༡
འགྲོ་རན་པའི་མི་ཞིག་ལ་སྨན་ཁང་ནི་སྨན་པའི་ཡུལ་ཞིག་ཡིན་ནམ
ཁྱོད་སྨན་ཁང་ལ་མི་དགའ་དོན་ངས་ལོས་ཤེས
༢
རང་ཁྱིམ་ནས་ལོ་མི་དོན་དགུ་འདས་ཟིན་པས
ཁྱོད་འགྲོ་ཁར་ཡང་རང་ཁྱིམ་གྱི་མལ་ཁྲིའི་དྲོད་ཁོལ་ལ་གླན་ན་ལོས་འདོད
༣
ཟུངས་ཉམས་པའི་ལུས་པོ་དང་མདང་ཡལ་བའི་ངོ་གདོང་མཐོང་ཡོང་ན
ཁྱེད་ཀྱི་ལུས་ལ་ལྕགས་གཟེར་གྱི་ན་ཟུག་འདི་སྤྲོད་མི་ནུས་མོད
ངས་ཨམ་གཙིགས་བསྡམས་ཏེ་ཁབ་འདི་འཛེར་དོན
ཁྱོད་ཀྱི་ཚེ་སྲིག་གི་རྒྱུན་ལ་འབྲེལ་བའི་ཆུ་ཐིགས་རེ་རེར་བསམ་པ་ཡིན
༤
དུ་ཚོད་ཀྱི་སྐར་ཆར་འགྲོགས་ཏེ་གནམ་ཁབ་ཀྱི་ཆུ་ཐིགས་རེ་རེ་བཞིན་རྩ་ལམ་སུ་ཐིམ་སོང
ཁྱོད་ཀྱི་བྱམས་བརྩེའི་ལག་པ་དེ་ག་ལེར་གྲང་མོར་གྱུར་སོང
༥
མིག་ཟུང་གིས་འོད་མདང་རབ་ཏུ་ཉམས་ཀྱང
ངས་ད་དུང་ཡང་ཁྱོད་ཀྱི་གྲང་འཁྱག་ཏུ་གྱུར་བའི་ལག་པ་དེ་གློད་མི་འདོད
༦
སྐྱེ་བ་ཕྱི་མ་ཡོད་པ་སངས་རྒྱས་ཀྱིས་གསུངས་པ་བདེན་མོད
མི་ལུས་ཐོབ་པ་དང་ངེད་གཉིས་སླར་ཡང་ངོ་ཤེས་མི་ནུས་པ་ངས་ཁ་ཚོན་གཅོད་ཐུབ
༧
གནམ་ཁབ་ཀྱི་ཆུ་ཐིགས་རེ་རེ་བཞིན་རྩ་ལམ་བརྒྱུད་དེ་གང་དུ་འགྲོ་བཞིན་ཡོད་དམ
རིན་ཐང་བྲལ་བའི་ཁྱོད་ཀྱི་བྱམས་བརྩེ་དེ་ང་ལ་སྐྱུར་རོགས།
༨
ཁྱོད་ཀྱི་མིག་འོད་དེས་ང་ལ་ཞེན་ཆགས་ཆེ་བའི་གསང་བརྡ་ཡང་ཡང་སྤྲད་ཀྱང
ངའི་བརྩེ་སེམས་ཀྱིས་ཁྱོད་ཀྱི་སྐེ་ལ་བསྐོན་པའི་ཕྱི་རྗེའི་ཐག་ནག་དེ་གཅོད་ཐུབ་བམ
༩
ངས་བཟོད་ཀྱི་མི་འདུག་ཡ
མིག་ཆུ་ཚང་མ་ཁོག་ཏུ་མིད་ཀྱང
ད་ལྟ་ཁྱོད་ལས་ང་ལ་ན་ཟུག་ཆེ་ཨང
༡༠
ཁྱོད་ཀྱི་”བདེ་མོ་བྱོས་”ཞེས་མིག་ཟུང་བཙུམས་ཐེངས་རེ་རེར
ངའི་ཁ་ལག་འདར་བཞིན་སྙིང་གི་འཕེར་ལྡིང་ཇེ་མགྱོགས་སུ་འགྲོ་གི་འདུག
༡༡
