ཉི་མ་འཚོ།
གཅིག
གཉེན་སྟོན་མེད་པའི་གཉེན་སྒྲིག་གི་ཉིན་མོ་དེར། སྲུ་མོ་དང་ངེད་གཉིས་ཀྱིས་གཅེན་པོས་ཁྲིད་ནས་ཡོང་བཞིན་པའི་བདག་གི་མ་འོངས་པའི་ཆུང་མ་ལ་སྒུག སྒོ་འགྲམ་གྱི་ཁ་ལ་ཡུག་གི་འདམ་ཚང་ནས་བྱ་སྤུ་ཐ་ཐོར་རེ་རླུང་གིས་ཁུར་ནས་སྒོ་སྲུབ་ལ་ཡར་འཚང་གི་འདུག་མོད། ཁ་ལ་ཡུག་ཚང་ནང་དུ་སླེབས་མི་འདུག
གཅེན་པོས་ངའི་མ་འོངས་པའི་ཆུང་མ་ཁྲིད་ནས་སླེབས་བྱུང༌།
“བཀྲ་ཤིས་བདེ་ལེགས།” ཆུང་མ་རྩེད་དགའ་ཅན་ཞིག་ཡིན་པ་འདྲ། གཏན་དུ་མི་ལྷོད་པ་ལྟ་བུའི་འཛུམ་མདངས་ཤིག་ཕྱུང་ནས་འཚམས་འདྲི་བྱས་བྱུང་མོད། དེ་མ་ཐག་འཛུམ་མདངས་དེ་ནི་གང་ཞིག་ནས་བཙིར་ནས་ཡོང་བ་དང་འདྲ་བར་ངོ་གདོང་དམར་པོར་གྱུར་སོང༌། དེ་དང་བསྟུན་ནས་ངེད་གཉིས་ཀྱི་བར་ཐག་ནི་ཡོལ་བ་ཞིག་གིས་སྒྲིབ་ཡོད་པ་ལྟ་བུའི་ཚོར་སྣང་བྱུང༌།
“བཀྲ་ཤིས་བདེ་ལེགས།” ཞིབ་མོས་བལྟས་པ་ཡིན། སྐེ་དང་རྣ་བ། ལག་པའི་མཛུབ་མོ་ལ་སོགས་པ་གསེར་གྱི་རྒྱན་ཆས་ཡོངས་སུ་གཡོགས་ནས་ཡོད་པ་དེས་ང་ལ་མི་སྐྱིད་པའི་ཚོར་སྣང་ཞིག་བྱིན་པ་མ་ཟད་ལྷག་པར་ངེད་གཉིས་ཀྱི་བར་ཐག་ན་ཡོལ་བ་ལྟ་བུའི་སྒྲིབ་མཚམས་ཤིག་ཡོད་པའྀ་ཚོར་སྣང་བྱུང༌། ཡིན་རུང་སྲུ་མོ་བློ་ཡིད་ཚིམ་འདུག་པ་གསལ་བོ་རེད། ང་ལ་ཡང་ཡང་ལྟ་བཞིན་མགོ་བོ་ནང་དུ་གུག་གུག་བྱས། གཅེན་པོ་བཟའ་ཚང་གཉིས་འདོད་པ་བྱུང་དོན་གཙོ་བོ་ཡང་ངའི་ཆུང་མ་ཡོ་རོབ་ཀྱི་མི་སེར་ཡིན་པས་རེད།
གཉིས།
ལ་ཤས་ཀྱིས་ངའི་ཆུང་མ་ཡོ་རོབ་ཀྱི་མི་སེར་ཡིན་པ་ཤེས་ནས་ཡིད་སྨོན་བྱས། ལ་ཤས་ཀྱིས་ངའི་ཆུང་མའི་རྒྱན་ཆ་དག་ལ་ཡིད་སྨོན་བྱས། ལ་ཤས་ཀྱིས་ལོ་ན་གང་འཚམ་སླེབས་པའི་ང་ལ་ཆུང་མ་རྒྱུ་ཆེན་ཞིག་རེག་པར་ཡིད་སྨོན་བྱས་པ་སོགས་དང་བསྟུན་ནས། ངའི་ཆུང་མ་གཞན་དང་འདྲིས་བདེ་བོ་ཞིག་ཏུ་གྱུར་བ་མ་ཟད། སྐད་ཅིག་ཙམ་ལ་ཁོར་ཡུག་གི་མི་ཀུན་ལ་ང་ལས་ཀྱང་འདྲིས་གཤིབ་ཆེ་བར་གྱུར།
