ཛམ་གཡུ་སྤེན་པ་ཚེ་རིང་གིས།
འདས་པའི་ལོ་རྒྱུས་སྨྲ་དབང་མང་དག་གིས།།
སྔོན་འབྱོན་བཙན་པོ་དག་གིས་མཐོ་སྒང་འདི།།
ཆོས་དང་ཞི་བས་བསྐྱངས་ཚུལ་ཆོས་འབྱུང་བརྩམས།།
ཆོས་རྒྱལ་ཞེས་པའི་ཐ་སྙད་གང་སར་སྦྱར།།
ཐུན་མིན་གཡུང་དྲུང་བོན་གྱི་བསྟན་པ་འདི།།
རྒྱལ་བརྒྱུད་གསུམ་གྱིས་འབད་པས་རབ་བཅོམ་ནས།།
ཤཱཀྱའི་བསྟན་པ་མགོ་ནག་བོད་མི་ཡི།།
སྣོད་བཅུད་གཉིས་སུ་གཏིམ་དུ་བཅུག་ཚུལ་སྦྱོངས།།
བསམ་བློ་རྙིང་པ་གསར་པར་བརྗེ་བའི་འབད་ཚུལ་དང༌།།
འཛམ་གླིང་གསུམ་གཉིས་བཟུང་ནས་ལོ་རྒྱུས་རྡོ་རིང་དག།
བཙན་པོ་དག་གིས་འཛུམ་དང་མཐེ་མོ་སྦྱར་ནས་ནི།།
གངས་རིའི་ཚལ་དུ་སྤེལ་བ་ཡིན་ནམ་ལོ་རྒྱུས་པ།།
སྔོན་འབྱོན་འཇིགས་མེད་བཙན་པོ་ཀློང་ཡངས་ཅན་དག་གིས།།
གངས་རིའི་དཔའ་བོའི་དཔའ་རྟགས་ས་ཡི་གོ་ལའི་སྟེང༌།།
ཁྲག་དང་རྣག་གི་འཁོར་ལོས་བསྐོར་བའི་གསང་བ་དག།
རིག་གནས་བང་མཛོད་འདི་ན་སྦས་པ་བློ་རིག་བཀྲ།།
སྔོན་བྱུང་བཙན་པོའི་ཕྱག་རྗེས་གསང་བ་དང༌།།
གངས་རིའི་གཟི་བརྗིད་དམག་ལ་བཅོལ་ཚུལ་གཉིས།།
དངོས་བདེན་གསོ་རིག་རྒྱུད་བཞིའི་ཚ་རྨའི་ལེའུར།།
ལན་གཅིག་བསླབས་ནས་བསམས་ན་རྟོགས་ངེས་ཡིན།།
གངས་ལྗོངས་བསིལ་ལྡན་ཚལ་ཞེས་ངག་ལ་འཇགས།།
འབྱུང་ལྔ་འདུ་བ་གསུམ་གྱི་རྣམ་བཞག་ལ་བསམ་ན།།
བད་རླུང་གཉིས་ཀྱི་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་སོགས།།
རྨང་གཞིར་འཛིན་ནས་བཤད་ཐབས་དགོས་ན་ཡང༌།།
རྨ་དང་ཚ་བ་གཉིས་ཀྱི་རྒྱུད་བཞིའི་སྤྱི་ཡི་ཆ།།
བདུན་ཆ་གསུམ་ཙམ་འཛིན་ཚུལ་དག་ལ་རབ་བསམས་ན།།
སྐབས་དེའི་བོད་མི་སྤྱི་ཡི་འཕྲོས་བསྟེན་དམིགས་ས་དངོས།།
གསལ་བར་སྟོན་པའི་མེ་ལོང་དངོས་ཡིན་ལན་གཅིག་ལྟོས།།
བོད་ལུགས་གསོ་རིག་གཞུང་བཤད་ལག་ལེན་དམར་ཁྲིད་སྐབས།།
རྨ་ཡི་བླ་གཉན་ཕལ་ཆེར་ཚ་བ་རིགས་ཡིན་པས།།
