ལ་དྭགས་པ་བློ་བཟང་འཇམ་དཔལ། (ཀོ་ལིམ་སྦི་ཡ།)
རྩོམ་ཡིག་ཆ་ཚང་འདིར་(PDF) ནང་བཅུག་ཡོད་པས། དེ་ལ་གཟིགས་རོགས།ched-tshom-2
རྒྱལ་བའི་གསུང་རབ་ཆེད་དུ་བརྗོད་པའི་ཚོམས་འདི་ཉིད། བོད་ཀྱི་ཤེས་རིག་ཉམ་ཐག་པའི་སྐབས་སུ་བོད་གཞུང་གླེགས་བམ་སྡུད་ཅིང་། ཆོས་འབྱུང་ལ་མཁས་པའི་མཆོག་གྱུར། སྐུ་གཤེགས་གེ་ནེ་སྨིཐ། འཇམ་དབྱངས་རྣམ་རྒྱལ་མཆོག་གི་དགོངས་རྫོགས་ཕྱིར་དུ། ཀློག་པ་པོ་རྣམས་ལ་སྐྱེས་ལ་ཕུལ་པ་འདི་ཉིད་བཀླགས་ཏེ་བོད་ཀྱི་ཆོས་སྐད་ཡུན་རིང་དུ་གནས་པར་དམ་པ་དེའི་དགོངས་པ་བཞིན་གྲུབ་པར་གྱུར་ཅིག
ཆེད་དུ་བརྗོད་པའི་ཚོམས་ཀྱི་དཔེ་ཆ་འདི་ཉིད་ཀློག་གྲོགས་ཞུ་བའི་དམིགས་ཡུལ་གཙོ་བོ་ནི། ང་འདྲ་བའི་བོད་ཀྱི་གནའ་བོའི་སྐད་ཡིག་ལ་གཅེས་པ་རྣམས་ཀྱིས་ཡང་དང་ཡང་དུ་བལྟས་ཏེ། གནའ་བོའི་སྐད་ལ་སྦྱང་ཕྱིར་ལགས་ན། དེ་བཞིན་མཛོད་ཅིག ཞུ་བ་ཡིན། དཔེ་ཆ་འདི་བསྐྲུན་སྐབས་དང་། སྔོན་ལོ་བརྒྱ་ཕྲག་ནས་འོངས་པའི་ཡིག་ནོར་ཡང་ཡོད་སྲིད་པས་མཁྱེན་ལྡན་བློ་གསར་རྣམས་ཀྱིས་དག་པར་བྱས་ཏེ། བདག་ལ་གསུང་བ་དང་། རང་གི་བློ་གྲོས་ཀྱི་རྒྱ་མཚོ་ཆེན་པོའང་བོད་སྐད་ཡིད་བཞིན་ནོར་བུས་གཏམས་པར་མཛོད་ཅིག་ཅེས་ཞུ་བ་ལགས།
གསུང་རབ་འདི་ཉིད་ཚིགས་བཅད་སོ་སོར་ཕྱེས་ཏེ། ཨང་གྲངས་འགོད་པར་རྫོང་རྩེ་བྱམས་པ་ཐུབ་བསྟན་མཆོག་གིས་དེ་ལྟར་བཀོད་ཅིང་༡༩༩༠ ལོར་སྤར་པའི་དཔེ་ཆ་དེ་ཕན་ཐོགས་ཆེར་གྱུར་པས། དེ་ལྟར་མཛད་པར་ཁོང་ལ་བཀའ་དྲིན་ཆེའོ་ཞེས་ཞུ་འོས་པ་ལགས།
ཆེད་དུ་བརྗོད་པའི་ཚོམས་ཀྱི་ཚིགས་སུ་བཅད་པ་དག་ཏུ། ད་ལྟ་འདས་མ་འོངས་བསྐུལ་ཚིག་རྣམས་ན་གང་ཡོད་པ་དེའི་བྱ་ཚིག་གཞན་རྣམས་གང་ཡིན་པ་ལྟ་རྟོག་ཡོད་ན། བྱ་ཚིག་གཞན་ཀུན་ཤེས་པ་ལ་ཕན། དཔེར་ན། བྱེད་ཅེས་ཡོད་ན། དེ་ཉིད་ཀྱི་འདས་མ་འོངས་བསྐུལ་ཚིག རིམ་པ་བཞིན་དུ། བྱས། བྱ། བྱོས། ཞེས་པ་ཡིན་ཅིང་། དེ་བཞིན་དུ། བགྱིད་ཅེས་པ་ལ་ བགྱིས། བགྱི། གྱིས། ཞེས་པ་ལྟ་བུ་དང་། བྱེད་དང་བགྱིད་ཅེས་བྱ་ཚིག་འདི་གཉིས་དོན་གཅིག་པར་མཐོང་། སྩོལ། སྩལ། སྩལ། སྩོལ། ཞེས་ད་ལྟ་འདས་མ་འོངས་བསྐུལ་ཚིག་བཅས་རིམ་བཞིན་ལགས་ཤིང་། ད་ལྟ་དང་བསྐུལ་ཚིག་ལ་སྩོལ་ཞེས་ཡིག་གཟུགས་འདྲ་ཡང་། སྔོན་གྱི་ཡི་གེ་འབྲི་ལུགས་ལྟར་ན་ད་ལྟ་བའི་སྩོལ་ལ་ད་ཡང་འཇུག་མེད། བསྐུལ་ཚིག་གི་སྩོལ་ལ་ད་ཡང་འཇུག་ཡོད། དེ་བཞིན་འདས་པའི་སྩལ་ལ་ད་ཡང་འཇུག་ཡོད། མ་འོངས་སྩལ་ལ་ད་ཡང་འཇུག་མེད། འོན་ཀྱང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་དུ།
མགོ་ཅན་བས་འཕུལ་ཕལ་ཆེར་།
བྱེད་པ་པོ་ནི་ད་ལྟ་དང་།
བྱ་ཡུལ་མ་འོངས་པར་བསྡུས་ནས།
འདས་ལ་བས་འཕུལ་ཡང་འཇུག་ཡོད།
ད་ལྟ་བ་ལ་གཉིས་ཀ་མེད།
མ་འོངས་འཕུལ་ཡོད་ཡང་འཇུག་མེད།
སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།
ཅེས་པའི་ཕལ་ཆེར་ཞེས་པའི་སྒྲ་ལ་དགོངས་པ་མ་བཞེས་པར་མགོ་ཅན་ཀུན་ལ་རིགས་བགྲེ་བཏངས་པའི་དིང་དུས་ཀྱི་ཚིག་མཛོད་དག་ལ་ཚད་མར་འཛིན་པའི་མཁས་པར་གྲགས་པའི་བྲིས་དག་ཏུ་སྣང་བར་མ་ཟད་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་ལ་ཡང་བསླད་བཤོར་འདུག་པས་འདིའི་རིགས་ལ་རང་རེས་གཟབ་དགོས་སོ།
དེ་ཡང་ཤེས་རབ་སྙིང་པོ་ན། སྩལ་ནས། ཞེས་དང་། རྡོ་རྗེ་གཅོད་པ་ན། སྩལ་ཏོ། ཞེས་མ་གཏོགས་འདས་ཚིག་ལ་བསྩལ་ཅེས་མཐོང་སྣང་ལ་མེད། སྔར་གྱི་གཞུང་དཔེ་དག་ལ་ཁུངས་མཛད་དེ། ཞ་ལུ་ལོ་ཆེན་ཆོས་སྐྱོང་གིས་ཟ་མ་ཏོག་ན་འདི་ལྟར་བཀོད།
བཀའ་སྩལ་པ་དང་དངོས་གྲུབ་སྩལ།
དངོས་གྲུབ་སྩོལ་དང་སྩལ་དུ་གསོལ།
སྦྱིན་པ་ཚུལ་བཞིན་སྩལ་བགྱི་སོགས།
ས་མགོ་ལྡན་པའི་ཙ་ཡིག་གོ།
ཞེས་དང་། དཔལ་ཁང་ལོ་ཙ་པ། ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེས་དག་ཡིག་ངག་གི་མ་སྒྲོན་མ་ནའང་།
བཀའ་སྩལ་དངོས་གྲུབ་སྩལ་དང་སྩོལ།
སྦྱིན་པ་སྩལ་བགྱི་བགྱིད་དུ་སྩལ།
སྩལ་དུ་གསོལ་སོགས་སར་དཏགས་ཙའོ།
ཞེས་སོགས་གསལ། མཁས་མཆོག་གཉིས་ཀའི་གསུང་རྩོམ་ན། སྩོལ་གྱི་ད་ལྟ་འདས་མ་འོངས་བཅས་དུས་གསུམ་ཚང་བར་མངོན། དེས་ན་སྩོལ་བའི་འདས་ཚིག་ལ། བསྩལ། ཞེས་བ་ཡིག་སྔོན་འཇུག་འབྲི་བའི་མཁས་པ་རྣམས་ཀྱིས་བོད་ཀྱི་ཡིག་སྐད་ལ་བག་ཡོད་པར་མཛོད་ཅིག
དེ་ཡང་། སྩལ་བ། ཞེས་མ་ཡིན་པར། སྩལ་པ། ཞེས་འབྲི་དགོས། སྩལ་ལ་དིང་སང་ད་ཡང་འཇུག་ཕོ་ཡིག་དངོས་སུ་མེད་ནའང་ད་བཤུལ་དབང་གིས་མིང་མཐར་ཕོ་ཡིག་པ་དྲངས་པ་གཞུང་དཔེ་དག་ན་མཆིས་སོ།
དེ་བཞིན་དུ། དགོངས་ལ་དགོང་དང་། ལྡང་ལ་འདང་སོགས་འབྲི་བ་ནི་ཚད་ལྡན་གྱི་དག་ཆ་དང་མི་མཐུན་སྟེ། ཟ་མ་ཏོག་ན།
དགོངས་པ་དང་ནི་ཕྱི་དྲོའི་དགོངས།
་ ་ ་
སྟན་ལས་ལྡང་དང་འཁོབས་པའི་ལྡང་། ཞེས་དང་།
ངག་སྒྲོན་ན། དགོངས་མོ་ ཞེས་དང་། སྟན་ལས་ལྡང་། ལྡང་ཚད།
སྤྱོད་འཇུག་ན།
ས་ཕྱོགས་འདི་ཀོ་ཀོས་གཡོག་ཏུ།
དེ་སྙེད་ཀོ་བས་ག་ལ་ལྡང་། ལེའུ་ ༥ ཚིགས་བཅད་ ༡༣
ཞེས་དང་།
དེ་བཞིན་ཕྱི་རོལ་དངོས་པོ་ཡང་།
བདག་གིས་ཕྱིར་བཟློག་མི་ལྡང་གི ༡༤
དིང་སང་གི་དཔེ་ཆ་དག་ན། ལང་ཞེས་ཟུར་ཆག་པ་འདོན། ཟུར་མ་ཆག་པར་འདོན་ན་ལྡང་ཞེས་གནའ་བོའི་སྒྲ་འབོད་ཚུལ་བཞིན་དུ་འདོན་དགོས་པར་སྣང་ངོ་།
བདག་ཅག་ཡུལ་གངས་ཅན་པའི་ཡི་གེ་བྱེད་པ་པོ་དག་དང་། ལྷག་པར་གསར་ཤོག་དང་དུས་དེབ་སོགས་ལ་ཕྱག་ལས་མཛད་པ་པོ་དག་གིས་ཐུགས་སྣང་གཞག་ན་བོད་ཁ་བ་ཅན་གྱི་རིག་གཞུང་ཡུན་རིང་པོར་གནས་པ་ལ་ཞབས་འདེགས་སུ་འགྱུར་བས་ཐུགས་ལ་མངའ་བར་འཚལ་ལོ།
སྒོམ་སྡེ་ལྷ་རམས་པ་དྲྭ་རྒྱར་མཐོང་བ་མི་འདུག གང་ཡིན་མི་ཤེས། གཅིག་ན། ལུང་ཞིག་དབུ་མ་འཇུག་པའི་རང་འགྲེལ་མེད་བཞིན་དུ་དེ་ན་འདུག་ཅེས་ཕོ་ཚོད་ཀྱིས་བཤད་པ་དེ་ཉིད་འཇུག་པ་རང་འགྲེལ་སྤར་མ་འདི་ཡི་ཤོག་གྲངས་འདི་ན་ཞེས་བསྟན་དགོས་པ་ལ་དེ་འདྲ་བསྟན་མ་ཐུབ་པས། སླར་མཁས་པའི་འདུན་སར་རྩོམ་བྲིས་ཀྱི་ངོ་གདོང་བསྟན་པ་ལ་ངོ་ཚ་མཛད་པ་ཡིན་ཤས་ཆེའོ།
ཞར་དུ་ཞུ་དགོས་པ་ཞིག་ནི། ལོ་སྔོན་མར་སྒོམ་སྡེ་ལྷ་རམས་པས་བདག་ལ་དགག་པ་མཛད་པའི་སྐབས་སུ། མི་ཞིག་གིས་བདག་གི་ཡོན་ཏན་མང་པོ་ཞིག་བྲིས་ཡོད་ཀྱང་། བདག་ལ་དེ་འདྲ་བའི་ཡོན་ཏན་གཏན་ནས་མེད། ལྷག་པར་དུ་ཡོན་ཏན་མང་པོ་ཞིག་བྲིས་པ་དེ་དག་ཏན་ཏན་རྗེ་བཙུན་བླ་མ་དམ་པ་ས་སྐྱ་པ་སྡེ་གཞུང་རིན་པ་ཆེ་དང་ནོར་ནས་བྲིས་སོ་སྙམ། གོང་ས་མཆོག་གིས་ག་དུས་ཡིན་ནའང་བདག་ལ་ལ་དྭགས་འཇམ་དཔལ་ཞེས་གསུང་བ་ཡོད། འདི་ཉིད་སྔ་མོ་ན་དེ་མ་ཐག་ཏུ་ཁྱེད་ཀློག་པ་པོ་རྣམས་ལ་སྙན་གསན་ཞུ་དགོས་ཀྱང་། སེམས་གཡེངས་ནས་རྗེས་སུ་ལུས་པར་དགོངས་དག་དང་། བདག་རང་རྒྱ་གར་ལ་ལན་གཉིས་ཕྱིན་པ་དང་། ལུས་ཁམས་མ་བདེ་བས་སྨན་པ་བསྟེན་དགོས་པ་དང་། སློབ་གྲྭར་སློབ་འཁྲིད་སོགས་ལས་མང་གིས་ཁ་བརྡར་མཇལ་ལོང་མ་བྱུང་བ་ལ་ཡང་དགོངས་དག་ཞུ།
སྒོམ་སྡེས་དགག་པ་མཛད་པའི་སྐབས་དེར་མཁས་པ་ཞིག་གིས་ཨམ་སྐད་དུ། འཇམ་དཔལ་ཟེར་མཁན་དེ་ཨུ་ཚུགས་ཅན་ཞིག་ཡོད་ཅེས་བྲིས་འདུག་པ་ནི། ལོ་ངོ་འགའ་ཤས་སྔོན་དུ་མདོ་སྨད་པ་ཧོར་གཙང་འཇིགས་མེད་མཉམ་དུ་པ་བ་འཇུག་ཚུལ་ལ་རང་ལུགས་དམ་པོར་འཛིན་པ་ལ་ཨུ་ཚུགས་ཅན་དུ་གཟིགས་སོ་སྙམ།
