བོད་ལྗོངས་རོགས་སྐྱོར་ནི་རྒྱ་མི་བོད་ཁུལ་དུ་སྤོར་རྒྱུའི་ལྐོག་ཇུས་ཤིག་ཡིན་པ་ལས།
བོད་རང་ལ་གནོད་པ་ལས་ཁེ་ཕན་མེད་པ་མངོན་གསལ་རེད།
རིག་འབྱུང་དཀོན་མཆོག་ཚེ་བརྟན།
ང་ནི་བོད་ལུགས་གསོ་རིག་གི་སྨན་པ་དཀྱུས་མ་ཞིག་དང༌། ད་ཕན་མི་ལོ་ཉེར་གསུམ་རིང༌། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཤིང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལ་བག་ཆགས་འཇོག་ཁུལ་བྱས་པ་ཞིག་ཡིན། ད་དུང་མུ་མཐུད་སློབ་གཉེར་དང་ཆབས་ཅིག བྱང་ཨ་རིའི་ཡུལ་ན་དེང་རབས་རྟོག་གེའི་རིག་པའི་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད།
མི་ལོ་ཉེར་གསུམ་རིང་དེའི་རིང༌། རྒྱ་ནག་དམར་ཕྱོགས་གཙོ་འཛིན་མའོ་ཙེ་ཏུང་དང༌། ཏིན་ཞོ་ཕིན། ཅང་ཙེ་མེན། ཧུའུ་ཅིན་ཐོ་བཅས་ཀྱི་དགོངས་པ་གཙོ་བོར་བཞག་པའི་གུང་ཁྲན་ཏང་གི་ཆབ་སྲིད་ལ་སློབ་སྦྱོང་དང༌། མཚོན་བྱེད་གསུམ་གྱི་རིག་པའི་གཞུང་ལུགས་ཀྱི་དགོངས་པའི་སྐོར་ཟིན་བྲིས་སུ་བཏབས་ཏེ་བསྡད་པ་ཡིན། དེ་ནི། རྒྱལ་ཁབ་ལ་འགན་ཁུར་བ་དང་རང་ཉིད་ལ་འགན་ཁུར་བའི་འགྲེལ་བཤད་དང་དེའི་ཁོར་ཡུག་དེ་ནས་འདོད་པ་ཡོད་མེད་ལ་མ་ལྟོས་པར་སྦྱོང་དགོས་ཤིང༌། དེ་སྦྱངས་པའི་ཚད་གཞི་དེས། ད་གཟོད་དགེ་རྒན་དང་སློབ་མར་རྒྱལ་ཁབ་དང་ཏང༌། མི་དམངས་བཅས་ལ་ཤ་ཞེན་གྱི་བསམ་བློ་ཡོད་མེད་ཀྱི་ཚད་གཞི་འཇལ་གྱི་ཡོད། རྒྱུ་མཚན་དེ་འདྲར་བརྟེན། སློབ་ཚན་དེའི་སྐོར་ལ་འབད་བརྩོན་དང༌། མ་འོངས་པའི་ནང་དུའང་སློབ་སྦྱོང་དང་ལག་ལེན་བསྟར་བ་ལ་ཆོད་སེམས་བརྟན་པོ་ཡོད་སྐོར་ཁ་ནས་མ་ཎི་འདོན་འདོན་དང་ལག་ནས་ཕྲེང་བ་བགྲང་བགྲང་གིས་གཏམ་གླེང་བྱས་མྱོང༌། དེ་ནི་ངའི་སློབ་གཉེར་ཁོར་ཡུག་གི་གནས་སྟངས་གྲས་ཀྱི་གཅིག་རེད། ཁོར་ཡུག་འདི་འདྲ་ཞིག་གི་ཁྲོད་སློབ་སྦྱོང་གི་གོ་སྐབས་ཤིག་ཐོབ་པ་དེ་ཡང་སྐལ་བ་བཟང་ཙམ་རེད། ངའི་ལོ་ཚོད་ནང་སློབ་གཉེར་གྱི་གོ་སྐབས་ཁྱོན་ནས་མ་རག་པའང་མང་པོ་ཡོད།