རྨ་བཅོས་གནད་ཀ་ཚ་བ་འགོག་པར་འབད་དགོས་ཞེས།།
གདམས་ངག་གནད་ཀྱི་དམ་པར་བཟུང་ནས་བཅོས་སུ་འབད།།
རྨ་ལ་རྨ་སྤྱི་མགོ་སྐེ་བྱང་ཁོག་སྟོད་སྨད་རྨ།།
ཡན་ལག་རྨ་བཅས་སྡེ་ཚན་ཆེན་པོ་ལྔ་ཡིས་ནི།།
གྲ་ཐང་རྒྱུད་བཞི་དེབ་གཟུགས་པར་མ་ཡི།།
ཤོག་ངོས་ཆེན་པོ་དགུ་ཅུ་གོ་གཉིས་གསུངས་དོན་ཅི།།
ཚ་བར་ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས།།
མ་སྨིན་རྒྱས་ཚད་སྟོང་ཚད་གབ་ཚད་རྙིངས་ཚད་དང༌།།
རྙོགས་ཚད་འགྲམས་ཚད་འཁྲུགས་ཚད་རིམ་ཚད་སོགས།།
སྡེ་ཚན་ཆེན་པོ་དེ་དག་གསུངས་དགོས་རྒྱུ་མཚན་ཅི།།
གསོ་རིག་འཛིན་པ་སློབ་དཔོན་ཐུགས་རྗེ་ཅན་གཉིས་དང༌།།
འཚོ་བྱེད་དྲང་སྲོང་རྒན་རབས་མྱོང་བ་ཅན་དག་གིས།།
རྨ་ཡི་ས་བཅད་འདི་ལ་ནན་གྱིས་སྦྱངས་འགྱུར་ན།།
ལུས་གནས་གསལ་བར་རྟོགས་པར་ཐེ་ཚོམ་མེད་ཅེས་གསུངས།།
གསོ་རིག་རྒྱུད་བཞི་བཀའ་དང་བསྟན་བཅོས་གང་ཡིན་གྱི།།
རྣམ་བཞག་རྩོད་རྩོད་ད་བར་ལོ་ངོ་བདུན་བརྒྱ་ལྷག་ཙམ་སོང༌།།
སྐབས་དེའི་ས་བཅད་གཉིས་པོའི་ཞིབ་རྒྱས་འདི་ལྟ་བུ།།
ལུགས་ཆེན་གཞན་ལ་གསུངས་པ་མཐོང་ཐོས་མ་བྱུང་ངོ༌།།
རྒྱ་གར་ཚེ་རིག་ཅརག་སུཤུ་ཨཤཊང་སོགས།།
རྒྱ་ནག་གསོ་རིག་ལུགས་ཆེན་ཀྲུང་དབྱི་རྒྱས་བསྡུས་དང༌།།
ཏ་ཟིག་ཟབ་དཔྱད་ཡུཎན་ཧཱོམོཔེཏི་དང༌།།
མཚོན་བཅོས་སྐམ་ཁབ་ཧོར་མེ་ཡོ་ག་ཆུ་བཅོས་དང༌།།
དེང་དུས་འཕྲུལ་རིགས་སྨན་གྱི་ལུགས་ཆེན་དྲག་ཅན་སོགས།།
གསོ་རིག་ལུགས་ཆེན་སྔ་ཕྱི་གང་ལ་ཟབ་བརྟག་ཀྱང༌།།
གོང་བཤད་ས་བཅད་གཉིས་ཀྱི་ཟབ་རྒྱས་དེ་ལྟ་བུ།།
གཞུང་དང་ལག་ལེན་གཞན་དུ་བརྙེས་རྒྱུ་མེད་དོན་ཅི།།
ད་དུང་བསམ་བློ་མང་ཙམ་གཏོང་དང་གྲོགས་པོ་ལགས༎
སྲོལ་རྒྱུན་རིག་པའི་བང་མཛོད་དེ་དག་རབ་བསླབ་ན༎
གསང་བའི་གནད་ཀ་མང་པོ་ང་ཚོས་ལོངས་སྤྱོད་ནུས༎