བདག་གིས་ལོ་སྔོན་མར་ཉེ་དུས་སྤར་པའི་བསྟན་འགྱུར་དང་། ཆོས་ལུགས་སོ་སོའི་གཞུང་དཔེ་དག་རྟག་སྦྱོར་དང་གུས་སྦྱོར་གྱིས་མཇལ་ཏེ་མ་དག་པ་རྣམས་དཔེ་གཞན་དག་དང་གོ་བསྡུར་གྱིས་ཞུས་དག་བྱས་པའི་འདྲ་བཤུས་བདག་ཅག་གི་རྣམ་འདྲེན་པད་དཀར་འཆང་དང་། ཁ་བརྡ་གཟིགས་པ་པོ་རྣམས་དང་། བོད་ཕྱི་ནང་མཁས་པ་གཟུ་བོར་གནས་པ་མང་པོས་ལེགས་པའི་བྱ་བ་ཡིན་པར་ངོས་འཛིན་མཛད། ལྷག་པར་པད་དཀར་འཆང་བའི་དྲུང་ཡིག་མཆོག་ནས། མར་ཡུལ་ལ་དྭགས་པ་བློ་བཟང་འཇམ་དཔལ་ཞེས་པ་ནས། དོ་འཁུར་ཆེ་བཞེས་ཀྱིས་མཛོད་རྩ་བ་དང་རང་འགྲེལ། དབུ་མ་རིན་ཆེན་འཕྲེང་བ། སྤྱོད་འཇུག་སོགས་ལ་དག་ཆ་ནོར་ཡོད་མེད་ཞིབ་འཇུག་གིས་ནོར་བཅོས་བྱས་པ་འཐུས་ལེགས་བྱུང་འདུག་ཅེས་༧བཀའ་སྤྱི་ཕེབས་བྱུང་སོང་བ་དེ་དོན་དགོངས་འཇག་འཚལ། ཞེས་དེ་མ་ཐག་ཏུ་བཀའ་ལན་ཡོད་པ་ནི་བོད་ཀྱི་རིག་གཞུང་ལ་ཐུགས་གཅེས་ཆེན་པོ་ཡོད་པའི་རྟགས་སུ་མངོན། དེ་བཞིན་འཇམ་དབྱངས་མཁྱེན་བརྩེ་མཆོག་སྤྲུལ་རིན་པོ་ཆེ་དང་། སེ་ར་སྨད་མཁན་ཟུར་རིན་པོ་ཆེ་སོགས་གངས་ལྗོངས་ཕྱི་ནང་གི་བོད་ཀྱི་རིག་གཞུང་སྐད་ཡིག་ལ་གཅེས་པ་རྣམས་ནས་མཐུན་འགྱུར་གྱི་བཀའ་ལན་བྱུང་། སེམས་སྐྱོ་དགོས་པ་ཞིག་ནི། བོད་ཀྱི་སྲིད་གཙོ་ལ་ཡིག་སྐད་དག་ཆ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་གང་ཤེས་ཀྱིས་ཐབས་ཤིག་ཡོད་པ་དེ་བཞིན་མཛད་གྲོགས་ཞུས་པ་དང་། བོད་ཀྱི་དུས་བབ་ལ་རིན་འབབ་གང་མཆིས་ཀྱང་འབུལ་ངེས་བདག་གིས་འབད་པས་གྲུབ་པའི་དག་བཅོས་ཤོག་ལྡེབས་དེ་དག་སྤར་བར་མངགས་ཀྱང་། དེ་དག་གིས་ལན་ཙམ་ཡང་བསྐུར་མ་བྱུང་།
བདག་གིས་བོད་ཡིག་དག་ཆ་རྣམས་གཞུང་དཔེ་དག་མཐུན་པར་དམ་དུ་འཛིན་པར་འགའ་ཤས་ཀྱིས་འདི་དང་འདི་འགྲིག་མི་འདུག་མ་གླེང་བར་ཨུ་ཚུགས་ཅན་དུ་ངོས་འཛིན་མཁན་དང་། སྒོམ་སྡེས་བཀོད་པའི་སྐྱོན་བཏོན་པ་དུ་མ་ཞིག་ཡོད་ཀྱང་། དེ་དག་ལས་དངོས་གནས་བདེན་པ་གཅིག་ནི། ཚེ་རངས་པར་འཚོ་ཞེས་པ་དེ་ཉིད་ཚེ་རིངས་པར་འཚོ་ཞེས་པ་དེ་ཡིན། དེ་འདྲ་བྱུང་བའང་དཧ་ས་སྤར་མར་ཚེ་རིངས་པར་འཚོ་ཞེས་མ་དག་པ་ལ་བརྟག་དཔྱད་ལེགས་པར་མ་བྱུང་བ་ཁས་བླངས་བྱས་པ་ཡིན།
བདག་རང་བོད་ཀྱི་དག་ཆ་ལ་དོ་སྣང་ལོ་གཞོན་དུས་ན་ཡོད། ལོ་ངོ་དྲུག་ཅུ་ཙམ་སྔོན་ངག་སྒྲོན་གྱི་དཔེ་ཆ་ཞིག་མཇལ། ཚིག་མང་པོ་བསྒྲིགས་པ་དེ་དག་ཡི་གེ་དག་ཆ་ཤེས་པའི་ཆེད་དུ་ཡིན་ན། རང་གིས་བློར་འཛིན་པའི་དཔེ་ཆའི་ཚིག་རྣམས་ཀྱི་དག་ཆ་ཀུན་བློ་ལ་ངེས་པར་བྱ་ན། ཟུར་དུ་ངག་སྒྲོན་ལ་དམིགས་བསལ་སྦྱང་དགོས་པ་མི་འདུག་སྙམ་ནས་རང་གི་དཔེ་ཆའི་དགེ་རྒན་མཆོག་ལ་ཞུས་པས་གཅིག་པ་ཡིན་གསུངས། དེ་ནས་ལོ་གསུམ་བཞི་རྗེས་སུ་ལ་དྭགས་སུ་གྲྭ་པ་བདག་རང་ལས་ལོ་གཉིས་ཙམ་རྒན་པ་ཞིག་ལ་བཀའ་འགྱུར་དཔེ་ཆ་ཞིག་གི་ཚིག་འགའ་ཤས་ཀྱི་དག་ཆ་མིག་གིས་མ་བལྟས་པར་བཤད་པ་ན། དེ་འདྲ་ག་ཙུག་ལ་བྱུང་ཞེས་དྲིས་པ་དྲན།
དེ་བཞིན་དུ་བོད་དང་ལེགས་སྦྱར་གཉིས་ཀའི་སྐད་ཤེས་པ་ལ་ཕན་ནོ་སྙམ་ནས། གྲོང་ཁྱེར་གསལ་ལྡན་དུ་ལེགས་སྦྱར་སྐད་སྦྱོང་དུས་སློབ་དཔོན་སྙན་དངགས་པ་ཆེན་པོ་རྟ་དབྱངས་ཀྱིས་མཛད་པའི་མཛེས་དགའ་བོའི་སྙན་དངགས་ཆེན་པོ་བོད་ཀྱི་སྐད་ལ་སྒྱུར་བའི་ལས་བྱས་ཏེ། ༡༩༦༥་ཙམ་ལ་ལེའུ་ལྔ་ཙམ་བསྒྱུར་ནས་མཚམས་བཞག་པ། སླར་ལོ་ངོ་ཉི་ཤུ་ཙམ་རྗེས་སུ་རྫོགས་པར་གྲུབ་སྟེ། ཆོས་འཁོར་གནས་ཀྱི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་༡༩༩༩ ལ་སྤར་ཏོ། དེ་བཞིན་དབུ་མ་རྒྱན་རྩ་འགྲེལ་སྡེ་དགེ་སྤར་མ་ཤོག་གྲངས་སུམ་ཅུ་སོ་བཞི་ཙམ་དང་། དབུ་མ་རིན་ཆེན་འཕྲེང་བའི་ཚིགས་བཅད་གཉིས་བརྒྱ་དང་བཅུ་གསུམ་ཙམ་དང་། སྤྱོད་འཇུག་དཀའ་འགྲེལ་སློབ་དཔོན་ཤེས་འབྱུང་བློ་གྲོས་ཀྱིས་མཛད་པ་ན་ལེགས་སྦྱར་ཚིགས་བཅད་མང་པོ་ཞིག་གི་དཀའ་འགྲེལ་ལེགས་སྦྱར་རྩ་མེད་དུ་སོང་བ་དག་གི་སླར་ལེགས་སྦྱར་བཟོ་བ་ལ་སློབ་དཔོན་མཁས་པ་ཆེན་པོ་དེ་རྣམས་ཀྱི་གསུང་རྩ་བའི་ལེགས་སྦྱར་དང་བོད་འགྱུར་མཉམ་བསྡུར་ལན་མང་བྱས། གང་ཐུབ་རྒྱ་གར་ལེགས་སྦྱར་མཁས་པ་ལ་གཏུགས་ཤིང་ཞུས་དག་བྱས། ད་དུང་དེ་དག་ལ་སློབ་སྦྱོང་བྱེད་བཞིན་པ་ཡིན། དེ་བཞིན་སློ་དཔོན་བཙུན་པ་ཟླ་བ་སྟེ། ཙནདྲ་གོ་མི་ཞབས་ཀྱིས་མཛད་པའི་ སློབ་མ་ལ་སྤྲིངས་པ། ཞུ་ཆེན་གྱི་ལོ་ཙ་པ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་པའི་བོད་དཔེ་དེ་དང་ལེགས་སྦྱར་རྩ་བ་གཉིས་གོ་བསྡུར་བྱས་གྱིས་སློབ་སྦྱོང་བྱས། ད་ལྟར་རྙེད་པའི་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར། ལེགས་སྦྱར་རྒྱ་དཔེ་དང་། སྐ་བ་དཔལ་བརྩེགས་བསྒྱུར་དང་། བདག་གི་བསྒྱུར་དཔེ་གསུམ་མཉམ་དུ་བདག་གི་གློག་ཀླད་ན་ཡོད། ཁྱེད་རྣམས་ན་འགའ་ཞིག་གཟིགས་འདོད་མཆིས་ན། འབུལ་ཆོག་ཅེས་གུས་ཕྱག་བཅས་ལ་དྭགས་པ་འཇམ་དཔལ་ནས་ ༢༠༡༠ ༡༢ ༡༢ ལ་ཕུལ།
༄༅། །རྒྱ་གར་སྐད་དུ།
ཨུ་དཱན་བརྒ།
བོད་སྐད་དུ།
ཆེད་དུ་བརྗོད་པའི་ཚོམས།
བམ་པོ་དང་པོ།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
བཀྲ་ཤིས་པར་གྱུར་ཅིག
༡
རྒྱལ་བས་ཆེད་དུ་བརྗོད་གསུངས་པ།
བདག་གིས་རབ་ཏུ་བཤད་པར་བྱ།
གཉིད་དང་རྨུགས་པ་རྣམ་སོལ་ལ།
ཡིད་ལ་དགའ་བ་བསྐྱེད་དེ་ཉོན།། ༡ །།
ཐམས་ཅད་མཁྱེན་པ་སྐྱོབ་པ་པོ།
ཐུབ་པ་ཆེན་པོ་ཐུགས་བརྩེ་བ།
སྐུ་ཡི་ཐ་མ་འཛིན་པའི་ཚེ།
བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས།། ༢ །།
ཀྱེ་མ་འདུས་བྱས་རྣམས་མི་རྟག
སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།
སྐྱེས་ནས་འཇིག་པར་འགྱུར་བ་སྟེ།
དེ་དག་ཉེ་བར་ཞི་བ་བདེ།། ༣ །།
དེ་ལྟར་རབ་ཏུ་འབར་བ་ལ།
ཅི་ཞིག་དགར་ཡོད་མགུར་ཅི་ཡོད།
མུན་པའི་ནང་ཞུགས་གནས་པ་དག །
ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད།། ༤ །།
རུས་པ་ཐི་བའི་མདོག་འདྲ་བ།
བོར་བ་གང་ཡིན་འདི་དག་ནི།
ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ།
དེ་མཐོང་འདི་ལ་ཅི་ཞིག་དགའ།། ༥ །།
གང་གི་ནུབ་མོ་ཁོ་ན་ནས།
མངལ་དུ་དང་པོར་ཞུགས་པའི་མི།
དེ་ནི་སྡོད་མེད་འགྲོར་འགྱུར་ཞིང༌།
སོང་བ་ལས་ཀྱང་ལྡོག་པ་མེད།། ༦ །།
སྔ་དྲོ་སྐྱེ་བོ་མང་མཐོང་བ།
ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།
ཕྱི་དྲོ་སྐྱེ་བོ་མང་མཐོང་བ།
སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།། ༧ །།
སྐྱེས་པ་བུད་མེད་མང་པོ་དང༌།
དར་ལ་བབ་པའང་འཆི་འགྱུར་ན།
དེ་ལ་མི་འདི་གཞོན་ཞེས་ཏེ།
གསོན་པའི་གདེང་དྲོད་ཅི་ཞིག་ཡོད།། ༨ །།
ཁ་ཅིག་མངལ་དུ་འཆི་བར་འགྱུར།
དེ་བཞིན་ཁ་ཅིག་བཙས་པའི་སར།
དེ་བཞིན་ཁ་ཅིག་གོག་ཙམ་ལ།
དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།། ༩ །།
ལ་ལ་རྒན་དང་ལ་ལ་གཞོན།
ལ་ལ་དར་ལ་བབ་པའི་མི།
རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ།
འབྲས་བུ་སྨིན་པ་ལྟུང་འགྱུར་བཞིན།། ༡༠ །།
དཔེར་ན་འབྲས་བུ་སྨིན་པ་རྣམས།
ལྷུང་བས་རྟག་ཏུ་འཇིགས་པ་ལྟར།
དེ་བཞིན་སྐྱེས་པར་གྱུར་པའི་མི།
རྟག་ཏུ་འཆི་བས་འཇིགས་པར་འགྱུར།། ༡༡ །།
དཔེར་ན་རྫ་མའི་མཁན་པོ་ཡིས།
འཇིམ་པ་ལས་ནི་སྣོད་བྱས་པ།
ཐམས་ཅད་ཐ་མར་འཇིག་པ་ལྟར།
མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། ༡༢ །།
དཔེར་ན་ཐགས་ནི་བརྐྱང་བ་ལ།
སྤུན་ནི་གང་དང་གང་བཅུག་པའི།
སྤུན་གྱིས་རྟིང་ལ་གཏུགས་པ་ལྟར།
མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། ༡༣ །།
དཔེར་ན་ངེས་པར་གསད་པ་དག
གོམ་པ་གང་དང་གང་བོར་བས།
བསད་སའི་དྲུང་དུ་བསྙེན་པ་ལྟར།
མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། ༡༤ །།
ཆུ་ཀླུང་བྲག་ཏུ་འབབ་པའི་རྒྱུན།
ལྡོག་པ་མེད་པ་ཇི་ལྟ་བར།
དེ་བཞིན་མི་ཡི་ཚེ་འགྲོ་བ།
སླར་ནི་ལྡོག་པར་འགྱུར་བ་མེད།། ༡༥ །
དཀའ་བ་ཉིད་དང་ཐུང་བ་དང༌།
དེ་ཡང་སྡུག་བསྔལ་ལྡན་པ་དག
མྱུར་བ་ཁོ་ནར་འཇིག་འགྱུར་ཏེ།
ཆུ་ལ་དབྱུ་གུས་བྲིས་པ་བཞིན།། ༡༦ །།
དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས།
ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར།
དེ་བཞིན་ནད་དང་རྒ་བ་ཡིས།
མི་རྣམས་འཆི་བདག་དྲུང་དུ་སྐྱེལ།། ༡༧ །།
ཆུ་བྲན་གྱི་ནི་ཆུ་ལྟ་བུར།
ཉིན་དང་མཚན་མོ་འདས་པ་ཡིས།
མི་རྣམས་ཚེ་ཡང་ཟད་འགྱུར་ཞིང༌།
སྲོག་ཀྱང་ཉེ་བར་འཇིག་པར་འགྱུར།། ༡༨ །།
མེལ་ཚེ་བྱེད་ལ་མཚན་མོ་རིང༌།
ལམ་གྱིས་དུབ་ལ་རྒྱང་གྲགས་རིང༌།
དམ་ཆོས་རྣམ་པར་མི་ཤེས་པའི།
བྱིས་པ་རྣམས་ལ་འཁོར་བ་རིང༌།། ༡༩ །།
བདག་ལ་བུ་ཡོད་དེ་བཞིན་དུ།
ནོར་ཡོད་ཅེས་པས་བྱིས་པ་བརླག
ཕྱི་རོལ་ནང་ན་བདག་མེད་ན།
སུ་ཡི་བུ་ཡིན་ཅི་ཞིག་ནོར།། ༢༠ །།
སྐྱེས་པ་བུད་མེད་རྣམས་ཀྱི་རིགས།
བརྒྱ་དང་སྟོང་ཕྲག་མང་པོ་དང༌།
ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང༌།
འཆི་བདག་དབང་དུ་འགྲོ་བར་འགྱུར།། ༢༡ །།
བསགས་པ་ཀུན་གྱི་མཐའ་ཟད་ཅིང༌།
བསླང་བའི་མཐའ་ནི་འགྱེལ་བར་འགྱུར།
ཕྲད་པའི་མཐའ་ནི་འབྲལ་བ་སྟེ།
གསོན་པའི་མཐའ་ནི་འཆི་བ་ཡིན།། ༢༢ །།
གསོན་མཐའ་འཆི་བ་ཡིན་པས་ན།
སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང༌།
དགེ་སྡིག་འབྲས་བུར་ཉེར་འགྲོ་བའི།
ཇི་བཞིན་ལས་ཀྱི་རྗེས་སུ་འབྲང༌།། ༢༣ །།
སྡིག་པའི་ལས་ཀྱིས་དམྱལ་བ་དང༌།
བསོད་ནམས་བྱས་པས་བདེ་འགྲོ་སྟེ།
གཞན་དག་གིས་ནི་ལམ་བསྒོམས་པས།
ཟག་མེད་མྱ་ངན་འདས་པར་འགྱུར།། ༢༤ །།
གང་ཡང་སངས་རྒྱས་རང་སངས་རྒྱས།
སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌།
སྐུ་ལུས་འདི་ནི་སྤོང་མཛད་ན།
སྐྱེ་བོ་ཕལ་པ་སྨོས་ཅི་དགོས། ༢༥ །།
གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི།
ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།
བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད།
རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན།། ༢༦ །།
བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ།
ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌།
དེ་ཀུན་འཇིག་པར་མཁས་པས་རྟོགས་གྱིས་ཏེ།
ཆོས་ལ་གནས་ཀྱིས་ཚངས་པར་སྤྱད་པ་སྤྱོད།། ༢༧ །།
རྒ་བ་མཐོང་ཞིང་ནད་ཀྱི་སྡུག་བསྔལ་དང༌།
སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི།
སྟོན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི།
འཇིག་རྟེན་ཕལ་པས་འདོད་སྤོང་ནུས་རེ་སྐན།། ༢༨ །།
རྒྱལ་པོའི་ཤིང་རྟ་ཤིན་ཏུ་བཀྲ་བའང་འཇིག
དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར།
དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ།
མི་མཆོག་གཞན་རྟོགས་བྱེད་ཅིང་རྒ་མི་འགྱུར།། ༢༩ །།
རྒ་བ་ཁྱོད་ནི་བླུན་ཞིང་ངན།
ཁྱོད་ནི་མི་རིགས་བྱེད་པ་སྟེ།
ཡིད་དུ་འོང་བའི་གཟུགས་འདི་ཡང༌།
ཁྱོད་ཀྱིས་མངོན་པར་བཅོམ་པར་འགྱུར།། ༣༠ །།
གང་ཞིག་ལོ་ནི་བརྒྱར་འཚོ་བ།
དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད།
འདི་དག་ར་བར་འགྱུར་བའམ།
ཡང་ན་ན་བའམ་འཆི་བས་འཇོམས།། ༣༡ །།
རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང༌།
ཉིན་དང་མཚན་དུ་རབ་ཏུ་འཇིག་པ་དང༌།
སྐྱེ་དང་འཆི་བའི་འཇིགས་པ་དང་ལྡན་པ།
ཆུ་ཚན་ནང་དུ་གདུངས་པའི་ཉ་དང་འདྲ།། ༣༢ །།
ཚེ་འདི་ཉིན་དང་མཚན་མོ་དང༌།
འགྲོ་བ་དང་ནི་འདུག་པ་ན།
ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ།
ཕྱིར་མི་ལྡོག་པར་འགྲོ་བར་འགྱུར།། ༣༣ །།
ཆུ་ཆུང་ནང་གི་ཉ་ལྟ་བུར།
གང་ཞིག་ཉིན་མཚན་འདའ་བ་ཡིས།
ཚེ་འདི་ཤིན་ཏུ་ཐུང་འགྱུར་ན།
དེ་ལ་དགའ་བར་བྱར་ཅི་ཡོད།། ༣༤ །།
གསོན་མཐའ་འཆི་བ་ཡིན་པའི་ཕྱིར།
ལུས་འདི་ཡོངས་སུ་རྒ་བ་དང༌།
ནད་ཀྱི་ཚང་འདི་མྱུར་འཇིག་ཅིང༌།
རྣག་གི་ཚོགས་ཀྱང་འཇིག་པར་འགྱུར།། ༣༥ །།
ཀྱེ་མ་ལུས་འདི་མི་ཐོགས་པར།
སྟོང་ཞིང་རྣམ་ཤེས་དང་བྲལ་ན།
དུར་ཁྲོད་བོར་བའི་མགལ་དུམ་ལྟར།
ས་ཡི་སྟེང་དུ་འགྱེལ་བར་འགྱུར།། ༣༦ །།
རྒྱུན་དུ་ནད་ཀྱིས་མངོན་གདུངས་ཤིང༌།
རྟག་ཏུ་མི་གཙང་འཛག་པ་དང༌།
རྒ་དང་འཆི་བས་ཚེར་འགྲིབ་པའི།
ལུས་འདི་དོར་བ་ཅིར་མི་རུང༌།། ༣༧ །།
མྱུར་དུ་འཇིག་ཅིང་ན་བ་དང༌།
རྣག་དང་ལྡན་པའི་ལུས་འདི་ཡིས།
གྲུབ་དང་བདེ་བ་བླ་མེད་པ།
ཞི་མཆོག་དོན་དུ་གཉེར་བར་གྱིས།། ༣༨ །།
དགུན་ཀ་དང་ནི་དཔྱིད་ཀ་དང༌།
དབྱར་ཀ་ འདི་དག་བྱའོ་ཞེས།
བྱིས་པ་རྣམ་པར་སེམས་བྱེད་པས།
བར་ཆད་མཐོང་བར་མ་གྱུར་ཏོ།། ༣༩ །།
བུ་དང་ནོར་ཕྱུགས་འབྱོར་པ་ལ།
མི་ཡི་ཡིད་ནི་རྣམ་ཆགས་པ།
འཆི་བདག་གིས་ནི་བླངས་ནས་འགྲོ།
ཉལ་གྲོང་ཆུ་བོས་བདས་པ་བཞིན།། ༤༠ །།
འཆི་བའི་དུས་ལ་བབ་པ་ན།
བུ་རྣམས་སྐྱབས་སུ་མི་འགྱུར་ཞིང༌།
ཕ་ཡང་མ་ཡིན་གཉེན་འདུན་མིན།
ཁྱོད་ལ་སྐྱབས་སུ་འགྱུར་བ་མེད།། ༤༡ །།
འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ།
དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས།
དེ་ལྟར་མི་འདི་ཡོངས་སུ་ཤོམ་པ་ན།
རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ།། ༤༢ །།
དེ་ལྟར་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག
བརྩོན་པ་བསྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས།
བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་གནོན་ལ།
དགེ་སློང་དག་གོ་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས།། ༤༣ །།
མི་རྟག་པའི་ཚོམས་ཏེ་དང་པོའོ།།
༢
ཀུན་རྟོག་ལས་ནི་འདོད་སྐྱེས་པས།
འདོད་པའི་རྩ་བར་ཤེས་གྱིས་ལ།
ཁྱོད་ནི་ཀུན་རྟོག་མ་བྱེད་དང༌།
དེས་ན་ཁྱོད་ལ་འབྱུང་མི་འགྱུར།། ༡ །།
འདོད་པ་རྣམས་ལས་མྱ་ངན་སྐྱེ།
འདོད་པ་རྣམས་ལས་འཇིགས་པ་འབྱུང༌།
འདོད་པ་དག་ནི་རྣམ་སྤངས་ན།
མྱ་ངན་མེད་ཅིང་འཇིགས་པ་མེད།། ༢ །།
དགའ་བ་རྣམས་ལས་མྱ་ངན་སྐྱེ།
དགའ་བ་རྣམས་ལས་འཇིགས་པ་འབྱུང༌།
དགའ་བ་དག་ནི་རྣམ་སྤངས་ན།
མྱ་ངན་མེད་ཅིང་འཇིགས་པ་མེད།། ༣ །།
འདོད་དགའི་རྣམ་སྨིན་སྡུག་བསྔལ་དེ།
དང་པོ་མངར་ལ་འབྲས་བུ་ཚ།
མེ་སྒྲོན་ལག་ནས་མ་བོར་བ།
མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན།། ༤ །།
ནོར་བུའི་རྣ་ཆ་བུ་དང་བུ་མོ་ལ།
ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན།
ལྕགས་ཤིང་གྲེས་མ་ལས་བྱས་ཆིང་མ་གང༌།
དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས།། ༥ །།
འདོད་པའི་ཆིང་མ་གང་ཡིན་དེ་ལྷོད་ཀྱང༌།
རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པས་གསུངས།
བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར།
དེ་དག་གཏུ་བས་ནས་མྱུར་དུ་འགྲོ་བར་བྱེད།། ༦ །།
འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི།
སྐྱེས་བུའི་ཀུན་རྟོག་གང་ཡིན་འདོད་པ་ཡིན།
འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི།
འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ།། ༧ །།
མི་རྣམས་ལ་ནི་རྟག་པའི་འདོད་པ་མེད།
འདོད་ཅན་གང་ལ་ཆགས་དེ་མི་རྟག་པས།
ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོངས་ལ།
འཆི་བའི་གནས་མི་འགྱུར་བར་བྱོས་ཞེས་གསུངས།། ༨ །།
འདུན་པ་སྐྱེས་ཤིང་ཟད་པར་མི་བྱེད་དམ།
སེམས་ལ་སྐྱོན་མེད་པ་དང་དྲན་པ་དང༌།
འདོད་པ་རྣམས་ལ་སོ་སོར་མ་ཆགས་གང༌།
དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས།། ༩ །།
མགར་བ་ཡིས་ནི་དངུལ་བཞིན་དུ།
བློ་གྲོས་ལྡན་པས་རིམ་པ་བཞིན།
སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ།
རང་གི་དྲི་མ་བསལ་བར་བྱ།། ༡༠ །།
ལྷམ་མཁན་གྱིས་ནི་ཀོ་བ་དང༌།
ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར།
འདོད་པ་གང་དང་གང་སྤངས་པ།
དེ་དེ་བདེ་བ་ཕུན་སུམ་ལྡན།། ༡༡ །།
གལ་ཏེ་བདེ་བ་ཀུན་འདོད་ན།
འདོད་པ་ཐམས་ཅད་ཡོངས་སུ་སྤོངས།
འདོད་པ་ཐམས་ཅད་ཡོངས་སྤངས་པས།
མཆོག་ཏུ་བདེ་བ་ཐོབ་པར་འགྱུར།། ༡༢ །།
ཇི་སྲིད་འདོད་པའི་རྗེས་འབྲང་བ།
དེ་སྲིད་བར་དུ་ངོམས་མི་འགྱུར།
དེ་ལས་གང་དག་ཤེས་རབ་ཀྱིས།
ལྡོག་བྱེད་དེ་དག་ཚིམ་པ་ཐོབ།། ༡༣ །།
འདོད་པས་ངོམས་པར་མི་འགྱུར་བས།
ཤེས་རབ་ཀྱིས་ནི་ངོམས་པ་བསྐྱེད།
ཤེས་རབ་ཀྱིས་ནི་ངོམས་པའི་མི།
སྲེད་པའི་དབང་དུ་མི་འགྱུར་རོ།། ༡༤ །།
འདོད་ལ་ཆགས་པའི་མི་གང་ཡིན།
དེ་དག་ཀྱེ་མ་ཆོས་མིན་དགའ།
ཅུང་ཟད་གསོན་པོར་འདུག་པ་ན།
བར་ཆད་མཐོང་བར་མི་འགྱུར་རོ།། ༡༥ །།
བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པ།
ཕ་རོལ་ཚོལ་བར་མི་བྱེད་ཅིང༌།
བསམ་བརླག་འདོད་ལ་སྲེད་པ་ཡིས།
བདག་དང་གཞན་ཡང་ཕུང་བར་བྱེད།། ༡༦ །།
ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང༌།
འདོད་པ་རྣམས་ཀྱིས་ངོམས་མི་འགྱུར།
འདོད་པ་མནོག་ཆུང་ཉེས་མང་བར།
མཁས་པ་རྣམས་ཀྱིས་ཁོང་དུ་ཆུད།། ༡༧ །།
ལྷ་ཡི་འདོད་པ་རྣམས་ལ་ཡང༌།
ལྷག་པར་དགའ་བར་མི་འགྱུར་གྱི།
རྫོགས་སངས་རྒྱས་དང་ཉན་ཐོས་རྣམས།
སྲེད་པ་ཟད་པས་དགྱེས་པར་འགྱུར།། ༡༨ །།
གངས་ཅན་དང་ནི་མཉམ་པ་ཡི།
གསེར་གྱི་རི་བོ་ཡོད་གྱུར་ཀྱང༌།
ནོར་དེས་གཅིག་ཀྱང་མི་ཚིམ་པར།
རྟོགས་པར་གྱིས་ལ་ལེགས་པར་སྤྱོད།། ༡༩ །།
གང་དག་སྡུག་བསྔལ་དེ་ཡི་རྒྱུར་ཤེས་པ།
དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར།
འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས།
དེ་དག་གདུལ་ཕྱིར་བསྟན་པ་སློབ་པར་བྱེད།། ༢༠ །།
འདོད་པའི་ཚོམས་ཏེ་གཉིས་པའོ།
༣
ལུས་ཅན་རྣམ་པར་རྟོག་པས་རབ་བཅོམ་ནས།
འདོད་ཆགས་མི་བཟད་གཙང་བར་རྗེས་ལྟ་བས།
འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ།
རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད།། ༡ །།
གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང༌།
མི་སྡུག་སྒོམ་པ་རྟག་ཏུ་དྲན་བྱེད་དེ།
དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ཡིས།
རང་གི་འཆིང་བ་དེ་དག་འདྲུལ་བར་བྱེད།། ༢ །།
འདོད་པ་མུན་ནག་དྲ་བས་གཡོགས།
སྲེད་པའི་དགབ་པས་བཀབ་པ་དང༌།
བག་མེད་འཆིང་བས་བཅིངས་པ་དག།
ཚེད་མར་ཆུད་པའི་ཉ་དང་འདྲ།། ༣ །།
སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ།
འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང༌།
རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།
མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ།། ༤ །།
མི་དག་དྲན་པར་བྱེད་དང་ཆགས་བྱེད་དང༌།
ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག།
དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམ།
ཚལ་ནང་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས།། ༥ །།
མི་གང་རྟག་ཏུ་བདེ་བར་འདོད་བྱེད་པ།
སྐྱེ་དང་རག་བར་ཉེ་བར་འགྲོ་འགྱུར་ཞིང༌།
སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་བདར།
རྒྱ་ནང་རི་བོང་ཡོངས་སུ་རྒྱུག་པ་བཞིན།། ༦ །།
སྲེད་པ་རྣམས་ཀྱིས་འདུད་པའི་སེམས་ཅན་དག
སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང༌།
ཀུན་སྦྱོར་རོ་ལ་དགའ་བའི་བྱིས་པ་རྣམས།
ཡང་དང་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར།། ༧ །།
སྐྱེ་བོ་གྲུབ་དང་བདེ་བ་དང་བྲལ་ཞིང༌།
བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།
རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།
མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ།། ༨ །།
འདི་ན་སྲེད་པ་དེ་འདྲ་སྤོང་བྱེད་པ།
སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང༌།
དགེ་སློང་སྲེད་པ་ཟིལ་གྱིས་གནོན་བྱེད་པ།
ལྷག་མ་མེད་པར་ཡོངས་སུ་མྱ་ངན་འདའ།། ༩ །།
གང་ཞིག་འཇིག་རྟེན་སྤང་དཀའ་བའི།
སྲེད་པའི་བུད་མེད་འདིས་བཀོལ་བ།
དེ་ཡི་མྱ་ངན་འཕེལ་འགྱུར་ཏེ།
རྩྭ་ལ་ཆར་པ་བབ་པ་བཞིན།། ༡༠ །།
གང་ཞིག་འཇིག་རྟེན་སྤང་དཀའ་བའི།
སྲེད་པའི་བུད་མེད་འདི་སྤོང་བ།
དེ་ཡི་མྱ་ངན་ལྡོག་འགྱུར་ཏེ།
པདྨ་ལས་ནི་ཆུ་ཐིགས་བཞིན།། ༡༡ །།
དེའི་ཕྱིར་ཇི་སྙེད་འདིར་ལྷགས་པ།
ཁྱེད་ལ་སྨྲ་ཡིས་ཁྱེད་བདེ་ཤོག།
ཨུ་ཤིར་ཕྱིར་ནི་རྩྭ་བཞིན་དུ།
སྲེད་པ་རྩར་བཅས་དྲུངས་ནས་ཕྱུང༌།། ༡༢ །།
སྐྱེས་བུ་སྲེད་པ་དང་འགྲོགས་ན།
ཡུན་རིངས་དུས་སུ་འཁྱམ་འགྱུར་བས།
སྲེད་པ་དྲུངས་ནས་ཕྱུང་ཤིག་དང༌།
མྱ་ངན་མེད་ཅིང་འཇིགས་པ་མེད།། ༡༣ །།
ཡང་དང་ཡང་དུ་ཉེར་ལེན་ཅིང༌།
ཡང་དང་ཡང་དུ་མངལ་དུ་འཇུག
གནས་སྐབས་འགྱུར་དང་གཞན་འགྱུར་བས།
སེམས་ཅན་འོང་དང་འགྲོ་བར་བྱེད།། ༡༤ །།
འདིར་ནི་སྤང་དཀའི་སྲེད་པ་དེ།
སྤོངས་ལ་ས་བོན་ཆོད་ཅིག་དང༌།
དེ་ལ་སྲེད་པ་མེད་འགྱུར་ཞིང༌།
དེ་ནི་ཡང་དུ་འཁོར་མི་འགྱུར།། ༡༥ །།
དལ་འབྱོར་ཆུད་ནི་མ་གཟན་པར།
གང་གིས་ལྷ་དང་མི་རྣམས་སུ།
དོན་གཉེར་བཅིངས་ནས་འཇོག་བྱེད་པ།
ཡུལ་ལ་སྲེད་པ་དེ་ལས་རྒོལ།
སེམས་ཅན་དམྱལ་བར་སྐྱེས་ན་ཡང༌།
དལ་འབྱོར་ཐལ་བས་འགྱོད་པར་འོང་།། ༡༦ །།
གང་ཚེ་སྲིད་མཚོའི་རྒྱུར་འགྱུར་བ།
ཡུལ་ལ་སྲེད་པ་འབྲས་ཀྱི་གཞི།
འཁྲི་ཤིང་དྲ་བས་ཁེབས་བྱེད་པ།
གདུང་བར་བྱེད་པ་མ་བཏུལ་ན།
སྡུག་བསྔལ་འདི་ནི་ཡང་དང་ཡང༌།
རྣམ་པ་ཀུན་ཏུ་ལྡོག་མི་འགྱུར།། ༡༧ །།
དཔེར་ན་ལྗོན་ཤིང་རྩད་ནས་མ་བཏོན་ན།
བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད།
དེ་བཞིན་སྲེད་པའི་ཕྲ་རྒྱས་མ་བཏོན་ན༑
ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག། ༡༨ །།
དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན།
དེ་ཡིས་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར།
དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡི།
སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད།། ༡༩ །།
དེ་ལྟར་སྲེད་ལས་སྡུག་བསྔལ་དག
འབྱུང་བའི་ཉེས་དམིགས་ཤེས་གྱིས་ཏེ།
སྲེད་སྤོངས་ཉེ་བར་ལེན་མེད་དང༌།
དྲན་ལྡན་དགེ་སློང་ཀུན་དུ་རྒྱུས།། ༢༠ །།
སྲེད་པའི་ཚོམས་ཏེ་གསུམ་པའོ།།
༤
བག་ཡོད་འཆི་མེད་གནས་ཡིན་ཏེ།
བག་མེད་པ་ནི་འཆི་བའི་གནས།
བག་ཡོད་འཆི་བར་མི་འགྱུར་ཏེ།
བག་མེད་པ་ནི་རྟག་ཏུ་འཆི།། ༡ །།
དེ་ཡི་ཁྱད་པར་དེ་རིག་པས།
མཁས་པ་རྣམས་ནི་བག་དང་ལྡན།
བག་ཡོད་པ་ལ་རབ་དགའ་བ།
འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན།། ༢ །།
དེ་ལ་རྒྱུན་དུ་སྒོམ་པ་དང༌།
རྟག་ཏུ་ཕ་རོལ་གནོན་བརྟན་པའི།
བརྟན་པས་གྲུབ་བདེ་བླ་མེད་པའི།
མྱ་ངན་འདས་ལ་རེག་པ་ཡིན།། ༣ །།
གང་ཚེ་མཁས་པས་བག་ཡོད་པས།
བག་མེད་བཅོམ་པ་དེ་ཡི་ཚེ།
ཤེས་རབ་ཁང་བཟངས་སྟེང་འཛེགས་ནས།
མྱ་ངན་མེད་པས་གདུང་བཅས་དང༌།
བརྟན་རྣམས་རི་བོའི་སྤོ་དག་ལ།
ས་སྟེངས་བྱིས་པ་རྣམས་ལ་ལྟ།། ༤ །།
བརྩོན་འགྲུས་དང་ནི་བག་ཡོད་དང༌།
ཡང་དང་སྡོམ་དང་དུལ་བ་ཡིས།
མཁས་པ་གླིང་དུ་བྱས་ནས་ནི།
ཆུ་བོ་ཆེན་པོ་མངོན་དུ་བཟློག། ༥ །།