“ཁྱེད་རང་ང་ལ་བརྩེ་དུང་ཅི་ཙམ་ཡོད། ངའི་མཉམ་དུ་འདོད་པ་ཁེངས་ཀྱི་འདུག་གམ།” ནམ་རྒྱུན་དྲིས་དང་འདྲི་བཞིན་པའི་དྲི་བ་འདི་དག་ལ་ངས་ལན་རྒྱག་ཤེས་ཀྱི་མི་འདུག སྐབས་དེ་དག་ཏུ་ངས་སྒོ་འགྲམ་གྱི་ཁ་ལ་ཡུག་གི་འདམ་ཚང་ལ་བལྟས་ནས་ནམ་ཞིག་ཕྱིར་འཕུར་ཡོང་བར་རེ་སྒུག་གིས་དྲི་བ་དེ་དག་ལ་གཡོལ་གང་ཐུབ་བྱས་པ་ཡིན། ཆུང་མས་ཐོག་མར་ཐུག་དུས་དང་འདྲ་བར་གཏན་དུ་མི་ལྷོད་པ་ལྟ་བུའི་འཛུམ་མདངས་དེ་ཕྱུང་ནས་ལན་མ་བརྒྱབ་ཀྱང་སྐྱོན་མི་འདུག་ཅེས་པའི་བརྡ་བསྟན་མོད། ངེད་གཉིས་ཀྱི་བར་ཐག་ན་ཡོལ་བ་ལྟ་བུའི་སྒྲིབ་མཚམས་ཤིག་ཡོད་པའི་ཚོར་སྣང་དེ་ལྷོད་མ་མྱོང༌།
གསུམ།
“ངེད་གཉིས་ལ་ཕྲུ་གུ་ཞིག་ཡོད་ན་རེད། དེ་ལྟར་ཡིན་ན་ཁྱིམ་ཚང་འདི་ཚ་སོབ་སོབ་ཅིག་ཡོང་ངེས་རེད།”
“ཕྲུ་གུས་ག་རེ་བྱེད་དགོས་རེད།” ཆུང་མ་ཅུང་ཁྲོས་བྱུང༌། འོན་ཀྱང་དེ་མ་ཐག་ཁྲོ་ཉམས་དེ་གཏན་དུ་མི་ལྷོད་པ་ལྟ་བུའི་འཛུམ་མདངས་དེ་ལ་བསྒྱུར་བྱུང༌། ངས་སྒོ་འགྲམ་གྱི་ཁ་ལ་ཡུག་གི་འདམ་ཚང་དུ་བལྟས་ནས་ནམ་ཞིག་ཕྱིར་འཕུར་ཡོང་བར་རེ་སྒུག་གིས་སེམས་པ་གཡེང་ཐབས་བྱས་པ་ལས་ཆུང་མ་དང་ཁ་རྩོད་བརྒྱབ་མེད་མོད། ངེད་གཉིས་ཀྱི་བར་ཐག་ན་ཡོལ་བ་ལྟ་བུའི་སྒྲིབ་མཚམས་ཤིག་ཡོད་པའི་ཚོར་སྣང་དེ་ནི་ཇེ་ཆེར་བུད་སོང༌།
བཞི།
“བཀྲ་ཤིས་བདེ་ལེགས།”
“བཀྲ་ཤིས་བདེ་ལེགས།” སྔོན་ཆད་མཐོང་མྱོང་མེད་པའི་སྐུ་མགྲོན་ཞིག་ངའི་སྒོ་འགྲམ་ལ་འབྱོར་བས་ནང་དུ་བསུས་པ་ཡིན་མོད། ཁོས་ངོ་གདོང་ནག་པོ་ཞིག་བསྟན་ནས་བཤད་རྒྱུར། “ད་ཁྱེད་གཉིས་གཉེན་སྒྲིག་བྱས་ནས་གང་འཚམ་ཕྱིན་སོང༌། གསེར་གྱི་རྒྱན་ཆ་དེ་དག་ཕྱིར་སྤྲད་ན་རེད། མ་གཞི་ཐོག་མའི་སྐད་ཆ་ལྟར་ན་གཉེན་སྟོན་གྱི་ཉིན་མོ་གཅིག་པོ་ལ་གཡོར་ཟེར་བ་མ་ཡིན་ནམ།”