ཨུ་ཐུག་དུས་ཅི་ཡང་མི་དྲན་པ་ངོ་མ་རེད་པས
ངས་དངོས་གནས་ཁྱོད་ཀྱི་ལག་པ་གྲང་མོ་དེ་གློད་མི་ནུས
༡༢
ཆེས་མཇུག་མཐར་མཆོད་ཁང་ལ་བཅར་ཏེ་སྐྱབས་འཇུག་རེ་ཁ་ནས་རང་དབང་མེད་པར་ཤོར་སོང་མོད
ཐང་ཀ་དང་འབག་སྐུ་དག་གི་ཞལ་རས་ལ་འགྱུར་བ་སྤུ་ཙམ་ཡང་མི་འདུག་པས
ཁྱོད་ལ་དགོས་པའི་ལམ་སྣ་དེ་སུ་ཞིག་གིས་འདྲེན་ཨང
ང་ལ་དགོས་པའི་སྙིང་རྗེ་དང་སེམས་གསོ་ཙམ་ཡང་སུ་ཞིག་གིས་སྦྱིན་ཨང
༡༣
ཁྱོད་ང་དང་ལྷན་དུ་འདུག་མི་དབང་ལ་གསལ་བོ་རེད་པས
ང་ཁྱོད་དང་ལྷན་དུ་འགྲོ་འདོད་པ་བཀག་ཀྱང་མི་ཁོག་གི་ཡ
༡༤
ད་ནི་རང་གི་དྲན་པ་བརྟན་པོ་ཞིག་བྱ་དགོས་པ་ལོས་ཡིན་ཏེ
རང་ལ་ཤ་ཚ་བ་ནི་རང་རིག་གི་ཚོར་བ་ཕྲ་མོ་དེ་ཁོ་ན་རེད་འདུག
༡༥
འོན་ཀྱང
སོག་མ་བཞིན་ཆ་མི་སྙོམ་པའི་སེམས་ཚོར་དག་ངའི་ཡ་ཆུང་དུ་འཚང་ཡོང་གི་འདུག་མོད
བར་བར་དུ་དྲན་འོང་བ་ནི་བཟོད་མི་ནུས་པའི་སང་ཉིན་ཀྱི་བྱ་བྱེད་དག་རེད་ཨང
(མཚམས་འདི་ནས་ངའི་སེམས་པ་ནི་རླུང་ནག་འཚུབ་མའི་དཀྱིལ་གྱི་གད་སྙིགས་བཞིན་རང་དབང་མེད་པས་འབྲི་མཚམས་བཞག་པ་ཡིན།)
གཅན་བཟོད་རྒྱམ་ལགས་ཀྱི་སྙན་ངག་་་་བཞུད་ཟིན་པའི་བགྲེས་སོང་ལགས་་་ཁག་དང་པོ་ཡང་བཀླགས་པ་ཡིན། ངོ་མ་ཀློག་གིན་ཀློག་གིན་འཁོང་ནི་ཞིག་རེད། སྙན་ངག་གཉིས་ཀ་ཀློག་དུས་སེམས་ལ་མཉམ་འུར་གྱི་ཚོར་འདུ་རྒྱ་ལ་མི་ཤོང་བ་ཞིག་འཕེལ་ཡོང་གི འདི་ནི་རྩོམ་སྨྲ་བ་དག་གིས་སྙན་ངག་གིས་བྱེ་བྲག་ལ་བརྟེན་ནས་སྤྱི་མཚོན་དགོས་ཟེར་བ་དེའམ། ཁོང་གི་སྙན་ངག་གཉིས་ཀའི་ཕྱི་ནང་གཉིས་ཀ་འཁྱོང་ཡོད་པའི་རྟགས་ལོས་ཡིན། ཁ་བྲོ།
མྱི་ལྡང་འདི་ཧྲ་ཡ།
སྙན་པའི་སྙན་ངག་རིང་མོས་ཡིད་ལ་གདུང་བ་གནང་སོང་། ད་དུང་མང་བོ་འབྲི་རོགས།