བརྩོན་འགྲུས་ལྡན་ཞིང་དྲན་དང་ལྡན་པ་དང༌།
སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང༌།
ཡང་དག་སྡོམ་དང་ཆོས་ཀྱིས་འཚོ་བ་དང༌།
བག་ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ།། ༦ །།
ལྷག་པའི་སེམས་ལ་བག་བྱ་སྟེ།
ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།
ཉེར་ཞི་རྟག་ཏུ་དྲན་ལྡན་པའི།
སྐྱོབ་པ་མྱ་ངན་མེད་པ་ཡིན།། ༧ །།
དམན་པའི་ཆོས་ལ་མི་རྟེན་ཅིང༌།
བག་མེད་པ་ལ་བརྟན་མི་བྱ།
ལོག་པར་ལྟ་ལ་འདོད་མེད་དང༌།
འཇིག་རྟེན་འཕེལ་བར་མི་བྱའོ།། ༨ །།
འཇིག་རྟེན་པ་ཡི་ཡང་དག་ལྟ།
ཆེན་པོ་སུ་ལ་ཡོད་གྱུར་པ།
དེ་ནི་ཚེ་རབས་སྟོང་དུ་ཡང༌།
ངན་འགྲོར་བར་མི་འགྱུར་རོ།། ༩ །།
བག་མེད་པ་ལ་སྦྱོར་བྱེད་པ།
སྐྱེ་བོ་བྱིས་པ་བསམ་བརླག་ཡིན།
ཚོང་དཔོན་ནོར་རྣམས་སྲུང་བ་ལྟར།
མཁས་པས་བག་དང་ལྡན་པར་བྱ།། ༡༠ །།
བག་མེད་པ་ལ་མི་སྦྱོར་ཞིང༌།
འདོད་ལ་དགའ་བ་མི་སྩོགས་དང༌།
རྟག་ཏུ་བག་ཡོད་སེམས་བྱེད་པ།
ཟག་པ་ཟད་པ་ཐོབ་པར་འགྱུར།། ༡༡ །།
ཟག་པ་ཟད་པ་མ་ཐོབ་ཀྱང༌།
དུས་འདིར་བག་མེད་མི་བྱ་སྟེ།
རི་དྭགས་མ་ཡིས་སེང་གེ་ལྟར།
བག་མེད་པ་དག་བསད་པར་འགྱུར།། ༡༢ །།
བག་མེད་ཕ་རོལ་བུད་མེད་སྟེན་བྱེད་པའི།
མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང༌།
བསོད་ནམས་མི་ཐོབ་པ་བདེ་བར་མི་ཉལ་དང༌།
གསུམ་པ་སྨད་འགྱུར་བཞི་པ་དམྱལ་བར་འགྱུར།། ༡༣ །།
བསོད་ནམས་མ་ཐོབ་སྡིག་པའི་འགྲོ་བ་དང༌།
འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང༌།
རྒྱལ་པོའི་ཆད་པ་ཆེན་པོས་གཅོད་འགྱུར་ཞིང༌།
ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད།། ༡༤ །།
གང་ཞིག་བདག་བདེ་ལྟ་འདོད་པ།
དེས་ནི་གོང་མ་བཞིན་དུ་བྱ།
བྱིས་པའི་ཤིང་རྟ་བཞིན་འགྱུར་བས།
བརྟན་པས་བརྩོན་འགྲུས་ཞན་མི་བྱ།། ༡༥ །།
དཔེར་ན་བྱིས་པའི་ཤིང་རྟ་དག
ལམ་ཆེན་བཟང་པོ་བོར་ནས་སུ།
ལམ་ངན་དག་ཏུ་འགྲོ་བྱེད་པས།
མིག་ཆགས་སེམས་ཁོང་ཆུད་པ་ལྟར།། ༡༦ །།
དེ་བཞིན་ཆོས་ནི་སྤངས་ནས་ཀྱང༌།
ཆོས་མིན་རྗེས་སུ་འཇུག་བྱེད་པའི།
བྱིས་པ་འཆི་བདག་དབང་འགྲོ་ཞིང༌།
མིག་ཆགས་བཞིན་དུ་བཅོམ་པ་འཐོབ།། ༡༧ །།
གང་ཞིག་བྱ་བ་རྣམས་སྤངས་ནས།
མི་བྱ་བ་དག་བྱེད་པ་དང༌།
བག་མེད་པ་ཡིས་རློམ་བྱེད་པ།
དེ་དག་རྣམས་ཀྱི་ཟག་པ་འཕེལ།
གང་གིས་ཟག་པ་འཕེལ་འགྱུར་བ།
དེ་ཡི་ཟག་མེད་རྒྱང་མ་ན།། ༡༨ །།
གང་ཞིག་ལུས་གཏོགས་དྲན་པ་དག
རྟག་ཏུ་ལེགས་པར་བརྩམས་པ་དང༌།
བྱ་བ་མ་ཡིན་མི་བྱེད་ཅིང༌།
རྒྱུན་དུ་བྱ་བ་བྱེད་པ་དང༌།
དྲན་དང་ཤེས་བཞིན་ལྡན་པ་དེའི།
ཟག་པ་རྣམས་ནི་ཟད་པར་འགྱུར།
གང་གི་ཟག་པ་ཟད་གྱུར་པ།
དེས་ནི་ཟག་མེད་ཐོབ་པར་འགྱུར།། ༡༩ །།
ཇི་ཙམ་མང་དུ་སྨྲ་བྱེད་པ།
དེ་དག་དམ་ཆོས་འཛིན་མ་ཡིན།
གང་དག་འདི་ན་ཐོས་ཉུང་ཡང༌།
ལུས་ཀྱིས་ཆོས་དག་མངོན་སུམ་བྱས།
གང་དག་ཆོས་ལ་བག་བྱེད་པ།
དེ་དག་དམ་ཆོས་འཛིན་པ་ཡིན།། ༢༠ །།
གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི།
བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར།
དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲངས་ལྟར།
དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན།། ༢༡ །།
གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང༌།
ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང༌།
འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ།
དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན།། ༢༢ །།
བག་ཡོད་བསྔགས་པ་བརྗོད་བྱེད་ཅིང༌།
རྟག་ཏུ་བག་མེད་ལ་སྨོད་པས།
བག་ཡོད་མཆོད་སྦྱིན་བརྒྱ་བ་ཡང༌།
ལྷ་རྣམས་ནང་ན་གཙོ་བོར་གྱུར།། ༢༣ །།
བྱ་བ་བྱས་རུང་མ་བྱས་རུང༌།
མཁས་པ་བག་ཡོད་བསྔགས་པ་བརྗོད།
བག་དང་བཅས་པའི་མཁས་པ་ཡིས།
དོན་གཉིས་རབ་ཏུ་ལེན་པར་བྱེད།། ༢༤ །།
ཚེ་འདིའི་དོན་ནི་གང་ཡིན་དང༌།
ཕྱི་མའི་དོན་ནི་གང་ཡིན་པ།
དེ་དག་བརྟན་པས་རྟོགས་པས་ན།
མཁས་པ་ཞེས་ནི་བརྗོད་པ་ཡིན།། ༢༥ །།
དགེ་སློང་བག་ཡོད་ལ་དགའ་ཞིང༌།
བག་མེད་པ་ལ་འཇིགས་ལྟ་བས།
བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།
འདམ་རྫབ་ལས་ནི་གླང་ཆེན་བཞིན།། ༢༦ །།
དགེ་སློང་བག་ཡོད་ལ་དགའ་ཞིང༌།
བག་མེད་པ་ལ་འཇིགས་ལྟ་བས།
སྡིག་པའི་ཆོས་རྣམས་སྦྲུལ་པར་བྱེད།
རླུང་གིས་ལྗོན་ཤིང་ལོ་མ་བཞིན།། ༢༧ །།
དགེ་སློང་བག་ཡོད་ལ་དགའ་ཞིང༌།
བག་མེད་པ་ལ་འཇིགས་ལྟ་བས།
ཀུན་དུ་སྦྱོར་བ་ཕྲ་སྦོམ་དག
མེ་ཡིས་བསྲེགས་པ་བཞིན་དུ་འགྲོ། ༢༨ །།
དགེ་སློང་བག་ཡོད་ལ་དགའ་ཞིང༌།
བག་མེད་པ་ལ་འཇིགས་ལྟ་བས།
ཀུན་དུ་སྦྱོར་བ་ཀུན་ཟད་པ།
རིམ་གྱིས་ཉམས་སུ་མྱོང་བར་འགྱུར།། ༢༩ །།
དགེ་སློང་བག་ཡོད་ལ་དགའ་ཞིང༌།
བག་མེད་པ་ལ་འཇིགས་ལྟ་བས།
འདུ་བྱེད་ཉེར་ཞི་ཞི་བ་ཡི།
ཞི་བའི་གོ་འཕང་སོ་སོར་རྟོགས།། ༣༠ །།
དགེ་སློང་བག་ཡོད་ལ་དགའ་ཞིང༌།
བག་མེད་པ་ལ་འཇིགས་ལྟ་བ།
མྱ་ངན་འདས་དང་ཉེ་བའི་ཕྱིར།
ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། ༣༡ །།
བརྩོན་འགྲུས་ལྡན་ཞིང་བག་ཡོད་དང༌།
ཆོས་སྤྱོད་ལེགས་པར་སྤྱོད་བྱེད་པ།
འཇིག་རྟེན་འདི་དང་ཕ་རོལ་དུ།
ཆོས་སྤྱོད་པ་ཡིས་བདེ་བ་ཐོབ།། ༣༢ །།
ཞི་ཕྱིར་བསླབ་པ་ལ་བརྟེན་དང༌།
རྩོལ་བ་དང་ནི་བརྩོན་འགྲུས་སྐྱེད།
མི་དྲན་པ་དང་བག་མེད་དང༌།
བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད།། ༣༣ །།
གཉིད་དང་སྙོམ་དང་གཡེང་བ་སྟེ།
འདི་དག་བསླབ་པའི་བར་ཆད་པས།
ཁྱེད་ཀྱིས་ཡན་ལག་དེ་རྟོགས་ལ།
དྲན་པ་ཆུད་ནི་མ་གཟན་ཅིག། ༣༤ །།
དགེ་སློང་ཚུལ་ཁྲིམས་བཟང་བ་དང༌།
བག་ཡོད་པ་ལ་དགའ་བ་ཡིས།
ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ།
རང་གི་སེམས་ནི་རྗེས་སུ་སྲུངས།། ༣༥ །།
བརྩམ་པར་བྱ་ཞིང་དབྱུང་བར་བྱ།
སངས་རྒྱས་བསྟན་ལ་འཇུག་པར་བྱ།
འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།
འཆི་བདག་སྡེ་ནི་གཞོམ་པར་བྱ།། ༣༦ །།
གང་ཞིག་ཆོས་འདུལ་འདི་ཉིད་ལ།
བག་དང་ལྡན་པར་སྤྱོད་བྱེད་པ།
སྐྱེ་བའི་འཁོར་བ་རབ་སྤངས་ནས།
སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། ༣༧ །།
བག་ཡོད་པའི་ཚོམས་ཏེ་བཞི་པའོ།།
༥
སྡུག་པ་རྣམས་ལས་མྱ་ངན་སྐྱེ།
སྡུག་པ་རྣམས་ལས་འཇིགས་པ་སྐྱེ།
སྡུག་པ་དག་ནི་རྣམ་སྤངས་ན།།
མྱ་ངན་མེད་ཅིང་འཇིགས་པ་མེད།། ༡ །།
སྡུག་གུ་མ་ལས་མྱ་ངན་སྐྱེ།
སྡུག་ལས་སྡུག་བསྔལ་སྡུག་ལས་འཇིགས།
སྡུག་གུ་མ་དག་གཞན་གྱུར་ན།
ཡི་མུག་འགྱུར་བ་ཐོབ་པར་བྱེད།། ༢ །།
འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང༌།
མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ།
དེ་དག་སྡུག་པ་དག་ལས་བརྟེན་ཏེ་འབྱུང༌།
སྡུག་པ་སྤངས་ན་དེ་དག་ཡོད་མི་འགྱུར།། ༣ །།
གང་ཕྱིར་འཇིག་རྟེན་འགའ་ནའང་སྡུག་མེད་པ།
གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད།
དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས།
ནམ་ཡང་སྡུག་པར་བྱེད་པ་མི་བྱའོ།། ༤ །།
སྡུག་པ་མ་མཐོང་སྡུག་བསྔལ་ལ།
མི་སྡུག་མཐོང་ནའང་དེ་བཞིན་པས།
ནམ་ཡང་སྡུག་དང་ཕྲད་མི་བྱ།
མི་སྡུག་དང་ཡང་ཕྲད་མི་བྱ།། ༥ །།
སྡུག་པ་དང་ནི་བྱེ་བྲལ་དང༌།
མི་སྡུག་པ་དང་ཕྲད་པ་ཡིས།
གང་གིས་མི་དག་རྒས་བྱེད་པའི།
མྱ་ངན་མི་བཟད་སྐྱེ་བར་འགྱུར།། ༦ །།
སྡུག་པ་ཤི་བར་གྱུར་པ་ན།
གཉེན་འདུན་མཛའ་བཤེས་མང་པོ་དག