ད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང༌། རྒྱལ་ཁབ་ཀྱི་བརྟན་བརླིང་དང་འབྲེལ་བའི་ཚོགས་འདུ་ཆེ་ཆུང་མང་པོ་བདུན་ཕྲག་རེར་ཐེངས་འཚོགས་པའི་ལས་འགུལ་སྤེལ་བའི་སྐབས་ལ་མཚོན་ན། ང་ཚོའི་ལས་ཁུངས་ཀྱིས་འཇིགས་དངངས་ཆེན་པོ་དང་བཅས་ཏེ། ང་ཚོའི་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པས་གཅིག་ཤོར་གཉིས་ཤོར་གྱི་ཚུལ་གྱིས། རང་རེའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཁ་ཤས་ལ་བདེ་འཇགས་ཅུས་ཀྱིས་གསང་བའི་སྒོ་ནས་མྱུལ་ཞིབ་དང་ལྟ་རྟོག་བྱས་དང་བྱེད་བཞིན་ཡོད་སྟབས། སོ་སོའི་ངོས་ནས་གཟབ་ནན་བྱེད་དགོས་པ་ལས། སྐད་ཆ་གང་བྱུང་མང་བྱུང་བཤད་པ་དང༌། ཁ་བྲལ་རིང་ལུགས་ཀྱི་བསམ་བློའི་རྗེས་སུ་འབྲངས་ནས་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་སྐྱོན་གཏོང་བ་དང༌། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་ལ་འགལ་བའི་ལས་ཀ་ལ་ཞུགས་མི་ཆོག་པ་མ་ཟད། ཕྱི་ལོགས་ནས་འཁྱར་ཡོང་བའི་ཡིག་ཆ་དང་གསར་འགྱུར་གྱི་རིགས་ལ་གང་བྱུང་བལྟ་མི་ཆོག་པ། བོད་ནི་མེས་རྒྱལ་དང་ནམ་ཡང་ཁ་བྲལ་མི་རུང་བའི་གྲངས་ཉུང་མི་རིགས་ཤིག་ཡིན་པ་སོགས་ཀྱི་གཏམ་བཤད་དང་བགྲོ་གླེང་གི་ནང་དོན་དག་ནི། ད་དུང་ངའི་ཡིད་ལ་དྲན་ཐེངས་རེར་ཉིན་བཞིན་གྱི་ཞལ་འདོན་ལྟར་བློ་བྱང་དུ་སོང་ནས་ཡོད།
རྒྱ་ནག་གུང་ཁྲན་ཏང་ལྟར་ན། སྤྱིར་ཆབ་སྲིད་དང་མར་ལེ་རིང་ལུགས་ཀྱི་རྩོད་སྒྲུབ་རིག་པ་ནི། སློབ་གྲྭ་ཆེན་མོ་བས་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་ཞིག་ཡིན་ལ། མི་ཚེ་གང་བོའི་ལས་གནས་སྟེང་ནམ་ཡང་ཁ་འབྲལ་ཐབས་མེད་པའི་ཚོགས་འདུའི་ནང་དོན་གཙོ་བོའང་སློབ་དེབ་འདི་གཙོ་བོར་བཞག་ནས་ཡོང་གི་ཡོད། དེ་བཞིན་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་གིས་ཀྱང་དེའི་ཕྱོགས་ལ་ཤུགས་གང་མང་རྒྱག་གིན་ཡོད་ཅིང༌། དེ་ནི། རྒྱལ་ཁབ་ཀྱི་ཆེད་དང་གུང་ཁྲན་ཏང་གང་གི་ཆེད་དུའང་མ་ཡིན་པར། ཁོང་ཚོར་དམིགས་ཡུལ་གཅིག་རང་ཡོད་པ་ནི། གུང་ཁྲན་ཏང་གི་གནམ་འོག་ནས་མདུན་ལམ་ངེས་ཅན་ཞིག་ཐོབ་ཐབས་ཁོ་ནའི་ཆེད་དུ་ཡིན། དཔེར་ན། ཆབ་སྲིད་ཀྱི་སྐར་གྲངས་ནི་རབ་འབྱམས་པ་དང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་སྐབས་སུ། དངོས་གཞིའམ་ཆེད་ལས་ཀྱི་སློབ་ཚན་ལས་ཀྱང་ཤིན་ཏུ་གཙིགས་སུ་འཛིན་པས་རེད།