ངས་རྒྱུན་དུ་དྲན་ཤེས་ཐན་ཐུན་གྱི་བར་ཧྲག་ནས་འདི་སྙམ་དུ་བསམ་སྟེ། ཚོར་བ་ནི་སྙན་ངག་གི་སྙིང་དང་འདྲ་ལ། དེའི་འཕར་ལྡིང་དྲག་མིན་གྱིས་སྙན་རྩོམ་གང་གི་གསོན་ཤུགས་ཐག་གཅོད་པ་ཡིན་ཞིང། དེ་ལྟའི་གསོན་ཤུགས་ཀྱི་སྟེང་ལ་བསམ་བློའི་ལང་ཚོ་ཡི་བཀྲག་མདངས་ལྡན་ཚེ་དེ་ནི་ད་གཟོད་ཁྱད་འཕགས་ཀྱི་སྙན་
ངག་ཅིག་རེད་འདོད།་་ཐེངས་འདིའི་ཁྱེད་ཀྱིས་འདས་སོང་གི་རྒད་པོར་བྲིས་པའི་སྙན་རྩོམ་སྔ་གཞུག་གཉིས་ཀྱིས་ངའི་དྲན་ཚུལ་དེ་ལ་གསལ་འདེབས་དང་བློ་བསྐྱེད་བྱིུན་པ་མ་ཟད།་་རང་ཉིད་ཀྱི་དྲན་ཚུལ་དེ་ལ་གདེང་སྤོབས་སྟེར་བའི་བློ་གསལ་ཅིག་ཀྱང་ཕུད་བྱུང་ལགས།་་ཕྱོགས་གཞན་ཞིག་ནས་བསམས་ན།་་ཁྱེད་ཀྱིས་བྲིས་པའི་སྙན་ངག་གི་བརྗོད་བྱས་བདག་གི་དྲན་འཛིན་ཀློང་ན་ནམ་ཡང་ཡལ་དུ་མེད་པའི་དྲིན་ཆེན་གྱི་སྤོ་བོ་ཡང་ཡང་དྲན་དུ་འཇུག་ཅིང།་་ཁྱེད་ཀྱི་སྙན་ངག་གི་ཚིག་འབྲུ་རེ་རེས་ངའི་ཕྱིར་དྲན་གྱི་མིག་ཆུའི་ཐིག་པ་རེ་རེ་སེམས་གཏིང་ནས་དེད་དེ་མཁུར་ཚོས་ནས་ས་རུ་ལྷུང་དུ་འཇུག་གི་ཡ།
ཁ་བརྡ་ཚང་གིས་བདག་གི་སྙན་ངག་འདི་དུས་ཐོག་དྲ་ངོས་སུ་བཞག་པར་ཐུགས་རྗེ་ཆེ་ཞུ།
འོན་ཀྱང་བསྐྱར་འགོད་ཅིག་བྱ་དགོས་ཀྱི་འདུག གང་ཡིན་ཟེར་ན་གཅོད་མཚམས་སམ། ཡང་ན་ཕྲེང་འབེབ་གཅིག་ཀྱང་མེད་པར་ཚང་མ་གཅིག་འཕྲོ་གཅིག་ལ་མཐུད་འདུག་པས་ན། དབུགས་ཐེངས་གཅིག་གིས་ཀློག་དགོས་པའམ། ཡང་ན་སྙན་ངག་ཀློག་པའི་མགོ་བཙུགས་པ་ནས་མཇུག་པར་དུ་དབུགས་ལེན་དབང་མི་སྟེར་བའི་ཚོར་སྣང་ཞིག་སྤྲོད་ཀྱི་མི་འདུག་གམ།
དེ་བས་དུམ་ཚན་དུ་བྱས་ན། 1-2. 3-4. 5-8. 9-10. 11-12. 13-14. 15-16. 17 -18. 19-21. 22-23. 24-25. 26-29. 30-31. 32-33. 34-36.