ཡུན་རིངས་དུས་སུ་མྱ་ངན་དང༌།
སྡུག་དང་བྲལ་བས་སྡུག་བསྔལ་འགྱུར།། ༧ །།
གང་ལ་སྡུག་དང་སྡུག་མིན་མེད།
དེ་ལ་མདུད་པ་ཡོད་མིན་པས།
དེ་ལྟས་སྡུག་ཉིད་སྡིག་ཅན་ལ།
སྡུག་པར་བྱེད་པ་མི་བྱའོ།། ༨ །།
སྡུག་ལ་བལྟས་ཏེ་དོན་བཏང་ནས།
བདེ་སྦྱོར་རྣམས་ལ་མི་འཇུག་ཅིང༌།
བདག་ཉིད་མི་བདེའི་སྦྱོར་ལྡན་དག
བདེ་སྦྱོར་དོན་ལྡན་རྣམས་ལ་སྨོན།། ༩ །།
གཟུགས་སྡུག་བདེ་བས་བསྡམས་པ་དག
ལྷ་མི་སོ་སོའི་རིས་དག་ཏུ།
སྡིག་པ་བྱེད་ཅིང་ཡོངས་ཉམས་ནས།
རྒ་དང་འཆི་བའི་དབང་དུ་འགྲོ།། ༡༠ །།
གང་ཞིག་ཉིན་དང་མཚན་རྣམས་སུ།
བག་ཡོད་གཟུགས་སྡུག་སྤོང་བྱེད་པ།
དེས་ནི་སྤང་དཀའ་བདུད་ཟས་དང༌།
སྡིག་པའི་རྩ་བའང་དྲུངས་ནས་ཕྱུང༌།། ༡༡ །།
ལེགས་མིན་ལེགས་པའི་ཚུལ་དང་ནི།
སྡུག་མིན་སྡུག་པའི་ཚུལ་གྱིས་དང༌།
སྡུག་བསྔལ་བདེ་བའི་ཚུལ་གྱིས་སུ།
བགམེད་རྣམས་ནི་མངོན་དུ་འཇོམས།། ༡༢ །།
གལ་ཏེ་བདག་ལ་དགའ་བྱེད་ན།
ཉེས་པར་བྱེད་པས་བདེ་བ་དག།
བདེ་བླག་ཁོ་ནར་མི་འཐོབ་པས།
འདི་ནི་སྡིག་ལ་གཞུག་མི་བྱ།། ༡༣ །།
གལ་ཏེ་བདག་ལ་དགའ་བྱེད་ན།
ལེགས་པར་བྱེད་པས་བདེ་བ་དག
བདེ་བླག་ཁོ་ནར་ཐོབ་འགྱུར་བས།
འདི་ནི་སྡིག་ལ་གཞུག་མི་བྱ།། ༡༤ །།
དཔེར་ན་དགོན་པའི་གྲོང་ཁྱེར་དག
བརྟན་པའི་འོབས་ཀྱིས་བསྐོར་བ་དག
གལ་ཏེ་བདག་ལ་དགའ་བྱེད་ན།
འདི་ནི་བསྲུང་བས་ལེགས་པར་བསྲུང༌།། ༡༥ །།
གལ་ཏེ་བདག་ལ་དགའ་བྱེད་ན།
ཐུན་གསུམ་གང་ཡང་རུང་བ་ལ།
མཁས་པས་མེལ་ཚེ་བྱ་བ་ཡིས།
འདི་ནི་སྦ་བས་ལེགས་པར་སྦ།། ༡༦ །།
དཔེར་ན་དགོན་པའི་གྲོང་ཁྱེར་དག
ཕྱི་ནང་སྲུང་བར་བྱེད་པ་ལྟར།
དལ་འབྱོར་ཆུད་ནི་མི་ཟོས་བ།
དེ་ལྟར་བདག་ནི་བསྲུང་བར་བྱ།
སེམས་ཅན་དམྱལ་བར་སྐྱེས་ན་ཡང༌།
དལ་འབྱོར་ཐལ་བས་འགྱོད་པར་འོང༌།། ༡༧ །།
ཕྱོགས་རྣམས་ཀུན་ཏུ་སེམས་ཀྱིས་ཡོངས་བརྟགས་ཀྱང༌།
བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ།
དེ་ལྟར་སོ་སོར་གཞན་ལའང་རང་སྡུག་པས།
དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ།། ༡༨ །།
ཐམས་ཅད་ལ་ཡང་སྲོག་ནི་སྡུག
ཐམས་ཅད་ཆད་པས་འཇིགས་པ་ན།
རང་གི་ཉམས་ལས་དཔག་གྱིས་ཏེ།
བརྡེག་པར་མི་བྱ་གསད་མི་བྱ།། ༡༩ །།
རྒྱང་ཐག་བཅད་པར་སྤྱུགས་པའི་མི།
རིང་ནས་ཉེ་ཞོ་མེད་འོངས་ནས།
གཉེན་བཤེས་མཛའ་བོ་ལྷགས་ནས་སུ།
ཨ་ལ་ལ་ཞེས་མངོན་པར་དགའ།། ༢༠ །།
དེ་བཞིན་བསོད་ནམས་བྱས་པའི་མི།
འཇིག་རྟེན་འདི་ནས་ཕ་རོལ་དུ།
ཕྱིན་ཚེ་གཉེན་བཞིན་བསོད་ནམས་དག
འོངས་ནས་མངོན་པར་དགའ་བར་བྱེད།། ༢༡ །།
དེ་བས་འཇིག་རྟེན་ཕ་རོལ་གྱི།
ཆེད་དུ་བསོད་ནམས་བསགས་པར་གྱིས།
བསོད་ནམས་འཇིག་རྟེན་ཕ་རོལ་དུ།
ལུས་ཅན་རྣམས་ཀྱི་གནས་སུ་འགྱུར།། ༢༢ །།
གང་ཞིག་ལེགས་སྤྱད་སྤྱོད་བྱེད་པའི།
དགེ་ལ་ལྷ་རྣམས་བསྟོད་པར་བྱེད།
འདི་ནའང་སྨད་པར་མི་འགྱུར་ལ།
མཐོ་རིས་སུ་ཡང་དགའ་བ་འཐོབ།། ༢༣ །།
ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས།
ངོ་ཚ་ཤེས་ཤིང་བདེན་པར་སྨྲ།
རང་གི་བྱ་བ་བྱེད་པ་ལ།
སྐྱེ་བོ་གཞན་རྣམས་དགའ་བར་བྱེད།། ༢༤ །།
རང་གི་དོན་ནི་བྱེད་པ་ལ།
འདི་ལྟར་གཞན་རྣམས་དགའ་འགྱུར་ཞིང༌།
མཐོང་བའི་ཆོས་ལ་བསྔགས་པ་དང༌།
ཕ་རོལ་དུ་ཡང་བདེ་འགྲོར་འགྱུར།། ༢༥ །།
གཏམ་ན་གནང་བའི་ཚིག་སྨྲ་དང༌།
མི་རིགས་སྤྱོད་ལས་བཟློག་པ་ལ།
དམ་པ་རྣམས་ནི་དགའ་བར་བྱེད།
དམ་པ་མ་ཡིན་དགའ་མི་འགྱུར།། ༢༦ །།
དེ་བས་མཆོག་དང་མཆོག་མིན་པ།
ཤི་འཕོས་བྲལ་བར་གྱུར་པ་ན།
དམ་པ་མ་ཡིན་དམྱལ་བར་འགྲོ།
དམ་པ་མཐོ་རིས་འགྲོ་བར་འགྱུར།། ༢༧ །།
སྡུག་པའི་ཚོམས་ཏེ་ལྔ་བའོ།།
༦
བསྔགས་པར་འགྱུར་དང་ནོར་འཐོབ་དང༌།
ཕ་རོལ་བདེ་འགྲོར་དགའ་འགྱུར་བའི།
བདེ་བ་གསུམ་པོ་དོན་གཉེར་བའི།
མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ།། ༡ །།
འཕགས་དང་མཐོང་བ་ཕུན་ཚོགས་དང༌།
འཇིག་རྟེན་ཞི་བ་རྟེན་འགྱུར་བའི།
གནས་གཞན་འདི་དག་མཐོང་བ་ཡི།
མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ།། ༢ །།
ལུས་ལ་ཡོངས་སུ་གདུང་མེད་པར།
ཚུལ་ཁྲིམས་ཀྱིས་ནི་བདེ་བ་འཐོབ།
མཚན་མོ་བདེ་བར་ཉལ་བ་དང༌།
སད་པ་ན་ཡང་དགའ་བར་འགྱུར།། ༣ །།
སྦྱིན་པ་ཚུལ་ཁྲིམས་ལྡན་པ་དག
མཁས་པས་བྱས་པའི་བསོད་ནམས་ཀྱིས།
འདི་དང་ཕ་རོལ་དག་ཏུ་ཡང༌།
རྟག་ཏུ་བདེ་བ་འཐོབ་པར་འགྱུར།། ༤ །།
རྒན་པའི་བར་ལ་ཚུལ་ཁྲིམས་དགེ།
དད་ལ་རབ་ཏུ་གནས་ན་ལེགས།
མི་ཡི་རིན་ཆེན་ཤེས་རབ་སྟེ།
བསོད་ནམས་ཆེན་པོས་དབྲོག་པར་དཀའ།། ༥ །།
དགེ་སློང་ཚུལ་ཁྲིམས་ལ་གནས་ཤིང༑
དབང་པོ་རྣམས་ཀྱང་བསྡམས་པ་དང༌།
ཟས་ཀྱི་ཚོད་ནི་རིག་པ་དང༌།
མི་ཉལ་བ་ལ་འབད་པ་སྟེ།། ༦ །།
དེ་ལྟར་གནས་པར་བརྩོན་པ་དང༌།
ཉིན་མཚན་སྙོམས་ལས་མི་བྱེད་པ།
མྱ་ངན་འདས་དང་ཉེ་བའི་ཕྱིར།
ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། ༧ །།
མི་ནི་ཚུལ་ཁྲིམས་ལ་གནས་ནས།
སེམས་དང་ཤེས་རབ་སྒོམ་པ་ལ།
བརྩོན་ཞིང་ངེས་གནས་དགེ་སློང་གིས།
སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ༨ །།
དེའི་ཕྱིར་རྟག་ཏུ་ཚུལ་ཁྲིམས་དང༌།
ཏིང་ངེ་འཛིན་རྗེས་སུ་བསྲུང་བ་དང༌།
ལྷག་མཐོང་ལ་ནི་བསླབ་པ་དང༌།
ཤེས་བཞིན་སོ་སོར་དྲན་པར་བྱ།། ༩ །།
དེས་ནི་ཀུན་སྦྱོར་ཟད་བྱས་ནས།
ཡིད་བྲལ་ལྷག་མ་མེད་འགྱུར་ཏེ།
ལུས་ཞིག་ཤེས་རབ་ལྡན་པ་ཡིས།
བགྲང་དུ་མེད་པའི་མྱ་ངན་འདས།། ༡༠ །།
གང་ཞིག་ཚུལ་ཁྲིམས་ཏིང་ངེ་འཛིན་དང༌།
ཤེས་རབ་འདི་གསུམ་ལེགས་བསྒོམས་ཏེ།
ཤིན་ཏུ་དྲི་མེད་མཐར་ཕྱིན་ཅིང༌།
གདུང་མེད་ཡང་སྲིད་ཟད་འགྱུར་དང༌།། ༡༡ །།
ཆགས་པའི་འཆིང་ལས་རྣམ་གྲོལ་ཞིང༌།
ལུས་སྤངས་ཤེས་རབ་ལྡན་པ་དང༌།
བདུད་ཀྱི་ཡུལ་ལས་འདས་པ་དག
ཉི་མ་བཞིན་དུ་ལྷམ་མེར་འབར།། ༡༢ །།
དགེ་སློང་ཕྱི་དང་ནང་ཉིད་ལ།
བག་མེད་རློམ་པར་བྱེད་པ་ཡི།
ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམས།
ཡོངས་སུ་རྫོགས་པར་མི་འགྱུར་རོ།། ༡༣ །།
སྤྲིན་གྱིས་ཁེབས་ལས་ཆར་འབབ་ཅིང༌།
གནམ་ཐང་བ་ལས་ཆར་མི་འབབ།
དེ་བས་ཁེབས་པ་སོལ་ཅིག་དང༌།
འདི་ལྟར་ཆར་པ་འབབ་མི་འགྱུར།། ༡༤ །།
དེ་ལྟར་རྟག་ཏུ་མཐོང་བ་དང༌།
དགེ་སློང་ཚུལ་ཁྲིམས་སྡོམ་པ་ཡིས།
མྱ་ངན་འདས་པར་འགྲོ་བའི་ལམ།
མྱུར་བ་ཁོ་ནར་རྣམ་པར་འདག།། ༡༥ །།
མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ།
རྩ་བ་རྒྱ་སྤོས་ཙནྡན་རྣམས་ཀྱང་མིན།
དམ་པའི་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ།
ཕྱོགས་རྣམས་ཀུན་ཏུ་མི་མཆོག་དྲི་ཡིས་ཁྱབ།། ༡༦ །།
རྒྱ་སྤོས་དང་ནི་ཙནྡན་དང༌།
ཨུཏྤ་ལ་དང་མ་ལི་ཀ༌
སྤོས་ཀྱི་རིགས་ནི་འདི་དག་པས།
ཚུལ་ཁྲིམས་དྲི་བསུང་ཕུལ་དུ་ཕྱིན།། ༡༧ །།
རྒྱ་སྤོས་ཙནྡན་གང་ཡིན་པའི།
དྲི་བསུང་འདི་ནི་ཆུང་ངུ་ན།
ཚུལ་ཁྲིམས་ལྡན་པའི་དྲི་བསུང་གང༌།
དེས་ནི་འདི་དང་མཐོ་རིས་ཁྱབ།། ༡༨ །།
དེ་ལྟར་བག་ཡོད་གནས་བྱ་ཞིང༌།
ཚུལ་ཁྲིམས་རྣམ་པར་དག་པར་བྱ།
ཡང་དག་ཤེས་པས་རྣམ་གྲོལ་ན།
བདུད་ཀྱིས་ལམ་ནི་རྙེད་མི་འགྱུར།། ༡༩ །།
འདི་ནི་བདེ་བར་འགྲོ་ལམ་སྟེ།
རྣམ་པར་དག་བྱེད་ལམ་འདི་ལ།
རབ་ཏུ་ཞུགས་ཏེ་བསྒོམས་ནས་ཀྱང༌།
བདུད་ཀྱི་འཆིང་བ་སྤང་བར་གྱིས།། ༢༠ །།
ཚུལ་ཁྲིམས་ཀྱི་ཚོམས་ཏེ་དྲུག་པའོ།།
༧
ལུས་ཀྱིས་ཉེས་པར་སྤྱོད་སྤང་ཞིང༌།
ལུས་ཀྱིས་ལེགས་སྤྱད་སྤྱད་པའི་ཕྱིར།
ལུས་ཀྱི་ཉེས་ཆེན་ལས་བསྲུངས་ན།
ལུས་ནི་བསྡམ་པ་བྱས་པར་འགྱུར།། ༡ །།
ངག་གིས་ཉེས་པར་སྤྱོད་སྤང་ཞིང༌།
ངག་གིས་ལེགས་སྤྱད་སྤྱད་པའི་ཕྱིར།
ངག་གི་ཉེས་ཆེན་ལས་བསྲུངས་ན།
ངག་གི་བསྡམ་པ་བྱས་པར་འགྱུར།། ༢ །།