དེར་བརྟེན་དེ་ལ་འབད་དང་དྲྭ་གྲོགས་བློ་ཡངས་ལགས༎
བོད་ཀྱི་རིག་གནས་དཔྱིད་ཀྱི་བང་མཛོད་གྱས་འདྲ་བས།།
རིག་གནས་སྤྱི་ཀུན་གསལ་བའི་སྒྲོན་མེ་མངོན་གསུམ་འདྲ།།
དེང་དུས་གྲགས་པའི་རིག་གསར་མང་དུ་འབོད་ན་འང།།
དེ་དག་ང་ཚོས་གཞུང་ཆེན་དག་ལས་མཐོང་བ་འདུག།
གངས་ལྗོངས་ཆབ་སྲིད་དམག་གིས་སྐྱོང་ལུགས་དང་།།
ཆོས་རྒྱལ་དྲག་པོའི་ལས་ལ་ཞུགས་པའི་ཚུལ།།
སྦས་པ་མེད་དོ་དམག་ལ་མ་ཞུགས་པར།།
འཛམ་གླིང་སུམ་གཉིས་བསྡུས་ཞེས་གང་དུ་བཤད།།
དམག་ལ་ཞུགས་དང་སྲོག་གཅོད་བྱས་ཙམ་གྱིས།།
ཆོས་དང་འགལ་བར་མཐའ་གཅིག་སྨྲ་དཀའ་སྟེ།།
ཆོས་དང་ཆོས་མིན་སེམས་ཀྱིས་འབྱེད་པ་ལས།།
ཕྱི་རོལ་དངོས་པོའི་ཁྱད་པར་ཙམ་མིན་ལགས།།
ད་ལྟ་གངས་ཅན་བོད་ཀྱི་གཅེས་ནོར་ཆེ།།
རིགས་གཞུང་ནོར་བའི་བང་མཛོད་ཆེན་པོ་འདི།།
ཐོག་མར་སྐྲུན་པའི་དཀའ་བ་མང་བརྟེན་པ།།
དེ་དག་ཆོས་དང་འགལ་ཡང་མི་དགའ་མེད།།
གནའ་བོའི་བོད་ཀྱི་སྤྱི་ཚོགས་གང་དུ་འང་།།
རྩོད་ལ་དགའ་ཞིང་དྲག་པོའི་བྱ་བར་སྤྱོད།།
དེས་ན་རྨ་བཅོས་རིགས་རྣམས་མང་ལགས་ཀྱང་།།
རྨ་ཀུན་ཆོས་རྒྱལ་དམག་གིས་བཟོས་པ་མིན།།
རྒྱལ་རྒྱུད་གསུམ་རིང་འབད་དང་བརྩོན་པ་ཡིས།།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་པ་ལས།།
བོན་ཀུན་རྩ་མེད་བཟོས་པའི་ལོ་རྒྱུས་ཤིག།
གསུང་རྒྱུ་ཡོད་ན་གསལ་པོར་སྟོན་རོགས་མཛོད།།
བོད་ལུགས་གསོ་བ་རིག་པར་སྦྱངས་པའི་འབྲས།།
ནད་པ་གཅིག་ལའང་ཕན་འདོགས་མ་ནུས་ཀྱང་།།
བན་བོན་བར་དུ་ཞེ་འཁོན་སློང་བ་དང་།།
རྨ་ཀུན་ཆོས་རྒྱལ་དམག་གིས་བཟོས་ཞེས་བསྙོན།།
ཧ་ཧ་མཁས་པའི་དབང་པོའི་རྣམ་དཔྱོད་དེས།།
མངོན་གྱུར་ཚིག་གི་གོ་དོན་མ་རྟོགས་ཀྱང་།།
ཤིན་ཏུ་ལྐོག་གྱུར་ཆོས་རྒྱལ་ལོ་རྒྱུས་ཤིག།།
གསོ་བ་རིག་པའི་གཞུང་ནས་རྙེད་འདི་མཚར།།