བོད་ཀྱི་རིག་གནས་ཀྱི་རྨང་གཞི་མཐུག་ཅིང་ཤེས་ནས་སྨྲ་བ་མང་པོ་ཞིག་གི་མདུན་ལམ་འགོག་བྱེད་ཡོད་ན་མེད་ན་དེ་ཡང་མདོར་དེད་ན་ཆབ་སྲིད་ཀྱི་སྐར་གྲངས་ཀྱིས་ཐག་གཅོད་བྱེད་པ་ཡིན། བོད་ཀྱི་རིག་གནས་ཀྱི་རྨང་གཞི་བརྟན་པའི་སྐད་གཅིག་སྨྲ་བ་མང་པོ་ཞིག་ལ་དེང་རབས་སློབ་གསོའི་ལག་འཁྱེར་མེད་པར་བརྟེན། མི་ཚེ་གང་བོར་མགོ་བོ་དགྱེ་ཡུལ་མེད་པར་གཞི་རིམ་གྱི་ལས་ཀ་ཞིག་ལས་ཐོབ་ཀྱི་མེད་པ་དང༌། སྤྱི་ཚོགས་སྟེང་གི་གོ་གནས་ཆེ་ཆུང་གང་ཡང་ཐོབ་ཐུབ་ཀྱི་མེད། ཐ་ན་རང་ཉིད་ཀྱི་གནས་རིམ་འཕར་བའི་གོ་སྐབས་ཀྱང་ཉུང་ཉུང་ཡིན། འདི་ནི་ལོ་ངོ་སུམ་ཅུ་ལྷག་གི་སྔོན་ནས་བཟུང་བོད་ཡིག་སྦྱང་ན་མདུན་ལམ་མེད་པར་ལྟ་བའི་བསམ་བློ་དང་སྐད་ཆ་ཤོད་སྟངས་ཀྱི་འབྱུང་ཁུངས་རེད་ལ། ད་ལྟའི་གནས་སྐབས་སུ་བོད་མིན་རྒྱ་མིན་གྱི་བོད་པ་ཕུང་གསུམ་པ་ཞིག་ཐོན་གྱིན་ཡོད་པའང་ཁུངས་འདེད་བྱས་ན། གཞི་རྩའི་ཐུག་ས་དེ་འདི་ཆགས་ཡོད།
ཡིན་ནའང༌། ཆབ་སྲིད་སློབ་སྦྱོང་ནི་རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་པའི་དམིགས་བསལ་གྱི་སློབ་གསོའི་བགྲོད་སྟངས་ཤིག་ཡིན་པ་ལས། བོད་པ་ཁོ་ནར་ལག་བསྟར་བྱེད་ཀྱི་ཡོད་པ་གང་ཡང་མ་རེད་དེ། བོད་ཁམས་སུ་ལག་བསྟར་བྱེད་ཀྱིན་པའི་སློབ་གསོའི་རྣམ་གྲངས་དང་ལག་བསྟར་གནས་སྟངས་ནི། བོད་པ་རང་གི་བསམ་བློ་དང་སྤྱི་ཚོགས་ཀྱི་དགོས་མཁོར་འཚམ་པ་ཞིག་ཁྱོན་ནས་མིན། ངས་གླེང་ན་འདོད་པ་ནི་བོད་ཁུལ་གྱི་སློབ་གསོའི་ལམ་ལུགས་ཐད་གནས་པའི་གནས་ཚུལ་འགའ་ཡིན་ལ། དེ་ནི་ང་རང་གི་མྱོང་བ་གཞིར་བཞག་ནས་དྲ་དེབ་འདི་བརྒྱུད་དེ་གླེང་སློང་ཙམ་ཞིག་བྱས་ན་འདོད་པའི་གནད་དོན་དེ་ཡིན།
ང་རང་ལོ་ན་བདུན་ལ་སོན་སྐབས་གྲོང་སྡེའི་སློབ་ཆུང་དུ་ཞུགས། དེ་དུས་ཀྱི་ང་ཚོའི་སློབ་གྲཝ་མཚོན་ན། སློབ་ཁང་གི་མཐུན་རྐྱེན་འཛོམས་ངེས་བཞིན་པ་ཅི་ཡང་མེད་པར། གནམ་གཤིས་ཀྱི་འགྱུར་ལྡོག་དང་གནས་བབ་དང་བསྟུན་ཏེ་སློབ་ཐུན་འཚོགས་ཀྱི་ཡོད། ད་ལྟའང་གསལ་པོར་དྲན་པ་ནི། སློབ་གྲྭའི་རྭ་བ་ནས་དབྱངས་གསལ་སུམ་ཅུ་ས་ཐོག་ལ་མཛུབ་བྲིས་བྱེད་འགོ་བརྩམས་ཤིང༌། ལོ་རིམ་བཞི་པ་ནས་བཟུང་རྒྱ་ཡིག་སློབ་འགོ་བརྩམས་མོད། དེ་དུས་ཀྱི་དགེ་རྒན་ཐོག་མ་ནི་བོད་པ་ཞིག་ཡིན། ངོ་མ་བཤད་ན་ཁོ་མོ་ཡང་རྒྱ་ཡིག་གི་སྦྱོར་ཀློག་བྱེད་སྟངས་ལ་ཐོག་མར་བསླབ་པ་ཙམ་ལས་ཆེད་གཉེར་བྱས་པའི་དགེ་རྒན་ཞིག་མིན། དེ་ལྟར་སྦྱོར་ཀློག་ཨེན་ཙམ་ཤེས་རྗེས་རྫོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་ནས་དམའ་