ཡིད་ཀྱིས་ཉེས་པར་སྤྱོད་སྤང་ཞིང༌།
ཡིད་ཀྱིས་ལེགས་སྤྱད་སྤྱོད་པའི་ཕྱིར།
ཡིད་ཀྱི་ཉེས་ཆེན་ལས་བསྲུངས་ན།
ཡིད་ནི་བསྡམས་པ་བྱས་པར་འགྱུར།། ༣ །།
ལུས་ཀྱིས་ཉེས་པར་སྤྱོད་སྤང་ཞིང༌།
ངག་གིས་ཉེས་པར་སྤྱོད་པ་སྤང༌།
ཡིད་ཀྱིས་ཉེས་པར་སྤྱོད་སྤང་ཞིང༌།
སྐྱོན་གཞན་ལྡན་པ་གང་ཡིན་སྤང༌།། ༤ །།
ལུས་ཀྱིས་དགེ་བ་རྣམས་བྱ་ཞིང༌།
ངག་གིས་དགེ་བ་ཕལ་ཆེན་བྱ།
ཡིད་ཀྱིས་དགེ་བ་རྣམས་བྱ་ཞིང༌།།
ཚད་མེད་བཞི་དང་ལྡན་པར་བྱ།། ༥ །།
ལུས་ཀྱིས་དགེ་བ་རྣམས་བྱ་ཞིང༌།
ངག་དང་ཡིད་ཀྱིས་བྱས་ན་ནི།
འདི་དང་ཕ་རོལ་དག་ཏུ་ཡང༌།
རྟག་ཏུ་བདེ་བ་ཐོབ་པར་འགྱུར།། ༦ །།
རྟག་ཏུ་ལུས་ནི་བསྡམས་པའི་ཕྱིར།
ཐུབ་པ་འཚེ་བ་མེད་པ་ཡིན།
དེ་ནི་འཆི་མེད་གནས་འགྲོ་ཞིང༌།
གང་དུ་སོང་ནའང་མྱ་ངན་མེད།། ༧ །།
རྟག་ཏུ་ངག་ནི་བསྡམས་པའི་ཕྱིར།
ཐུབ་པ་འཚེ་བ་མེད་པ་ཡིན།
དེ་ནི་འཆི་མེད་གནས་འགྲོ་ཞིང༌།
གང་དུ་སོང་ནའང་མྱ་ངན་མེད།། ༨ །།
རྟག་ཏུ་ཡིད་ནི་བསྡམས་པའི་ཕྱིར།
ཐུབ་པ་འཚེ་བ་མེད་པ་ཡིན།
དེ་ནི་འཆི་མེད་གནས་འགྲོ་ཞིང༌།
གང་དུ་སོང་ནའང་མྱ་ངན་མེད།། ༩ །།
བརྟན་པ་རྣམས་ཀྱིས་ལུས་བསྡམ་ཞིང༌།
བརྟན་པ་རྣམས་ཀྱིས་ངག་ཀྱང་བསྡམ།
བརྟན་པ་རྣམས་ཀྱིས་ཡིད་བསྡམ་ཞིང༌།
བརྟན་པས་ཀུན་དུ་བསྡམས་བྱས་ན།
དེ་དག་འཆི་མེད་གནས་འགྲོ་ཞིང༌།
གང་དུ་སོང་ནའང་མྱ་ངན་མེད།། ༡༠ །།
ལུས་ཀྱི་སྡོམ་པ་ལེགས་པ་སྟ།
ངག་གི་སྡོམ་པ་ལེགས་པ་ཡིན།
ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ།
ཐམས་ཅད་དུ་ནི་སྡོམ་པ་ལེགས།
ཀུན་དུ་བསྡམས་པའི་དགེ་སློང་ནི།
སྡུག་བསྔལ་ཀུན་ལས་རྣམ་པར་འགྲོལ།། ༡༡ །།
ངག་རྣམས་བསྲུང་ཞིང་ཡིད་རྣམས་ལེགས་བསྡམས་ཏེ།
ལུས་ཀྱིས་མི་དགེ་བ་དག་སྤྱད་མི་བྱ།
ལས་ལམ་གསུམ་པོ་འདི་དག་རྣམས་སྦྱངས་ན།
དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། ༡༢ །།
ལེགས་པར་སྤྱད་པའི་ཚོམས་ཏེ་བདུན་པའོ།།
༨
གང་དག་བྱས་བཞིན་མ་བྱས་ཟེར་བ་དང་།
བརྫུན་དུ་སྨྲ་བ་དམྱལ་བར་འགྲོ་བར་འགྱུར།
མི་དེ་གཉིས་ཀ་འདྲ་བ་ཕ་རོལ་དུ།
སོང་ནས་དམན་པའི་ཆོས་དང་ལྡན་པར་འགྱུར།། ༡ །།
སྐྱེས་བུ་སྐྱེས་པའི་ཁ་ནས་ནི།
ཚིག་ངན་སྨྲ་བར་བྱེད་པ་ཡི།
ཚིག་གི་སྟ་རེ་སྐྱེས་གྱུར་ནས།
བདག་ཉིད་གཅོད་པར་བྱད་པར་འགྱུར།། ༢ །།
གང་ཞིག་སྨད་འོས་སྐྱེ་བོ་སྟོད་བྱེད་དང༌།
བསྟོད་འོས་སྐྱེ་བོ་རྣམ་པར་སྨོད་བྱེད་པ།
དེ་ནི་ཁ་ཡིས་འཐབ་ཀྲོལ་ཀུན་སྩོགས་ཤིང༌།
འཐབ་ཀྲོལ་ཅན་གང་དེས་ནི་བདེ་མི་འཐོབ།། ༣ །།
གང་འདིར་ཆོ་ལོས་རང་ནོར་འཕམ་བྱེད་པ།
འཐབ་ཀྲོལ་དེ་ནི་ཆུང་ཟད་ཙམ་དུ་ཟད།
གང་ཞིག་བདེ་བར་གཤེགས་ལ་ཡིད་འཁྲུག་པ།
དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན།། ༤ །།
ངག་ཡིད་འཕགས་པས་སྨད་པའི་སྡིག་བསྟེན་ན།
བྱེ་བར་ཆུ་བུར་ཅན་དང་སྟོང་ཕྲག་ནི།
བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་བ་ཡི།
སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར།། ༥ །།
སྡིག་པའི་སེམས་ཀྱིས་མ་ཉེས་སྐྱོན་བརྗོད་པ།
བདག་ཉིད་གསད་ཕྱིར་དམྱལ་བ་སྤེལ་བར་ཟད།
སྟོབས་ལྡན་ཉེས་པ་དག་ནི་བཟོད་བྱེད་ཅིང༌།
དེ་ལ་སེམས་ཀྱང་འཁྲུག་པར་མི་བྱེད་དོ།། ༦ །།
བསམ་བརླག་གང་ཞིག་སྡིག་ཅན་གྱི།
ལྟ་ལ་བརྟེན་ནས་འཕགས་པ་ནི།
དགྲ་བཅོམ་ཆོས་ཀྱིས་འཚོ་བ་དང༌།
བསྟན་པ་སྤོང་བར་བྱེད་པ་དག
སྨྱིག་མ་འབྲུ་ཆགས་ལྟ་བུར་ནི།
དེ་ནི་རང་གི་འབྲས་བུས་གསོད།། ༧ །།
ཚིག་བཟང་ཁོ་ན་སྨྲ་བྱ་ཡི།
སྡིག་པ་ཅན་དག་སྨྲ་མི་བྱ།
སྡིག་ཅན་གདུང་བྱེད་སྨྲ་བ་བས།
ཚིག་བཟང་སྨྲ་བར་བྱེད་པ་རུང༌།། ༨ །།
བྱིས་པ་སྡིག་ཅན་སྨྲ་བྱེད་པ།
སྨྲ་བའི་ཚེ་ན་འཆིང་འགྱུར་ལ།
གལ་ཏེ་སྨྲ་ན་གཞན་སྤོང་བ།
དེ་དག་འཕགས་པ་མི་གསུང་ངོ།། ༩ །།
དགེ་སློང་ངག་ནི་བསྡམས་པ་དང༌།
དལ་བུས་སྨྲ་ཞིང་རློམ་པ་མེད།
གང་ཞིག་ཆོས་ལྡན་དོན་སྟོན་པ།
དེ་ནི་སྙན་པར་སྨྲ་བ་ཡིན།། ༡༠ །།
ལེགས་པར་སྨྲ་བ་མཆོག་ཅེས་འཕགས་པ་གསུངས།
སྙན་སྨྲ་མི་སྙན་མ་ཡིན་དེ་གཉིས་པ།
བདེན་སྨྲ་བ་རྫུན་པ་མ་ཡིན་དེ་གསུམ་པ།
ཆོས་སྨྲ་ཕལ་པ་མ་ཡིན་བཞི་པ་དེའོ།། ༡༡ །།
ཚིག་དེ་རྣམས་ནི་སྨྲ་བྱ་ཞིང༌།
གང་གིས་བདག་ཀྱང་མི་གདུང་ལ།
ཕ་རོལ་ལ་ཡང་གནོད་མེད་པའི།
ཚིག་དེ་ལེགས་པར་སྨྲ་བར་བྱ།། ༡༢ །།
གང་གིས་མངོན་པར་དགའ་འགྱུར་ཞིང༌།
གང་གིས་སྡིག་པ་མི་སྐྱེད་དང༌།
སྨྲས་པས་ཕ་རོལ་དགའ་འགྱུར་བའི།
སྙན་ཚིག་ཁོ་ན་སྨྲ་བར་བྱ།། ༡༣ །།
བདེན་པའི་ཚིག་ནི་བདུད་རྩི་སྟེ།
བདེན་པའི་ཚིག་ནི་བླ་མེད་ཡིན།
དོན་དང་ཆོས་ལ་རབ་གནས་པ།
བདེན་པ་ཡིན་ཞེས་དམ་པ་གསུངས།། ༡༤ །།
སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར།
སངས་རྒྱས་ཀྱི་ས་ནི་གསུངས་ཚིག་གང༌།
བདེན་པ་མྱ་ངན་འདས་འགྲོ་བའི།
ཚིག་དེ་བླ་ན་མེད་པ་ཡིན།། ༡༥ །།
ཚིག་གི་ཚོམས་ཏེ་བརྒྱད་པའོ།། །།
༩
ཆོས་གཅིག་ལས་ནི་རབ་འདས་ཤིང༌།
འཇིག་རྟེན་ཕ་རོལ་བཅོམ་པ་ཡི།
ལུས་ཅན་བརྫུན་དུ་སྨྲ་བ་ཡིས།
སྡིག་པ་མི་བྱ་ཅི་ཡང་མེད།། ༡ །།
ལྕགས་སྒོང་མེ་ལྕེ་འབར་འདྲ་བ།
ཟོས་པར་གྱུར་པ་ཆེས་བླ་ཡི།
ཚུལ་འཆལ་ལེགས་པར་མི་སྡོམ་པས།
ཡུལ་འཁོར་བསོད་སྙོམས་བཟར་མི་རུང༌།། ༢ །།
ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང༌།
ཁྱོད་ལ་སྡུག་བསྔལ་མི་སྡུག་ན།
མངོན་སུམ་དག་གམ་ལྐོག་ཏུ་འང་རུང༌།
སྡིག་པ་ཅན་གྱི་ལས་མི་བྱ།། ༣ །།
གལ་ཏེ་སྡིག་པའི་ལས་བྱས་སམ།
བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི།
ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང༌།
སྡུག་བསྔལ་ལས་ནི་ཐར་མི་འགྱུར།། ༤ །།
གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི།
ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།
བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད།
རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན།། ༥ །།
ཕ་རོལ་པོ་ལ་བརྟགས་ནས་གང༌།
སྡིག་པ་ཅན་གྱི་ལས་མཐོང་བ།
དེ་དག་བདག་གིས་མི་བྱ་སྟེ།
སྡིག་བྱས་ལས་ནི་རྗེས་སུ་འབྲང༌།། ༦ །།
ལས་གང་ཤིན་ཏུ་མི་བཟད་དང༌།
ཟོལ་བྱེད་གཞན་ལུགས་འཆོས་པ་དང༌།
མི་ལ་འཚེ་བར་བྱེད་པ་དང༌།
གཞན་ལ་བྱེད་དུ་འཇུག་པ་ཡི།
ལས་དེ་མི་ཡི་རྗེས་འབྲང་བས།
དེ་ཡིས་གཡང་སར་ལྟུང་བར་བྱེད།། ༧ །།
མི་ཡིས་དགེ་བའམ་སྡིག་པ་ཡི།
ལས་ནི་གང་དང་གང་བྱས་པའི།
ལས་རྣམས་ཆུད་ཟར་མི་འགྱུར་ཏེ།
དེ་ལྟ་དེ་ལྟར་འབྲས་བུར་འགྱུར།། ༨ །།
དེ་ཡི་ཚོགས་པ་ཇི་སྲིད་བར།
དེ་སྲིད་འདི་ནི་གདུང་བར་བྱེད།
དེ་ལ་གཞན་དག་གདུང་བྱེད་དེ།
གདུང་བྱེད་དེ་ནི་རྟག་པར་འགྱུར།། ༩ །།
འདི་ནི་བདག་རྗེས་མི་འབྲང་ཞེས།
བྱིས་པས་མ་བརྟགས་བྱས་པ་ཡི།
སྡིག་པའི་ལས་ཀྱི་འགྲོ་བ་དག།
ཕ་རོལ་དུ་ནི་ཤེས་པར་འགྱུར།། ༡༠ །།
གལ་ཏེ་བྱིས་པས་མི་ཤེས་པར།
སྡིག་པའི་ལས་ནི་བྱས་པ་དག
ནམ་ཞིག་ན་ནི་དེ་ཉིད་ཀྱིས།
རྣམ་སྨིན་ཚ་བ་སོ་སོར་བསྟེན།
རང་གི་ལས་ཀྱིས་དེ་འོག་ཏུ།
མེ་ཡིས་བསྲེགས་པ་བཞིན་དུ་གདུངས།། ༡༡ །།
བྱིས་པ་ཤེས་རབ་ཆུང་ངུ་དག
བདག་ལ་དགྲ་བཞིན་བྱེད་པ་ཡིས།
གང་ཞིག་འབྲས་བུ་ཆེར་འགྱུར་བའི།
སྡིག་ཅན་ལས་ནི་སྤྱོད་པར་བྱེད།། ༡༢ །།
གང་ཞིག་བྱས་པས་གདུང་འགྱུར་ཞིང༌།
མཆི་མས་གདོང་གཡོགས་ངུ་བཞིན་དུ།
རྣམ་སྨིན་སོ་སོར་བསྟེན་པ་ཡིས།
ལས་དེ་དག་ནི་མ་བྱས་ལེགས།། ༡༣ །།
གང་ཞིག་བྱས་ན་མི་གདུང་ཞིང༌།
དགའ་ཞིང་ཡིད་ནི་བདེ་བ་ཡིས།
རྣམ་སྨིན་སོ་སོར་བསྟེན་པ་ཡིན།
ལས་དེ་དག་ནི་བྱས་ན་ལེགས།། ༡༤ །།