འདི་ལྟར་བསྐྱར་འགོད་ཅིག་ཡོང་བའི་རེ་བ་སྙིང་ནས་ཞུ།
ད་རྩོམ་སྒྲིག་པ་མཆོག་གིས་འདི་ལྟར་བཀོད་དེ་ཡང་བསྐྱར་ཐེངས་གཅིག་ཀློག་དང་། སྔར་དང་མ་འདྲ་བའི་སྙན་ངག་ཅིག་བཀླགས་པའི་ཚོར་བ་སྦྱིན་ངེས་ཡིན་ལགས། ཐུགས་རྗེ་ཆེ་ཞུ།
དེ་ནི་ངོ་མ་སྙན་པའི་སྙན་ངག་ཞིག་རེད་འདུག་ལགས་ན།
ད་དུང་མུ་མཐུད་ནས་འབྲི་ན་སྔོན་མཐོན་ཡོད་པ་ནི་གཞི་གྲུབ་ཀྱི་ཤེས་བྱ་ཡིན་པས་།སོ།
ད་དུང་མུ་མཐུད་ནས་ཡིན་ནོ།
ཡིན་ཡང་གཟོབ་ཟིག་ཨང་ཤཤ
ཤ་ཀླན་བུ་ཡི་སྐད་འདི་ཤ་ཟའི་སྐད་ཅིག་མིན་པར་སྨོན། དོ་དགོང་གི་ང་ཆས་གིས་བུ་གི་བུ་ཤིག་ཡིན་ན་ཙ། (ཡིན་ཡང་གཟོབ་ཟིག་ཨང་ཤཤ)ཞས་པའི་དོན་ཟུར་ཙམ་ཡང་གོ་མ་སོང་། འོན་ཀྱང་ང་རང་གི་སྤྱི་ཚོགས་འདི་དང་ཁ་མ་བྲལ་བརདུ་སུས་ཀྱང་སྐུལ་མ་མི་དགོས་པར་རང་གི་ལམདུ་ཞུགས་ངེས་སོ།།
གཉེན་དང་ཉེ་འདུས་མཐའ་ནས་སྐོར་ཞིང་མིག་ཟུང་མཆི་མའི་ཐིག་ཕྲེང་ལྷུང་།
སེམས་ཀྱི་གཏིང་ནས་ཤོད་འདོད་ཚིག་ཕྲེང་མགྲིན་པའི་ནང་ནས་ཐོན་ཐབས་བྲལ།
བྲལ་འདོད་མེད་པའི་སེམས་འཚོར་དེ་ཡིས་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཁྱབ།
དེ་ལྟར་ལས་སམ་དཀོན་མཆོག་བཀོད་ཡིན་ལྡོག་ཐབས་མེད་པའི་ཆོས་ཉིད་དེས།
ཁྱོད་ནི་འཇིག་རྟེན་འདི་ནས་ཁྲིད་དེ་ཐང་རིང་རྒྱུས་མེད་ཡུལ་དུ་བསྐྱལ
ཤ་ཕྲག་ལུས་ཀྱི་ཕུང་པོ་འདི་ལ་ཉེ་འདུའི་ཚོགས་ཀྱི་མཐར་བསྐོར་ནས།
ངུ་ངག་དྲག་པོས་འུ་འདོད་འབོད་ཅིང་ཁྱོད་ཀྱི་མིང་ནས་འབོད་པར་བྱེད།
སྐྱེས་དང་འཆི་དང་དགའ་དང་སྡུག་སོགས་མི་ཡི་ལུས་དང་ལྷན་དུ་གྲུབ།
ཁ་བརྡ་ཚང་ལ་ཡང་བསྐྱར་གོང་མཚུངས་རེ་བ་སྙིང་ནས་ཞུ་ཞུ་ཞུ།
པད་བསམ་དང་ཤ་ཀླན་བུ། ལྷ་ས་ཨབ་སོབ་སོགས་ཀྱིས་དཔྱད་གཏམ་ཡག་པོ་གནང་འདུག་པར་དགའ་ཡོད།
ཨ་རྒྱ་བཟོད་པ་ལགས།
བཀྲ་ཤིས་བདེ་ལེགས། ཚོར་སྣང་གིས་བཏུམ་པའི་སྙན་ངག་འདི་ཀློག་དུས་ངས་ཀྱང་མ་ཎི་གྲངས་མེད་ཅིག་བགྲང་བཞིན་ཡོད། འཁྲེང་སེམས་དེ་དང་དུངས་སེམས་དེ་འུ་ཅག་ཕན་ཚུན་ལ་སྦྲེལ་བའི་འབྲེལ་ཐག་བླ་མེད་དེ་ཡིན་ཨང།
གཅན་བཟོད་རྒྱམ་ལགས།
ད་ནི་འགོད་སྟངས་འགྲིག་འདུག་གམ། ཁྱེད་ཀྱི་རེ་སྐུལ་བཞིན་བཅོས་འགོད་ཞུས་ཡོད།
འདི་མོ་འདི་ཙོ་སྙན་ངག་ཡིན་ན། སྙན་ངག་ཟེར་ནོ་སྐྱག་པ་གཏོང་གཏོང་བྱས་ཆོག་པའདྲ།
སྙན་ངག་མཁན་གཅན་བཟོད་རྒྱམ་ལགས། བཀྲིན་ཞུ། མུ་འཐུད་འགོད་རོགས། ད་ལན་ཡིག་ཚད་རྐྱེན་པས་མཆན་མང་པོ་བཏབ་མ་སོང་བས་མྱུར་དུ་མཇལ་ཡོང།