འབྲིང་གི་རྒྱའི་སྐད་ཡིག་གི་སློབ་དེབ་ལ་སྦྱོང་སྦྱོང་བྱས་པ་ཡིན། དེ་དུས་ཀྱི་སློབ་དེབ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་དེབ་ཡིན་པས། བོད་ཡིག་གི་མཆན་འགྲེལ་ནི་གཅིག་ཀྱང་མཐོང་རྒྱུ་མེད། ང་ཚོར་མཚོན་ན། དོན་དག་ཅི་ཡང་ཧ་མི་གོ་ལ་ཐ་ན་རྒྱ་ཡིག་ཚིག་མཛོད་ཡོད་ཀྱང་བཀོལ་སྤྱོད་བྱེད་མི་ཤེས། དེ་དུས་ཀྱི་ང་ཚཽའི་སློབ་དེབ་ནི། བོད་ཀྱི་སྐད་ཡིག་མ་གཏོགས་པའི་བསླབ་བྱ་གཞན་པ་མང་ཆེ་ཤོས་རྒྱ་ཡིག་གི་སྟེང་ནས་འཁྲིད་ཀྱི་ཡོད་པས། ལོ་ངོ་གཉིས་ཀྱི་རིང་ལ་ཅི་ཞིག་འཁྲིད་ཀྱི་ཡོད་པ་ཧ་མ་གོ་བ་ལྟ་བུ་བྱུང༌། སྐབས་དེར་སྤྱོད་རྒྱ་ཆེ་བའི་ཚིག་མཛོད་ནི་རྒྱ་བོད་ཤན་སྦྱར་རེད། དེའི་ནང་གི་བོད་ཡིག་ནི་བོད་ཀྱི་བརྡ་སྤྲོད་ལ་རིག་གནས་གསར་བརྗེའི་འདྲེ་ལག་བརྐྱངས་ནས། ཕྲད་དང་རྣམ་དབྱེ་མང་པོ་ཞིག་བསྡུས་ནས་བཀོད་ཡོད་པ་དེ་ཡིན་སྟབས། སྐབས་རེར་དེའི་ཤན་ཤུགས་ཀྱིས་རྩོམ་ཡིག་སོགས་འབྲི་སྐབས་ཐོབ་ཐང་ཕྲད་ཀྱི་ཐོབ་ཐང་སྐོར་ལ་ནོར་འཁྲུལ་ཡང་མང་པོ་བྱུང་མྱོང༌། དེ་ནི་སློབ་གྲོགས་མང་པོའི་དགེ་རྒན་ལྟ་བུར་གྱུར་ཡོད་པས། ངོ་མ་བཤད་ན། ལོ་ངོ་གཉིས་གསུམ་གྱི་སྐད་ཡིག་སློབ་དེབ་ནི་དེ་ཡིན་ཞེས་བརྗོད་ན་མི་འགྲིག་རྒྱུ་མེད། ང་ཚོ་དམའ་འབྲིང་སློབ་མཐར་ཕྱིན་སྐབས་ཀྱི་རྒྱ་སྐད་ཆུ་ཚད་ནི་ཧ་ཅང་ཞན། དེ་དུས་ཀྱི་ང་ཚོས་ཐ་ན་གཡོར་ཡིག་དང་བྱུང་འཛིན་ལྟ་བུ་ཞིག་ཀྱང་འབྲི་མི་ཤེས། དམའ་འབྲིང་གི་རྗེས་ནས་རྒྱུགས་འབྲས་འབུར་དུ་ཐོན་པའི་རིགས་རྣམས་ཁུལ་གྱི་མི་རིགས་དགེ་ཐོན་སློབ་གྲྭ་དང༌། ཞིང་ཆེན་རིམ་པའི་འཕྲོད་བསྟེན་སློབ་གྲྭའི་འབྲིང་རིམ་སློབ་མར་ཚུད་ཀྱི་ཡོད་ཅིང༌། དེ་ཚོ་ནི་ཕྱོགས་གང་ཐད་ནས་སྐྱེས་སྦྱངས་རིག་པའི་དཔའ་རྒྱས་པའི་སློབ་མ་ཡིན་པས་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང༌། སྨན་ཁང༌། སྲིད་འཛིན་ལས་ཁུངས། འཕྲོད་བསྟེན་སྡེ་ཁག་སོགས་ཀྱི་རྐང་འཛིན་མི་སྣའི་བརྒྱ་ཆའི་དགུ་བཅུའི་ཡོང་ཁུངས་ཆགས་ཡོད།
