ནས་གང་འདོད་དུ་འགྲེམ་སྤེལ་དང་། བསྒྲེང་འཛུགས་བྱེད་མི་རུང་བར་འབོད་སྐུལ་ཞུ་བ་བོ། བཙན་བྱོལ་བོད་གཞུང་ཡིན་པ་གོ་ན། ཨ་ཙི། ད་རེ་ཞིག་འདི་ནས་འཇོག སྤུན་ཟླ་ཁྱེད་ཅག་གིས་སེམས་བསམ་པའི་གཏིང་ནས་བགྲོ་གླེང་ཞིག་གནོང་དང་།