“གསེར་གྱི་རྒྱན་ཆ་་་་་་་༌།” ངས་ཆུང་མར་བལྟས་པ་ན། ཆུང་མས་ཁྲུས་ཁང་གི་སྒོ་སྲུབ་ནས་གཏན་དུ་མི་ལྷོད་པ་ལྟ་བུའི་མཛུམ་མདངས་དེ་བསྟན་པ་དང༌། དེ་ནས་མཆུ་ཏོ་མཛུབ་མོས་བཀབ་ནས་སྐུ་མགྲོན་ལ་གཞའ་གང་ཐུབ་བྱས། ངེད་གཉིས་ཀྱི་བར་ཐག་ན་ཡོལ་བ་ལྟ་བུའི་སྒྲིབ་མཚམས་ཤིག་ཡོད་པའི་ཚོར་སྣང་དེ་ནི་ཇེ་ཆེ་ནས་ཇེ་ཆེར་སོང༌།
ལྔ།
“གསེར་གྱི་རྒྱན་ཆ་དག་ཕྱིར་སྤྲད་པར་བཀའ་དྲིན་ཆེ། མ་གཞི་ཁྱེད་གཉིས་ཀྱི་འཚོ་བའང་མ་འགྲིག་པ་གང་ཡང་མི་འདུག མ་འོངས་པར་བུ་ཕྲུག་འདྲ་བོར་བསམ་བློ་གཏོང་ས་ནི་ཡོད་པ་མ་རེད། ངས་རྒྱན་ཆ་དེ་དག་བཙོང་ནས་བྱིས་པ་གཅིག་གཉིས་ཤིག་ཕྱི་རྒྱལ་ལ་གཏོང་ཐུབ་ན་བསམ་པ་ཡིན།” སྐུ་མགྲོན་དེ་ཡང་བསྐྱར་ངའི་སྒོར་སླེབས་བྱུང༌། ཁ་ཉིན་གྱི་ཁོང་ཁྲོའི་སྐད་ཆ་དག་ལ་དགོངས་སེལ་ཞུ་ཆེད་ཡིན་པ་འདྲ།
“གསེར་གྱི་རྒྱན་ཆ་དག་ཕྱིར་སྤྲད་པར་བཀའ་དྲིན་ཆེ་་་་་༌།” ངས་ཆུང་མར་བལྟས་པ་ན། ཆུང་མས་ཁྲུས་ཁང་གི་སྒོ་སྲུབ་ནས་ངས་ཁྱེད་ལ་རྗེས་ནས་འགྲེལ་བཤད་རྒྱག་ཟེར་བའི་ལྐུགས་བརྡ་ཞིག་བསྟན་པ་དང༌། གཏན་དུ་མི་ལྷོད་པ་ལྟ་བུའི་འཛུམ་མདངས་དེ་སྟོན་ཙམ་བྱས་རྗེས་ཁྲུས་ཁང་གི་སྒོ་ག་ལེར་བརྒྱབ་བྱུང༌།
“མ་འོངས་པར་བུ་ཕྲུག་འདྲ་བོར་བསམ་བློ་གཏོང་ས་ནི་ཡོད་པ་མ་རེད།” ངའི་སེམས་པ་འཁྲུགས་སོང༌། ངེད་གཉིས་ཀྱི་བར་ཐག་ན་ཡོལ་བ་ལྟ་བུའི་སྒྲིབ་མཚམས་ཤིག་ཡོད་པའི་ཚོར་སྣང་དེ་ནི་ཇེ་ཆེ་ནས་ཇེ་ཆེར་སོང་བ་མ་ཟད། ཡོལ་བ་དེ་ད་ལྟ་རང་ཕྱེ་རྒྱུ་ཡོད་ན་ཅི་མ་རུང་སྙམ།
དྲུག