རྒྱུགས་འབྲས་ཅུང་ཞན་པ་ཕྱིར་མཐོ་འབྲིང་དུ་འགྲིམས་ནས་ལོ་ངོ་གཉིས་ཀྱི་རྗེས་སློབ་ཆེན་ལ་རྒྱུགས་སྤྲོད་དགོས། མཐོ་འབྲིང་ནི་མི་ཚེའི་དཀྱོགས་མཚམས་གལ་ཆེན་ཞིག་སྟེ། དེ་དུས་མི་ཚེ་གང་བོའི་མདུན་ལམ་ཐག་གིས་གཅོད་ཐུབ་དགོས། འོན་ཀྱང༌། སློབ་ཆེན་ལ་རྒྱུགས་འཕྲོད་རྗེས་ང་ཚོ་ལ་མི་རིགས་སློབ་ཆེན་འགའ་ཤས་མ་གཏོགས་འདེམས་རྒྱུ་མེད། མི་རིགས་སློབ་ཆེན་གྱི་ཁྲིད་གཞི་གཙོ་བོ་ནི་བོད་ཀྱི་སྐད་ཡིག་ཡིན་པ་ལས་ནང་གསེས་ཀྱི་ཆེད་གཉེར་མང་པོ་དགར་མེད་པས་སློབ་མཐར་ཕྱིན་རྗེས་དགེ་རྒན་དང་སྲིད་འཛིན་གྱི་བྱ་བར་མ་གཏོགས་གཞཉ་གྱི་ཞུགས་ཡུལ་གང་ཡང་རག་གི་མེད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ན་དེ་ནི་ཨང་དང་པོ་བརྩི་མོད། དེ་ནའང་བོད་ཀྱི་སྐད་ཡིག་མ་གཏོགས་པའི་ཆེད་གཉེར་གཞན་པ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མེད། དེ་ལས་གཞན་ནི། མཚོ་སྔོན་དགེ་འོས་སློབ་ཆེན་དང༌། མཚོ་ལྷོ་མི་རིགས་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། གཙོས་མི་རིགས་དགེ་འོས་སློབ་ཆེན། བོད་ལྗོངས་སློབ་ཆེན། འབར་ཁམས་མི་རིགས་དགེ་འོས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་གསོ་རིག་སློབ་གླིང༌། མཚོ་སྔོན་བོད་ལུགས་གསོ་རིག་གླིང་བཅས་ཡོད་མོད། རྩིས་དངོས་རྫས་གསུམ་དང་གསོ་རིག་མ་གཏོགས་གཞན་པའི་ལག་རྩལ་སྐོར་གྱི་བསླབ་བྱ་གཅིག་ཀྱང་སློབ་སྦྱོང་བྱེད་ས་མེད། དེའི་སྟབས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་སློབ་ཆེན་གྱི་སློབ་གཞི་སྦྱངས་ནས་མཐར་ཕྱིན་ཀྱང་ལས་ཀ་མ་ཐོབ་པར་ཁ་གདངས་ནས་བསྡད་ཡོད་པ་ནི་སྤྱི་ཚོགས་གང་ས་ན་མཐོང་རྒྱུ་ཡོད།
ང་རང་ལ་མཚོན་ན། སློབ་ཆེན་ལ་ཐོག་མར་རྒྱུགས་མ་འཕྲོད་གོང་ལ་ནི་ཟི་ལིང་གྲོང་ཁྱེར་ལ་ཐེངས་གཅིག་ཀྱང་སོང་མྱོང་མེད་ལ། དེ་དུས་ཀྱི་ངའི་བློ་ངོར་ཡོད་པའི་སློབ་ཆེན་མིང་གྲགས་ཅན་གསུམ་ནི་པེ་ཅིང་སློབ་ཆེན་དང་ཆིན་དཔའ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་བཅས་ཡིན། དེ་དག་ལས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་སྡེ་ཁག་ཞིག་ཡོད་པ་ཤེས། འོན་ཀྱང༌། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ལོ་རེར་འཛིན་གྲྭ་གཅིག་རེ་མ་གཏོགས་བསྡུ་ཡི་མེད་ལ། དེ་ཡང་རྩིས་དངོས་རྫས་གསུམ་སློབ་གཞིའི་གཙོ་བོར་བཞག་འོང་བའི་ང་དང་ང་ལྟ་བུ་ལ་མཚོན་ན་དེར་ཞུགས་རྒྱུའི་སྐལ་བ་ཐོབ་རྒྱུ་ནི་རྨི་ལམ་ཡིན། ཆབ་སྲིད་དང་ལོ་རྒྱུས་གཙོ་བོར་གཉེར་བའི་སློབ་མ་ཞིག་ལ་མཚོན་ན། དེ་ནི་ཆེས་མཐོ་བའི་དམིགས་ཡུལ་དང་གོ་སྐབས་ཀྱི་སྐལ་བ་ལེན་ས་ཆགས་ཡོད། དེར་ཡང་ལོ་རེར་བོད་ཆོལ་ཁ་གསུམ་ནས་སློབ་མ་སུམ་ཅུ་ལྷག་མ་གཏོགས་བསྡུ་ཡྀ་མེད་པས་དེར་ཚུད་རྒྱུ་ནི་ཤིན་ཏུ་ནས་ཁག་པོ་ཡིན།
