རྫ་ཚེ་རིང་བཀྲ་ཤིས་
ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།།
༡ སེམས་པ་སེམས་པར་གླན་པའི་དལ་གཅིག་ན།།
སེམས་ཀྱི་རླབས་སྒྲ་སེམས་ཀྱིས་ཚོར་བར་གྱུར།།
དེ་ཚེ་འཇགས་པ་མེད་པ་ཡིད་ཀྱི་རླབས།།
སླར་ཡང་ཀུན་གཞིའི་རྒྱ་མཚོར་ཐིམ་པར་གྱུར།།
༢ རྩ་བ་མེད་པའི་རྩེ་མོ་འབུམ་ཕྲག་གིས།།
མཐའ་ཡས་གནམ་དང་ས་གཞི་གཡོ་བར་བྱས།།
ནམ་མཁའི་བུ་མོས་མཁའ་ལ་གར་བྱེད་པ།།
རྟོག་མེད་ཡིད་ཀྱི་སྐྱེས་བུས་ཚོར་བར་གྱུར།།
༣ སྙན་ངག་མཁན་པོ་གངྒའི་འགྲམ་དུ་ངུ་།།
ཡན་ལག་མེད་པ་ཏི་སིའི་རྩེ་ལ་འཛེགས།།
ཁོ་བོས་དངོས་སུ་མཐོང་བ་གང་ཡིན་པ།།
དེ་དང་དེ་ལ་ཁྱེད་ཅག་རབ་ཏུ་རྨོངས།།
༤ ཡམ་ཡོམ་གཡོ་བའི་ཀའོ་ཞུང་གྲོང་ཁྱེར་འདི།།
སླར་ཡང་བལྟས་ན་འཇིགས་སུ་རུང་བ་སྟེ།།
གང་ཡིན་ཅི་ཡིན་སུས་ཀྱང་མི་ཤེས་མོད།།
འོན་ཀྱང་རྟག་ཏུ་མེད་པ་མ་ཡིན་ནོ།།
༥ རྐང་པ་མང་པོ་བདག་གི་ཕྱོགས་སུ་གཅར།།
བདག་གི་ཕྱོགས་ནས་གཞན་གྱི་ཕྱོགས་སུ་རྒྱུག།
ཐ་མ་གང་དུ་འགྲོ་བ་མ་འཚལ་ཏེ།།
དུས་ཡུན་ཤིན་ཏུ་ཐུང་བར་ཡ་མཚན་ནོ།།
༦ སྦྱིན་བདག་མོ་ཡིས་རང་གི་བྱིས་པ་པང་།།
ལམ་འགྲོའི་མགྲོན་པོས་ཅ་ལག་འཕྲག་ཏུ་འཁུར།།
ཁ་ཅིག་ཐ་མག་འཐེན་གྱིན་ཁ་པར་ལེན།།
འདིས་ཀྱང་བདག་གི་བློ་ཁ་མ་ཚིམས་སོ།།
༧ གནའ་སྲོལ་རོལ་དབྱངས་སྙན་པ་ཤིན་ཏུ་བདེན།།
འདིས་ནི་བདག་སེམས་ཞི་བའི་ནགས་སུ་དྲངས།།
ཡང་ཡང་དྲན་པའི་ཤིང་གི་སྤྱིལ་བོ་དེར།།
བདག་གི་རྣམ་ཤེས་འཁྱུད་པ་བདེན་ལགས་སོ།།
༨ བདག་ནི་ཡོངས་སུ་ཞིང་དུབ་གྱུར་ཀྱང་།།
ཁྱེད་ཀྱི་བསམ་པ་སྔར་བཞིན་འགྲུབ་པར་ཤོག།
དགའ་བའི་འཛུམ་དང་སྡང་བའི་ཁྲོ་གཉེར་འདིས།།
ད་ནི་བདག་ལ་གད་མོ་སློང་མ་གྱུར།།
༩ ཁོ་བོས་སེམས་ཀྱིས་ཁྱེད་རང་ཚོར་ན་ཡང་།།
ཁྱེད་ཀྱིས་ང་ལ་སྣང་བ་མ་བཏང་བ།།
འདི་ཡི་བར་ན་གསང་བ་གཞན་མེད་པ།།
བསམ་བློ་གཏོང་སྟངས་ཤིག་གིས་རྟོགས་པར་འགྱུར།།
༡༠ རྟོགས་པ་ཐོབ་པའི་སྐྱེས་བུ་དམ་པ་དེ།།
འཇིག་རྟེན་འདི་ནས་སུས་ཀྱང་ཚོར་མ་གྱུར།།
ལས་ཀྱིས་ཡོངས་སུ་བྲེལ་བའི་མགྲོན་པོ་དག།
ཉམས་འཇོག་མེད་པར་རྟག་ཏུ་བགོམས་ནས་སོང་།།
༡༡ ཁོང་དུ་ཤོང་ཡང་སེམས་སུ་མི་ཤོང་བའི།།
དམ་པའི་སེམས་དེ་སེམས་ཀྱིས་ཚོར་ན་ཡང་།།
ཚིག་གི་ལམ་འདི་ཕྲ་ལ་དོག་པ་སྟེ།།
བསམ་པ་བཞིན་དུ་བརྗོད་དུ་མི་གཏུབ་བོ།།
༡༢ སུ་ནི་སུ་ཡི་ཆེད་དུ་འཆི་བ་ཡིན།།
གང་ནི་གང་གི་ཆེད་དུ་གསོན་པ་ཡིན།།
འདུན་མའི་གཏད་སོ་བཙལ་ན་མི་རྙེད་ཀྱང་།།
ཐེ་ཚོམ་མེད་པར་མདུན་དུ་རྒྱུག་འདི་མཚར།།
༡༣ དེ་རིང་སེམས་པ་འཁྱོམས་པར་ཚད་མ་བྱུང་།།
ངེས་བཟུང་མེད་པའི་ཡུལ་སྣང་དྲག་ཏུ་གཡོས།།
མགོ་ཡོམ་འཁོར་བ་ལྟ་བུའི་ཚོར་སྣང་གིས།།
སྣང་བའི་གོ་རིམ་དལ་གཅིག་ལྡོག་པར་གྱུར།།
༡༤ ཐོན་སྒོའི་ཟུར་གྱི་ལམ་མཚོན་འདྲ་གསོབ་དང་།།
ཐོན་སྒོ་ལས་བྱུང་རྐང་བ་རིང་པོ་གཉིས།།
ཇི་ལྟ་ཇི་ལྟར་ནན་གྱིས་བརྟགས་གྱུར་ཀྱང་།།
ད་དུང་གཅིག་པ་ཡིན་པའི་སྣང་བ་སྐྱེས།།
༡༥ དཔྱངས་ཐག་ཕྲ་མོས་བསྒུལ་པའི་ཟློས་གར་འདི།།
བདག་གིས་བརྩམས་ཤིང་བདག་གིས་འཁྲབ་པ་སྟེ།།
ཐ་མའི་ལྟད་མོ་དེ་ཡང་རང་གིས་ལྟས།།
དེ་ཡི་མོད་ལ་སླར་ཡང་སད་པར་གྱུར།།
ཞེས་པ་འདི་ཡང་། རྫ་ཚེ་རིང་བཀྲ་ཤིས་ནས་ཐའེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཀའོ་ཞོང་གི་མེ་འཁོར་འབབ་ཚུགས་ཀྱི་ལམ་འགྲམ་དུ་མེ་ལྟར་འབར་བའི་འགྱུ་འཕྲོའི་ཚོར་རྟོག་གླུ་རུ་བླངས་པའོ།།