“དངུལ་སྒོར་དེ་དག་དགོས་མཁོ་བྱུང་བས་དེ་རིང་མེད་མ་ཟེར་རོགས་གནང༌།” དེ་རིང་ཡང་སྐུ་མགྲོན་ཞིག་སླེབས་བྱུང༌།
“དངུལ་སྒོར་དེ་དག་་་་་༌།”
“རེད། ཁྱེད་གཉིས་གཉེན་སྒྲིག་གི་ཉིན་དེར་གཡར་ནས་སོང་བའི་དངུལ་སྒོར་དེ་དག ཁྱེད་ཀྱི་ཆུང་མས་འགོར་འགྱངས་མི་བྱེད་པའི་ཁས་ལེན་བྱས་ཡོད་མོད། ད་བར་དུ་ལྷག་སོང༌། ད་དངོས་གནས་དགོས་མཁོར་ཐུག་སོང་བས། ཁྱོད་ཁོང་ཁྲོ་མ་ལངས་རོགས།”
“ཁོང་ཁྲོ་ལངས་ནས་ཅི་བྱེད། སྤྲོད་དགོས་པ་ཞིག་ཡིན་ན་ཅིས་ཀྱང་སྤྲོད་དགོས་མོད། འོན་ཀྱང་ངེད་གཉིས་ཀྱིས་གཞན་ལ་དངུལ་སྒོར་གཡར་མ་མྱོང༌། ཡང་གཅིག་བཤད་ན་ཆུང་མས་ཡོ་རོབ་སོགས་ནས་དངུལ་སྒོར་གང་མང་ཞིག་ཁྱེར་ནས་ཡོང་ཡོད་པས་གཞན་ལ་གཡར་དགོས་དོན་ཡང་མེད། ཁྱེད་རང་མི་ནོར་བ་འདྲ།” ངས་སྐུ་མགྲོན་ལ་གདོང་ནག་པོ་བསྟན་པ་ཡིན།
“ད་ཁྱེད་ཀྱིས་འཁྲབ་སྟོན་བྱེད་དགོས་པ་མ་རེད། ཁྱེད་ཀྱི་ཆུང་མ་དང་ངེད་གཉིས་རྡ་རམ་ས་ལ་ནས་མཉམ་དུ་འཚར་ལོངས་བྱུང་བ་རེད། ཕྱི་རྒྱལ་དང་ཡོ་རོབ་ལ་སོང་བ་ཡིན་ཟེར་ནས་ལབ་རྒྱག་དོན་ག་རེ་ཡོད། ཕོ་གསར་མང་པོའི་རྐུབ་གཡོག་རྒྱུག་པ་དེར་ཟེར་གྱི་ཡོད་དམ། དངོས་གནས་ངོ་ཚ་ཟེར་བ་ཞིག་མི་འདུག”
“ཁྱོད་་་ཁྱོད་་༌།”
བདུན།
“ངེད་གཉིས་བཟའ་འཐོར་བྱ།” ངས་རེ་བ་བཏོན་པ་ཡིན།
“ང་ལ་ཕྲུ་གུ་སྐྱེ་རྒྱུ་མེད་པས་རེད་དམ། ང་ཡོ་རོབ་ཀྱི་མི་སེར་མིན་པས་རེད་དམ། ཆུང་མས་ད་དུང་གཏན་དུ་མི་ལྷོད་པ་ལྟ་བུའི་འཛུམ་མདངས་དེ་བསྟན་ནས་གཏིང་འདྲི་བྱས་བྱུང༌།” ངའི་ཐོག་མའི་ཚོར་སྣང་དེ་འགྲིག་ཡོད་པ་འདྲ། ད་ནི་ངེད་གཉིས་ཀྱི་བར་ཐག་གི་ཡོལ་བ་དེ་ག་ལེར་ཕྱེ་ནས་འགྲོ་བཞིན་འདུག
“ངས་དེ་དག་ལ་ཁ་ཡ་བྱེད་ཀྱི་མེད། འོན་ཀྱང་བཟའ་འཐོར་བྱེད་རྒྱུ་དེ་ངའི་ད་ལྟའི་རེ་བ་ཡིན། མགོ་གཡོག་མགོ་སྐོར་འོག་ནས་མི་ཚེ་འཁྱོལ་ཐབས་བྱེད་པ་དེ་ལས་ཐབས་རྡུགས་ཤིག་ག་ལ་ཡོད། དེ་བས་ད་ལྟ་རང་འཐོར།” ངས་བཟོད་སྒོམ་མ་ཐུབ་པས་རེ་བ་ཤུགས་ཆེན་བཏོན་པ་ཡིན།