ང་ལ་མཚོན་ན། གོང་གསལ་སློབ་ཆེན་གསུམ་མ་ཡིན་པའི་སློབ་ཆེན་གཞན་ཁག་གི་མིང་མང་པོ་ཞིག་ནི་དེ་དུས་གོ་མྱོང་མེད། དེ་ནི་སྐབས་དེར་ང་ཚོར་ལྟ་རྒྱ་དང་ཐོས་རྒྱ་མེད་པས་མ་ཡིན་པར། དེ་དག་ཕལ་ཆེར་རང་གི་སློབ་གཞི་དང་འབྲེལ་མེད་ཡིད་པའི་རྐྱེན་གྱིས་རེད། དེ་ལྟར་ལོ་ནས་ལོར་བོད་ཀྱི་སློབ་མ་མང་པོ་ཞིག་གིས་སློབ་ཆེན་དེ་དག་ནས་མ་གཏོགས་སློབ་སྦྱོང་བྱེད་ཐུབ་མེད། སྤྱི་ཚོགས་དང་མི་རིགས་ལ་ཕན་པའི་ལག་རྩལ་སྐོར་སྦྱངས་ས་མེད་པའི་རྐྱེན་གྱིས་བོད་རང་གི་ས་ཁུལ་གྱི་ལས་གནས་མང་པོ་ཞིག་ནང་ལོག་ནས་འབྲིང་རིམ་ཆེད་ལས་སློབ་གྲྭ་མཐར་ཕྱིན་པའི་རྒྱ་རིགས་མང་པོ་ཞིག་གིས་བཟུང་ཡོད། ཉེ་བའི་ལོ་འགའི་རིང་སློབ་ཆེན་མཐར་ཕྱིན་གྱི་སློབ་མ་ལས་ཀ་འཚོལ་དུ་ཕྱིན་ན་ས་གནས་སྲིད་གཞུང་གིས་ཆེད་གཉེར་གཙིགས་སུ་འཛིན་གྱི་ཡོད་ནའང༌། བོད་ཁུལ་གྱི་་འགོ་ཁྲིད་དེ་ཚོས་བོད་ཀྱི་སློབ་མ་མཐོ་འབྲིང་མཐར་ཕྱིན་རྗེས་དམིགས་བསལ་གྱི་ཆེད་ལས་འདེམས་རྒྱུ་མེད་པའི་གནས་ཚུལ་ལ་ཞིབ་འདང་མི་རྒྱག་པར་ཡོད་ཚད་ཚུར་ལེ་འདེད་བྱེད་པ་ལས་གནས་ལུགས་དང་མཐུན་པའི་ཐག་གཅོད་གང་ཡང་བྱེད་ཀྱི་མེད། ང་རང་ལ་མཚོན་ན། སློབ་ཆེན་མཐར་ཕྱིན་རྗེས་གཞི་རིམ་ནས་ཟླ་རེ་ལ་དམངས་སྒོར་བཞི་བརྒྱ་ཡས་མས་ཀྱི་ཟླ་ཕོགས་ལ་བརྟེན་ནས་ལོ་ངོ་གཉིས་དང་ཕྱེད་ཀར་བསྡད་པ་དང༌། དེ་རྗེས་ཞིབ་འཇུག་སློབ་མར་ཡིག་ཚད་བཏང་ནས་ལོ་ངོ་གསུམ་གྱི་རིང་ལ་ཁྱོན་བསྡོམས་སློབ་ཡོན་སྒོར་ཁྲི་གསུམ་ལྷག་སྤྲད་དེ་གསོ་རིག་སྐོར་ལ་སློབ་གཉེར་བྱས་རྗེས་ལས་ཀ་ཞིག་རེག་ཐུབ་སོང་བ་དེ་ཡང་རྒྱལ་ཁབ་ཀྱི་གཏན་འཇགས་ལས་བྱེད་མིན་པར་འཕྲལ་སེལ་གྱི་ལས་ཀ་ཞིག་རེད།
སྤྱིར་བོད་ཁམས་ན་ཞིབ་འཇུག་སློབ་མ་ཉུང་ལ་དེ་ལས་ཀྱང་གསོ་རིག་ཆེད་གཉེར་གྱི་ཞིབ་འཇུག་སློབ་མ་དང་མི་སྣ་ཤིན་ཏུ་ནས་ཉུང་སྟབས། ལས་ཀ་རེག་རྒྱུ་དེ་ལས་སླ་མོ་ཞིག་ཡིན་མོད། དེའང་ད་སྐབས་ནི་སྔར་དང་མི་འདྲ་བར་ཤིན་ཏུ་ནས་ཁག་སྟེ། ང་ཚོའི་སྨན་ཁང་དུ་གསོ་རིག་ཆེད་གཉེར་གྱི་རབ་འབྱམས་ཞིབ་འཇུག་ལག་འཁྱེར་བླངས་ཡོད་པ་ང་རང་ཐེ་བའི་མི་གསུམ་མ་གཏོགས་མེད། ང་ཚོ་གསུམ་པོར་མཚོན་ནའང༌། རང་རང་གི་ཆེད་ལས་དང་འཚམ་པའི་ལས་ཀའི་གོ་སྐབས་ཐོབ་དཀའ་བའི་གནས་སྟངས་འོག