བདག་ཉིད་བདེ་བ་འདོད་པའི་ཕྱིར།
རྒོད་བཞིན་སྡིག་པའི་ལས་བྱས་པའི།
སྡིག་པའི་ལས་དེའི་རྣམ་སྨིན་དག
ངུ་བཞིན་ཉམས་སུ་མྱོང་བར་འགྱུར།། ༡༥ །།
ངེས་པར་སྡིག་ལས་འཕྲལ་དུ་ནི། །
འོ་མ་ལྟ་བུར་འགྱུར་མི་བྱེད།
ཐལ་བས་གཡོགས་པའི་མེ་ལྟ་བུ།
དེས་ནི་བྱིས་པ་བསྲེག་པར་བྱེད།། ༡༦ །།
སྡིག་ལས་འཕྲལ་དུ་ངེས་པར་ནི།
མཚོན་བཞིན་གཅོད་པར་མི་བྱེད་ཀྱང༌།
སྡིག་པའི་ལས་ཀྱིས་འགྲོ་བ་དང༌།
ཕ་རོལ་དུ་ནི་མངོན་པར་འགྱུར།། ༡༧ །།
གང་དུ་དེ་དག་རྣམ་སྨིན་ནི།
ཚ་བ་སོ་སོར་བསྟེན་པ་ཡི།
སྡིག་པའི་ལས་ཀྱིས་འགྲོ་བ་དང༌།
ཕ་རོལ་དུ་ནི་ཤེས་པར་འགྱུར།། ༡༨ །།
ལྕགས་ལས་གཡའ་ནི་ལངས་གྱུར་པ།
ལངས་པ་དེས་ནི་དེ་ཉིད་ཟ།
དེ་བཞིན་མ་བརྟགས་བྱས་པ་ཡི།
རང་གི་ལས་ཀྱིས་ངན་འགྲོར་འགྲོ།། ༡༩ །།
ལས་ཀྱི་ཚོམས་ཏེ་དགུ་པའོ།། །།
མཁས་དབང་བློ་བཟང་འཇམ་དཔལ་ལགས། གུས་པའི་གློག་ཡིག་ཁ་བྱང་ནང་དུ་ཉིད་ཀྱིས་འགྱུར་བཅོས་མཛད་པའི་གཞུང་དེ་གསུམ་གྱི་འདྲ་བཤུས་རེ་གནང་རོགས། kawakarpo@yahoo.com
གང་གི་མཁྱེན་པའི་རྩལ་ལས་འཁྲུངས་པ་ཡི།
འཁྲུལ་བྲལ་་རྩོམ་ཡིག་ཆུ་སྐྱེས་འདབ་མའི་དྲིས།
གཟུར་གནས་བློ་གསར་བུང་བའི་ཡིད་མྱོས་ནས།
བསྟོད་བསྔགས་མགྲིན་པའི་གླུ་དབྱངས་ལྷང་ལྷང་བསྒྲོགས།
དེང་སྐབས་རྒྱ་དམར་ཇག་པས་བོད་ཀྱི་་རིག་གཞུང་རྩ་མེད་བཟོ་བའི་དུས་སྐབས་འདིར། རང་རིགས་མཁས་པར་རློམ་པ་དུས་མས་ཀྱང་མཐུན་འགྱུར་གྱིས་ཡུལེ་སྐད་དང་། ཁ་སྐད་གང་བྱུང་དུ་ཆོས་སྐད་ནང་དུ་བསྐོལ་ནས་ཕྱི་ནང་གཉིས་ནས་རང་རེའི་གནའ་བོའི་སྲོལ་རྒྱུན་འདི་ཉིད་རྩ་མེད་དུ་འགྲོ་བའི་སྐབས་འདིར་རྨོངས་མུན་སེལ་བའི་ཉི་མ་ཁྱོད་ཉིད་སྐུ་ཚེ་ཡུན་དུ་བརྟན་པར་སྨོན།
ཆུང་དུས་ཐག་རིང་་ཁ་བའི་ལྗོངས་སུ་ཕེབས།
དཀའ་ཆེན་པདྨའི་མཚན་ཅན་ལ་སོགས་པའི།
མཁས་དབང་དཀའ་ཆེན་དུ་མའི་ཞབས་དྲུང་ནས།
མདོ་བསྔགས་གསུང་རབ་ཀུན་ལ་ལེགས་པར་སྦྱངས།
ལ་དྭགས་བ་མཁས་དབང་བློ་བཟང་འཇམ་དཔལ་ལགས། སྐུ་ཉིད་ཀྱི་འབྲི་རྩོམ་གཏོང་འོས་དག་གུས་པའི་གཤམ་གསལ་ཨེ་འཕྲིན་ཁ་བྱང་ཐོག་གཏོང་གནང་ཞུ། kardorime@gmail.com
མཁས་དབང་བློ་འཇམ་ལགས་ཀྱིས། བྱ་ཚིག་གཞན་ཀུན་ཤེས་པ་ལ་ཕན། དཔེར་ན། བྱེད་ཅེས་ཡོད་ན། དེ་ཉིད་ཀྱི་འདས་མ་འོངས་བསྐུལ་ཚིག རིམ་པ་བཞིན་དུ། བྱས། བྱ། བྱོས། ཞེས་པ་ཡིན་ཅིང་། དེ་བཞིན་དུ། བགྱིད་ཅེས་པ་ལ་ བགྱིས། བགྱི། གྱིས། ཞེས་པ་ལྟ་བུ་དང་། བྱེད་དང་བགྱིད་ཅེས་བྱ་ཚིག་འདི་གཉིས་དོན་གཅིག་པར་མཐོང་། སྩོལ། སྩལ། སྩལ། སྩོལ། ཞེས་ད་ལྟ་འདས་མ་འོངས་བསྐུལ་ཚིག་བཅས་རིམ་བཞིན་ལགས་ཤིང་། ད་ལྟ་དང་བསྐུལ་ཚིག་ལ་སྩོལ་ཞེས་ཡིག་གཟུགས་འདྲ་ཡང་། སྔོན་གྱི་ཡི་གེ་འབྲི་ལུགས་ལྟར་ན་ད་ལྟ་བའི་སྩོལ་ལ་ད་ཡང་འཇུག་མེད། བསྐུལ་ཚིག་གི་སྩོལ་ལ་ད་ཡང་འཇུག་ཡོད། དེ་བཞིན་འདས་པའི་སྩལ་ལ་ད་ཡང་འཇུག་ཡོད། མ་འོངས་སྩལ་ལ་ད་ཡང་འཇུག་མེད། ་་་ ཞེས་པ་ལྟར།
སྤྱི་སྐད་ཡི་ཐོག་ཏུ་འབེབས་ན་འདི་འདྲ་མི་དགོས་སམ།
ངས་ལས་ཀ་བྱས་པ་ཡིན། ཁྱེད་རང་གིས་ལས་ཀ་བྱས་པ་རེད། ཁོས་ལས་ཀ་བྱས་པ་རེད། འདས་པ།
ང་ལས་ཀ་བྱེད་བགྱིད་ཡོད། ཁྱེད་རང་ལས་ཀ་བྱེད་བགྱིད་འདུག མོ་ལས་ཀ་བྱེད་བགྱིད་འདུག མ་འོངས་པ།
ང་ལས་ཀ་བྱ་བགྱི་ཡིན། ཁྱེད་རང་ལས་ཀ་བྱ་བགྱི་རེད། ཁོས་ལས་ཀ་བྱ་བགྱི་རེད། མ་འོངས་པ།
ཁྱོད་ཀྱིས་ལས་ཀ་བྱོས་ཤིག
ཡང་སླར་ཡང་འདི་བསྐྱར་གསོ་མི་དགོས་སམ། དཔེར་ན།
སྔར་སྩལད་ཟིན་པ་ད་ལོ་སླར་ཡང་རྒན་ལགས་ཀྱི་སྩལ་བགྱི་ཡིན་གསུངས་པའི་བྱ་དགའ་དེ་འདི་རིང་སྩལ་བགྱིད་ཡོད་ན། འདི་རིང་ཉིན་མོ་རང་ལ་སྩོལད་རོགས་གནོངས། ཞེས་ད་དྲག་ཡང་འཇུག་བསྐྱར་གསོ་ཐུབ་ན་བོད་ཀྱི་བརྡ་དག་གི་དཀའ་རྙོག་ཆུང་ཆུང་ཞིག་རང་བཞིན་གྱིས་སེལ་འགྲོ་བགྱིད་རེད་སྙམ། དེ་ལྟར་བྲིས་ན་མི་མཛེས་སོ་ཟེར་ན། ཡང་ཡང་གོམས་ན་མིག་ལ་མཛེས་ཞིང་དགོས་དོན་ཡང་གྲུབ་པར་ངེས་སོ། །
རྒན་འཇམ་དཔལ་ལགས། གང་གི་སྐུ་ཚེ་གང་པོར་བོད་ཀྱི་རིག་གཞུང་སྐོར་ལ་ཕྱག་ལས་རྒྱུན་མ་ཆད་པར་གནང་ཞིང་། ད་དུང་མུ་མཐུད་ནས་གནངས་བཞིན་པར་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག སྐུ་ཚེ་བརྟན་པའི་སྨོན་འདུན་བཅས་གུས་པས་ཕུལ།།
འོ་སླར་ཡང་ཞུ་རྒྱུ་ཞིག་ནི། གོང་གི་ཆེད་དུ་བརྗོད་པའི་མཆན་ལ་ལོ་ཙྰ་བ་གང་གིས་བསྒྱུར་བའི་འགྱུར་བྱང་འདིར་བཀོད་མི་འདུག ཡང་གོ་ཐོས་ལ་ལོ་ཙྰ་བ་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི་ཆོས་ཀྱི་ཚིགས་སུ་བཅད་པ་ཟེར་བ་དེ། སྔར་བསྒྱུར་ཟིན་པའི་ཆེད་དུ་བརྗོད་པའི་ཚོམས་རེད་ཟེར་ནས་གླེང་གི་འདུག་ན། དེ་བདེན་པ་ཡིན་ནམ་ཅི།
གཞོན་ནུ་ཟླ་མེད་མཆོག་གི་དྲི་བར་ལན། ཆེད་དུ་བརྗོད་པའི་ཚོམས་སྒྱུར་མཁན་ལོ་ཙ་པ་རིན་ཆེན་མཆོག་དང་། ཞུས་ནས་གཏན་འབེབས་མཛད་མཁན་ཉི་ཟླ་ཟུང་གི་ཡ། ཞུ་ཆེན་ལོ་ཙ་པ་སྐ་བ་དཔལ་བརྩེགས་ཡིན་འདུག འདི་ལ་ལེའུ་སུམ་ཅུ་རྩ་གསུམ་ཡོད་པ་ཆ་ཚང་། ཚིགས་བཅད་ཀུན་འཚོལ་བྱེད་ཚིགས་བཅད་མགོ་ཚིག་རྣམས་ཀ་འཕྲེང་དུ་བསྒྲིགས་པ་བཅས་ཁ་བརྡ་ལས་ཁུངས་ལ་ཕུལ་ཀྱང་། ལེའུ་དགུ་བར་དུ་མ་གཏོགས་གཞན་རྣམས་འཐོན་མི་འདུག གཅིག་ན་རིམ་པས་འཐོན་ངེས། སྡེ་དགེའི་སྤར་མར་གླེགས་བམ་འདི་ཉིད་ཀྱི་ཚིགས་བཅད་དང་པོར་ རྣམས་སོལ། ཞེས་མ་དག་ཡིན་འདུག སྣར་ཐང་དང་། པེ་ཀིང་སྤར་མ་ན་རྣམ་སོལ། ཅེས་ཉེ་དུས་བསྐྲུན་པའི་བསྟན་འགྱུར་དཔེ་བསྡུར་མཆན་ན་ཡོད་པ། དེ་ཉིད་དག་སྟེ། གཞུང་འདིའི་རྣམ་པར་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་དང་༐ རྒྱ་དཔེ་རང་ན་གསལ། དེ་ཡང་རྣམ་ཞེས་པ་ཉེ་སྒྱུར་༷ཡི་ན་པ་དེ་རྣམས་ཞེས་མང་ཚིག་དང་་འཁྲུལ་པ་སོགས་སུ་མ་དག་པ་མང་པོ་བདག་ཅག་གིས་མ་ཤེས་པ་ཡོད་ངེས། དེ་རིགས་གཟིགས་པ་འབྱུང་ཚེ། སླར་ཞུས་དག་བྱེད་པར་གུས་པ་དང་། གཞན་དག་བློ་གསར་རྣམས་ལ་གསུང་གྲོགས་ཞུ།
རྒན་བློ་བཟང་འཇམ་དཔལ་ལགས།
ཁྱེད་ཀྱིས་བསྒྱུར་པའི་མཛེས་དགའ་བོའི་སྙན་དངགས་ཀྱང་ལྟ་ཀློག་ཙམ་བྱས་མྱོང་།
རྒན་ལགས་ཀྱི་ཕྱག་རྗེས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད།
བདག་གིས་ཀྱང་ཡུལ་གསལ་ལྡན་དུ་འབོད་པར་ཁོམ་སྐབས་ནམ་བྱུང་ལ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་མོ། སྤྲིན་གྱི་ཕོ་ཉ།
ཤེས་རབ་སྙིང་པོ་ལ་སོགས་པ་རྒྱ་དཔེ་དང་འགྱུར་མ་སྦྲགས་ཏེ་ཞིབ་ཀློག་དང་དོན་གཉེར་བྱེད་ཀྱིན་ཡོད་པས།
འདིའི་ལེགས་སྦྱར་རྒྱ་དཔེ་དང་།སྐ་བ་དཔལ་བརྩེགས་ཀྱི་འགྱུར་དང་ཁྱེད་ཀྱི་འགྱུར་རྣམས་ལའང་ལྟ་འདོད་ཤིན་ཏུ་ཆེ་གཤིས།
རྒན་ལགས་ནས་
ང་རང་གི་ཁ་བྱང་kyab1314@gmail.com འདི་སྟེང་དུ་བསྐུར་གནང་རོགས།
རྒན་འཇམ་དཔལ་ལགས། དེང་སྐབས་རྒྱ་གར་དུ་རང་རེའི་སྐད་དུ་བསྒྱུར་པའི་བདེ་གསང་འཇིགས་གསུམ་དང་དུས་འཁོར། རྩ་རྒྱུད་བརྟག་གཉིས་སོགས་ཀྱི་རྩ་བའི་རྒྱུད་སྡེ་དེ་དག་གི་མ་ཕྱི་ལེགས་སྦྱར་སྐད་དུ་ཡོད་པ་རེ་མཇལ་རྒྱུ་ཡོད་དམ་མེད། ལྗགས་ལན་གསལ་བོ་ཞིག་གནང་རོགས།
རྒན་འཇམ་དཔལ་ལགས་ཀྱི་རྩོམ་འདི་ཆ་ཚང་(PDF) ནང་བཀོད་འདུག་པ། རྩོམ་འདིའི་འགོར་བཞག་ཡོད་པས།
ཀློག་མཁན་རྣམས་ཀྱིས་དེ་ནས་གཟིགས་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
དེ་རིང་དུས་ཚོས་ཕྲན་བུ་འདུག་པས། རྒན་ལགས་ཀྱི་ཕྱག་རྩོམ་མཇལ་བར་ཧ་ཅང་དགའ་པོ་བྱུང་། འཕྲལ་དུ་སིག་མོལ་ཟེར་བའི་ཤེས་ཡོན་ཚོགས་པས་སྤེལ་བའི་། ལ་དྭགས་ཀྱི་ཡུལ་སྐད་ཕལ་སྐད་དུ་བྲིས་སྲོལ་གྱི་གོམས་ངན་གྱི་ཞེན་ཚིག་འདྲ་འདྲེས་མེད་ན་བསམས་པའི་སེམས་ཚོར་ཞིག་ཀྱང་མཉམ་དུ་བྱུང་བས། ་ ནོར་ན་དགོངས་པ་ཡོང་བ་མཁྱེན།ཇུས་ལེ།