“ངས་ཁྱེད་ལ་ཞུ་བ་འཐེན། ང་མ་གཡུགས་རོགས།”
“ངས་་་་་༌།” ངས་སྒོ་འགྲམ་གྱི་ཁ་ལ་ཡུག་གི་འདམ་ཚང་དུ་བལྟས་ནས་ནམ་ཞིག་ཕྱིར་འཕུར་ཡོང་བར་རེ་སྒུག་གིས་སེམས་པ་གཡེང་ཐབས་བྱས་པ་ལས་མུ་མཐུད་ཁ་རྩོད་བརྒྱབ་མེད།
བརྒྱད།
གཅེན་པོ་སླེབས་བྱུང༌། ཆུང་མའི་སྐྲ་ལོ་ནས་འཇུས་ཏེ་གཅར་རྡུང་བྱེད་འགོ་བརྩམས།
“དེ་ལྟར་བྱེད་མི་དགོས། བཙན་ཚུགས་དང་མགོ་སྐོར་གྱིས་དུས་ཚོད་འདའ་ཐབས་མེད་པས། ད་ནི་རང་རང་སར་འགྲོ་རན་སོང༌།” ངས་དེ་ལྟར་བཤད་རྗེས་ཕྱི་ལ་བུད་པ་ཡིན། སྒོ་འགྲམ་གྱི་ཁ་ལ་ཡུག་གི་འདམ་ཚང་དུ་བལྟས་པ་ན། ཁ་ལ་ཡུག་ཕྱིར་འཕུར་ནས་སླེབས་བྱུང༌། ངའི་བློ་སེམས་གཉིས་བདེ་ལ་བབས་སོང༌།
སྒོ་འགྲམ་གྱི་ཁ་ལ་ཡུག་གི་འདམ་ཚང་དུ་བལྟས་པ་ན། ཁ་ལ་ཡུག་ཕྱིར་འཕུར་ནས་སླེབས་བྱུང༌།
དེས་ན་ད་དུང་གཏན་དུ་མི་ལྷོད་པ་ལྟ་བུའི་འཛུམ་མདངས་དེ་ཆགས་ཞེན་ཡོད་པ་འདྲ།
ཨ་ལ་ལ་ལ། སྒྲུང་སྙན་པོ་བྲིས་ཡོད་ཀི ཉི་མ་མཚོ་ཟེར་ན་སུ་རེད། ཞི་ལི་རེད་དམ་ཞི་མོ་རེད། སྒྲུང་འབྲི་བའི་རྩོམ་རྩལ་ཡོད་ཀི་ཡ། དྲི་མེད་ཁ་བཏགས་ཞིག་དང་མཉམ་དུ་བྱ་དགའ་ཞིག་ཡོད། བྱ་དགའ་ཆེ་རྒྱུ་མེད་ལ་ཆུང་རྒྱུ་མེད་པ་ཞིག
ངས་ཕལ་ཆར་ལོ་གཉིས་ཀྱི་སྔོན་ཞིག་ལ་རྩོམ་པ་པོ་ཉི་མ་ཚོ་ཟེར་བ་ཞིག་གིས་བཏོན་པའི་དེབ་ཅིག་བཙོང་གི་ཡོད་པ་མཐོང་བྱུང་།་
སྐབས་དེར་ངས་བཙན་བྱོལ་ནང་དུ་སྦྱིན་བདག་རག་སོང་ན་ལྟོས་འཇོག་གི་གད་སྙིགས་གང་མང་སྤོང་ཡོང་བའི་རྣམ་པ་དེ་ཡིད་ལ་དྲན་དེ་
ལམ་སང་མི་ཉོ་ཞེས་བཤད་པར་ཐད།་ ད་ལྟ་ཁོ་མོས་རྩོམ་ལེགས་པོ་འདི་འདྲ་མཐོང་ཡོང་དུས་ང་བློ་འགྱོད་སྐྱེས་པར་བྱས་བྱུང།་