དངོས་གཞི་སློབ་མ་དང་གཅིག་འདྲ་མཚུངས་ལས་གཞན་གྱི་དམིགས་བསལ་གོ་སྐབས་ཐོབ་ཡུལ་མེད། གནས་སྟངས་འདི་འདྲར་བརྟེན། ང་དང་མཉམ་དུ་ཞིབ་འཇུག་སློབ་མ་མཐར་ཕྱིན་པའི་སློབ་གྲོགས་འགའ་ཡིས་བོད་རང་སྐྱོང་ལྗོངསཁོངས་ནས་བྱ་བ་བཙལ་འཚོལ་གྱི་འབྲེལ་གཏུགས་བྱས་མོད། དེ་ནི་ཤིན་ཏུ་ཁག་པོ་རེད་ཅེས་བཤད། ལོ་ངོ་གཉིས་ཙམ་གྱི་སྔོན་ལ་ཨ་མདོའི་ཕྱོགས་དང་ཁམས་ཕྱོགས་ནས་བོད་ཀྱི་རིག་གནས་ཀྱི་རྨང་གཞི་བརྟན་པའི་ཤེས་ལྡན་མི་སྣ་ཁག་ཅིག་ལ་བོད་རང་སྐྱོང་ལྗོངས་ཁོངས་ནས་བྱ་བ་བཀོད་སྒྲིག་བྱེད་པའི་གནས་སྟངས་དེར་ཚོད་འཛིན་གཞན་ཞིག་ཐེབས་ཡོད་པར་བཤད་ལ། ཉེ་ཆར་གྱི་གནས་ཚུལ་ལ་གཞིགས་ན་དེ་ནི་ཕལ་ཆེར་བདེན་པ་ཡིན་པ་འདྲ།
ང་རང་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་མང་པོ་ཞིག་སློབ་ཆེན་མཐར་ཕྱིན་ནས་ལོ་ངོ་བཞི་ལྔ་ལྷག་འགོར་མོད། སྔར་བཞིན་སྲིད་གཞུང་གིས་ལས་ཀ་ཞིག་བཀོད་སྒྲིག་བྱེད་རྒྱུར་སྒུག་ཡོད་པ་ལས་གཞན་པའི་འདེམས་བྱ་མེད་པར་ལྷག་ཡོད། གལ་ཏེ། ནང་ལོག་གི་སློབ་མ་ཞིག་ཡིན་ན། ཁེ་ལས་མང་པོ་སྦྱང་མྱོང་ཡོད་པས་བྲང་ཁོག་ཉི་མར་ལྡེས་ནས་འདུག་མི་དགོས། འོན་ཀྱང༌། བོད་ལ་མཚོན་ན་གཞི་རྒྱ་ཆེ་བའི་ཁེ་ལས་གཅིག་ཀྱང་མེད་པས་ལས་ཀ་ཞིག་རྙེད་རྒྱུ་ནི་ཤིན་ཏུ་ནས་ཁག་པོ་ཡིན། བོད་ཀྱི་མི་འབོར་དང་བསྡུར་ན་བོད་རང་ལ་ད་དུང་ལས་བྱེད་མི་སྣའི་མི་འདང་མོད། འོན་ཀྱང༌། ད་ལྟའི་བོད་ཁུལ་གྱི་ལས་བྱེད་གསར་པ་མང་པོ་ནི། ནང་ལོག་གི་བོད་ལྗོངས་རོགས་སྐྱོར་ལས་གཞི་ལ་ཞུགས་ཡོང་བའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཡིན་ལ། ལོ་ངོ་གཉིས་ཙམ་ལ་ལས་གནས་སྟེང་བསྡད་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་ངོ་མ་ཆགས་རྒྱུར་དཀའ་ལས་ཅི་ཡང་མེད། ཁོ་ཚོའི་ཁྱིམ་ཐོ་བོད་ཁུལ་དུ་སྤོར་རྒྱུ་ནི་དེ་ལས་ཀྱང་སླ་ལ་ལས་ཀའང་ལྟོས་འཇོག་གིས་བོད་ཀྱི་ལས་བྱེད་དང་བསྡུར་ན་གང་ལེགས་ལེགས་བཀོལ་སྒྲིག་བྱེད། བོད་མི་ཞིག་གིས་རྒྱལ་ནང་ནས་ལས་ཀ་རེག་རྒྱུ་ནི་ཤིན་ཏུ་ཁག་ལ། གལ་ཏེ་རེག་རུང་ཁྱིམ་ཐོ་ས་གནས་དེ་ག་ལ་སྤོར་དགོས་བྱུང་ན་