ཐུགས་དང་འགལ་བ་མཆིས་ན་བཟོད་པར་གསོལ་ཞིང་བརྟགས་ཤིང་དཔྱད་པའི་ས་བོན་ཙམ་ཡོད་ན་དགྱེས་དགྱེས་མཛོད་ཅིག།
འབུམ་རྒྱུད་གཞུང་གི་མཚོན་རྨའི་ལེའུ་འདི།།
ལག་ལེན་ཐུབ་པའི་སྨན་པ་ཤིན་ཏུ་དཀོན།།
འུར་བསྟོད་མ་བྱེད་ཚེ་རིག་འཛིན་པ་རྣམས།།
ད་ལྟ་ལ་འུར་ཉིད་དུ་ལག་ལེན་བྱོས།།
ཙི་ནའི་ལུགས་ལ་མཚོན་རྨ་མེད་པའི་ཚུལ།།
སྒྲུབ་བྱེད་ཡོད་ན་དེ་ལུགས་སྤེལ་རོགས་མཛོད།།
ཨ་བུ་ངས་ནི་ཕུན་སུམ་ཚོགས་པར་མཐོང་།།
ཁ་ཚོན་གཅོད་པ་དེ་འདྲ་སླ་བོ་མིན།
མཚོན་རྨའི་ལེའུ་ཕུན་སུམ་ཚོགས་ན་ཡང་།།
ད་ནི་ལུང་ཁྲིད་ཙམ་ལས་མེད་པའི་ཚུལ།།
བསམ་ཐེངས་རེ་ལ་སྙིང་ཁམས་མི་བདེ་བས།།
སེམས་ཀྱི་བདེ་སྐྱིད་མི་བསྟེན་ཐབས་མེད་འདུག།
བོད་ཀྱི་བཙན་པོའི་དམག་དཔུང་རྒྱ་བསྐྱེད་དུས།།
མཚོན་རྨ་གསོ་བའི་ཐབས་ཤེས་འདྲ་མིན་རྙེད།།
འོན་ཏེ་ཕྱིར་དྲན་བྱས་ན་ཐམས་ཅད་ནི།།
རང་ལ་མི་དབང་སེམས་པ་སྐྱོ་བ་ལ།།
ཙི་ནའི་རྒྱལ་བོའི་བཀའ་ཁྲིམས་བཙན་ཆེ་བས།།
བླ་སྨན་ཡིན་ཡང་སྲོག་ཁྲིམས་བཅད་པ་མང་།།
དེ་བས་འུ་ཐུག་བླ་སྨན་མང་བགྲོས་ནས།།
བཙོན་མར་ཚོད་ལྟ་བྱས་བ་གོ་མྱོང་ངམ།།
རྩ་སྦྱོངས་དང་ནི་ཐུར་མའི་ལེའུ་གཉིས།།
ད་ནི་གླེགས་བམ་མལ་དུ་ཤོར་ལ་ཉེ།།
འོན་ཏེ་ཙི་ནའི་འཚོ་བྱེད་མཁས་རྣམས་ཀྱིས།།
སྔར་བཞིན་ལག་ལེན་བྱེད་པ་མ་མཐོང་ངམ།།
དོགས་པ་ཡོད་ན་དྲི་བའི་ཚུལ་གྱིས་ནི།།
འདི་རུ་སྤེལ་དང་བགྲོ་གླེང་བྱེད་དང་ཆོག།།
ལུགས་གཉིས་གཞུང་ལ་མཐོང་བརྒྱུད་མྱོང་གོམ་ཡོད།།
ཀུན་བཟང་སྟོབས་ལྡན་ཆོས་དབྱིངས་སྟོབས་ལྡན་དང་།།
ཚོགས་དྲུག་རང་གྲོལ་ཁམས་བླ་ནམ་མཁའ་སོགས།།
གཙོར་བཅས་རིག་འཛིན་ཕུར་ཐོགས་སྟོང་སྡེ་ཡི།།
གྲལ་མཐར་བསྙེག་པ་སྔགས་སྨྱོན་རོལ་རྩལ་ང་།།
ད་ནི་ཚིག་ཚོགས་སྤེལ་བའི་ལོང་ཁོམ་མེད།།
མནོག་ཆུང་བྱ་བའི་ངལ་བ་རྒྱང་སྤང་ནས།།
ཀ་དག་ལྷུན་གྲུབ་ཉམས་ལ་གཞོལ་རྒྱུ་ཡིན།།