ཨ་་་་ཨ་་་་་ཨ
ཨ་རོགས་་་་ཉི་མ་མཚོ། འདི་་་ཁྱེད་བྲིས་ནོ་མ་རེད་པྰ།
ངོ་མ་བཙའ་ཡ་ཞིག་བྲིས་ཡོད་ཀི་ཡ།
་ན་ནིང་གི་ཉི་མ་མཚོ་་དེ་རེད་ཟེར་ན་རྣར་མི་འགྱོ་ནི་ཞིག་ཆགས་འདུག་ག
ཨ་་་ཨ་་་ཨང་་་ཨང་་་་
ཧྲ་ལ་ཤིས་དང་་་བུད་མེད་རྩོམ་པ་པོ་བཙའ་ཡ་མ་ཟིག་་ཡོང་རྒྱུ་རེད།
བཀྲ་ཤིས་བདེ་ལེགས། སྙན་པོ་བྲིས་འདུག
མདོ་ལྷ་ལགས། ཁྱོས་ཉི་མ་འཚོའི་གྲུ་ཟུར་ཞེས་པའི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་དེབ་དེ་བཀླགས་མྱོང་ངམ། གལ་སྲིད་མྱོང་ན་ཉི་མ་འཚོས་འདི་འདྲ་ཞིག་འབྲི་ཐུབ་པ་ཤེས་རྒྱུར་དཀའ་ངལ་མི་འདུག་ལགས།
ཉི་མ་འཚོ་འདི། ཁུ་སིམ་མེར་རྩོམ་བྲིས་ནས་འདུག་མཁན། ང་ཡིན་ཟེར་ནས་ང་རྒྱལ་མི་སྟོན་མཁན།
འདི་ཤེས་ཟེར་ནས་ཆེན་པོ་མི་བྱེད་མཁན། ཁུ་སིམ་མེར་རྩོམ་རྣོ་བོ་དེ་འདྲ་བྲིས་ནས་འདུག་གི་འདུག ཚིག་དོན་གཉིས་ཀར་གོ་རྒྱུ་ཡོད་མཁན་དེ་འདྲ་འབྲི་གི་འདུག
བཙན་བྱོལ་ནང་གི། ཆུ་སྐྱེས་སྒྲོལ་མ་དང་ལྕགས་མོ་འཚོ། གཟུངས་ཕྱུག་སྐྱིད། ཚེ་རིང་ལྷ་མོ་བཞི་བོའི་རྗེས་ནས། བུད་མེད་རྩོམ་འབྲི་བ་ཞིག་བཙལ་དགོས་ན།
ཉི་མ་འཚོ་འདི་རེད་བསམ། མུ་མཐུད་དུ་འབྲི་རོགས་གནང་།
རིག་འབྱུར་དོན་བཀྲ་ཚེ་རིང་སྐྱིད་གང་ལ་བུད་ཐལ། བཙན་བྱོལ་བུད་མེད་རྩོམ་པ་མོའི་གྲས་ནས་ཚེ་རིང་སྐྱིད་མ་མཐོང་ཁད་བྱེད་རྒྱུ་ཁག་པོ་རེད་བསམ། ཉི་མ་འཚོའི་རྩོམ་ཡག་པོ་དང་ཀློག་སྙིང་དྲོ་བོ་རེད་འདུག
xxxxx
ངས་ལན་ཞིག་མ་བརྒྱབ་ན་འགྲིག་གི་མེད་པ་འདྲ། རྒྱུ་མཚན། གོང་གི་མཆན་དེའི་ཁོངས་སུ་ཚེ་རིང་སྐྱིད་ཀྱི་མིང་དེ་མ་བཞག་པའི་ཡིན་པ་འདྲ།
གང་ལྟར། ངེད་ཀྱི་བསམ་ཚུལ་རྡོག་རྡོག་དེ་འདི་ཡིན། ང་ཀློག་པ་པོ་གཅིག་ཡིན། ངས་ཀློག་པ་པོ་གཅིག་གི་བསམ་ཚུལ་བཤད་གི་ཡོད།
ངས་ཀློག་པ་པོ་གཞན་གྱི་ཚབ་བྱེད་གི་མེད། དེར་བརྟེན། བསམ་ཚུལ་དེ་ཡང་ངེད་རང་སྒེར་གྱི་བསམ་ཚུལ་ཡིན།
རྩོམ་འབྲིའི་ཕྱོགས་ནས། ཉི་མ་འཚོ་དང་ཚེ་རིང་སྐྱིད་གཉིས་ལས། ངེད་རང་ཉི་མ་འཚོ་སྔོན་ལ་འཇོག་མཁན་གྱི་གྲས་ཡིན།
ངེད་རང་སྒེར་གྱི་བསམ་ཚུལ་ལ། ཚེ་རིང་སྐྱིད་ཀྱི་རྩོམ་དེ་ཚོ་ལས་ཉི་མ་འཚོའི་རྩོམ་དེ་ཚོ་ཡག་ག་འདུག སྤུས་ཚད་མཐོ་བ་འདུག
ཚེ་རིང་སྐྱིད་ལ་ཡང་རྗེས་སུ་ཡི་རངས་ཡོད། དེ་ཡང་མ་བརྗེད་པ་གནང་རོགས། དཔྱད་བསྡུར་བྱེད་དུས། གཅིག་མཐོ་ཙམ་དང་གཅིག་དམའ་ཙམ་ཡོང་བ་འདི་ཆོས་ཉིད་རེད།
གཞན། བུད་མེད་རྩོམ་འབྲི་བ་འདི་གཉིས་ཀར་བརྩི་འཇོག་ཡོད། དེ་ཙམ་ཡིན།
ངས་གཅིག་བཤད་ཀེ
གཞས་སྙན་མོ་ཚེ་རིང་སྐྱིད་ཀྱིས་ལེན། །
གཏམ་ཟབ་མོ་གཟུངས་ཕྱུག་སྐྱིད་ཀྱིས་བཤད། །
ཟས་ཞིམ་པོ་ཉི་མ་འཚོ་ཡིས་བཟོ། །
ཆང་ཞིམ་པོ་ཆུ་སྐྱེས་སྒྲོལ་མས་སྙོལ། །
ལོ་རྒྱུས་རིག་གནས་སྨྲ་བ་ཆུ་སྐྱེས་ཡག།
འཚོ་བ་མཚོན་པའི་སྒྲུང་བ་ཉི་མ་མཚོ།།
རང་གི་ཚོར་འདུ་སྨྲ་བ་ཚེ་རིང་སྐྱིད།།
འདི་གསུམ་བོད་མོ་བཀླགས་པའི་འཆར་སྣང་ཡིན།།
སྔོན་ཆད་བོད་མོ་མང་པོ་བཀླགས་མ་མྱོང་།།
ཕྱིན་ཆད་མང་ཙམ་ཀློག་པའི་འདུན་པ་ཡོད།།
རིག་འབྱུང་ཉམས་མྱོང་ང་ལས་ཕུན་ཚོགས་པས།།
ད་ཐེངས་ཁོང་གི་ཞལ་ལ་གདེང་འཇོག་བྱེད།།
ངས་ཀྱང་ཁོང་གི་སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་དེབ་དེ་གཅིག་ཉོས་པ་ཡིན། བཙན་བྱོལ་ནང་གི་དེབ་གཅིག་ལ་སྒོར་བརྒྱ་སྤྲོད་པ་དེ་ཐེངས་དང་པོ་ཡིན། རེད་དེ་དེབ་དེས་ང་བློ་ཡིད་ཚིམས་མ་སོང་། བུད་མེད་རྩོམ་པ་པོ་ཞིག་ལ་མཚོན་ན་བུད་མེད་ཀྱི་མིག་གིས་སྤྱི་ཚོགས་དང་འཚོ་བ་འབྲི་ན་རབ་རེད། ཕྱོགས་འདི་ནས་སྙན་ངག་མ་ཚེ་རིང་སྐྱིད་དང་ཉི་མ་འཚོ་གཉིས་ལ་བར་ཁྱད་ཆེན་པོ་འདུག དཔེར་ན་ཚེ་རིང་སྐྱིད་ཀྱི་༼ང་ཚོ་གནམ་གྱི་ཕྱེད་ཀ་ཡིན་༽པའི་ལྟ་བ་དང་བསྡུར་ན་ཉི་མ་འཚོའི་རྩོམ་འབྲིའི་ཁ་ཕྱོགས་ཤིན་ཏུ་མག་མོག་རེད་འདུག་ལ། མོར་མཚོན་ན་སྒྲུང་གཏམ་འབྲི་བ་ནི་གཏམ་རྒྱུད་སྙན་པོ་ཞིག་བཤད་རྒྱུ་ལས་མ་འདས། ད་མང་པོ་མི་བཤད།
ཡང་༼བཙུན་མ་ཞིག་གི་འཕྲིན་ཡིག་༽ཅེས་པ་དེ་ཡག་པོ་འདུག དེའི་ནང་གྲྭ་བ་ལ་སུན་འབྱིན་བྱེད་སྟངས་བརྒྱད་ཅུ་གྱ་གྲངས་ལོའི་བོད་ནང་གི་རྩོམ་རིག་དང་འདྲ་ས་ཡོད་ནའང་། མ་མཐའ་ཡང་བུད་མེད་ཀྱི་མིག་བེད་སྤྱོད་པས་སོ།། །།
ཤ་ཀླན་བུ་ལགས་བུད་མེད་གནམ་གྱི་ཕྱེད་ཀ་ཟེར་བའི་སྐད་ཆ་འདི་ལོ་ལྔ་བཅུའི་ཡར་སྔོན་ནས་རྒྱ་ནག་དམར་ཕྱོགས་གཙོ་འཛིན་མོ་ཡིས་བཤད་པའི་སྐད་ཆ་རྙིང་གོག་ཞིག་རེད་ཡ།ད་དུང་དེ་ཚེ་རིང་སྐྱིད་ཀྱི་ལྟ་བ་བཟོ་རེད་ཟེར་ན་དེ་ནི་རང་ཉིད་ལ་མཐོང་རྒྱ་ཐོས་རྒྱ་ཅང་མེད་ཀོ་རྟགས་རེད། ཚེ་རིང་སྐྱིད་ཡག་གི་ཟེར་ནས་བསྟད་ན་འགྲིག་འདུག དེ་མིན་ལྟ་བ་ཟེར་ནས་ཆེན་པོ་ཟིག་མ་བཤད་རོགས། འུ་ཚང་ལ་ཟས་ཅི་ཡོད་ཁྱིམ་མཚེ་རྒན་མོ་དང་གཏམ་ཅི་ཡོད་ལ་ཁའི་ལུག་རྫིར་གསལ་ནི་རེད་ཡ།
གཟུགས་ལང་ཚོ་རྒྱས་པ་ཚེ་རིང་སྐྱིད།།
དོན་ཟབ་མོ་སྟོན་ལ་གཟུངས་ཕྱུག་སྐྱིད།།
འགན་ལྕི་མོ་བསྒྲུབ་ན་ལྕགས་མོ་འཚོ།།
ཟས་སྒྲུང་གཏམ་གཡོས་མཁས་ཉི་མ་འཚོ།།
གླུ་ཆང་གཞས་སྐྱོར་ན་ཆུ་སྐྱེས་མ།།
གཏམ་སྨྲ་བ་དགོས་ན་གངས་ལྷ་མོ།།
འདི་བཙན་བྱོལ་བུ་མོའི་དྭངས་རྩེ་རེད།།
གཅིག་མཐོ་འདུག་དམའ་འདུག་བཤད་རྒྱུ་མེད།།
དེ་རེ་རེར་རང་རང་ཁྱད་ཆོས་ཡོད།།
དོན་མེད་སར་འཛིང་མོ་མ་བྱེད་ཨང་།།
མ་དེ་ཚོའི་རླུང་རྟ་རྒྱས་གྱུར་ཅིག།
བོད་ཕྱི་རབས་ཚང་ལ་ཕན་པར་ཤོག།