འགྲོ་སོང་མང་པོ་གཏོང་དགོས། བོད་ལྗོངས་རོགས་སྐྱོར་ནི་རྒྱ་མི་བོད་ཁུལ་དུ་སྤོར་རྒྱུའི་ལྐོག་ཇུས་ཤིག་ཡིན་པ་ལས། བོད་པ་རང་ལ་ནི་གནོད་པ་ལས་ཁེ་ཕན་མེད་པ་མངོན་གསལ་རེད། ད་ལྟ་རེབ་གོང་ས་ཁུལ་དང་མཚོ་ལྷོ་ས་ཁུལ་དུ་ལས་བགོས་བྱས་ཡོད་པའི་དགེ་རྒན་དང་སྲིད་འཛིན་ལས་རིགས། འཕྲོད་བསྟེན་ལས་གནས་སྟེང་གིབོད་ཀྱི་ན་གཞོན་མང་པོ་ཞིག་གིས་ཟླ་རེ་ལ་དམངས་སྒོར་ལྔ་བརྒྱ་ལྷག་གི་ཕོགས་བླངས་ནས་རང་འཁྲིའི་ལས་གནས་སྟེང་ལོ་ངོ་དྲུག་བདུན་ལྷག་ལ་བསྡད་ཡོད་པའི་གནས་ཚུལ་ལ་མཚོན་ན། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ངོ་མར་འགྱུར་རྒྱུ་ནི་ཕལ་ཆེར་སྟོང་འདང་རེད།
ད་ལྟའི་གནས་སྟངས་ལ་མཚོན་ན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་བཙུགས་པའི་མཚོ་ལྷོ་མི་རིགས་དགེ་འོས་སློབ་ཆེན་དེ་ཡང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མངའ་ཁོངས་སུ་བསྡུས་པས་སྔར་འདྲའི་རང་དབང་དང་སྒྲིག་གཞི། ཆ་རྐྱེན་སོགས་ཅི་ཡང་མེད་པར་མི་རིགས་དགེ་ཐོན་སློབ་གླིང་ཞེས་མིང་གསར་པ་ཞིག་བཏགས་ཏེ། དེ་སྔའི་ཟི་ལིང་གྲོང་ཁྱེར་གྱི་འབྲིང་རིམ་ལག་རྩལ་སློབ་གྲྭཁོར་ཡུག་དེ་སློབ་གླིང་དུ་བཀོད་སྒྲིག་བྱས་ཡོད་པ་དེ་ནི། ཕར་བལྟས་པ་ཙམ་གྱིས་རྒྱའི་སློབ་ཆུང་ཚད་ལྡན་ཞིག་གི་ཆ་རྐྱེན་ཡང་མི་ལྡན། དེ་བཞིན་དེ་སྔའི་མཚོ་སྔོན་ཁྲིམས་འཛིན་སློབ་གྲྭའི་མི་རིགས་སྡེ་ཁག་ལ་སྔར་གྱི་སློབ་གྲྭ་རྙིང་པ་དེ་སྤྲད་ནས་འཛུགས་སྐྲུན་གྱི་མ་དངུལ་ཡོད་ཚད་དེ་སྔའི་ཉེན་རྟོག་སློབ་གླིང་ལ་བཏང་ཡོད་པ་ལྟ་བུ་རེད། འདི་ཚོ་ནི་མི་རིགས་འདྲ་མཉམ་མིན་པའི་གནས་ཚུལ་ངོ་མ་མིག་མཐོང་ལག་ཟིན་གྱི་གྲས་རེད།
དེ་ལྟར་མིག་སྔར་གྱི་གནས་ཚུལ་ལ་གཞིགས་ན་ད་ཡོད་ཀྱི་སློབ་ཆེན་ཁག་ལས་གཉིས་ཙམ་མ་གཏོགས་གཞན་པ་ཚང་མ་སློབ་ཆེན་གཞན་གྱི་སྡེ་ཁག་ཙམ་ལས་བོད་རང་གི་འགོ་གཙོ་དང་སྒྲིག་གཞི་ལྡན་པ་ཧ་ཅང་དཀོན་པ་སོགས་མདོར་དེད་ན། ས་གནས་རང་སྐྱོང་གི་དྲི་མ་ཙམ་ཡང་མེད་པ་འདི་ལྟར་གནས་མོད། ད་དུང་ཉེ་ལམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ས་གནས་རང་སྐྱོང་གི་དགེ་མཚན་དང་མི་རིགས་འདྲ་མཉམ་གྱི་ཆབ་སྲིད་སྐོར་གྱི་རྫུན་ཚིག་རྒྱལ་སྤྱིའི་སྟེང་སྒྲོག་པ་དེ་ཉན་རྗེས་གཉའ་གནོན་དང་བསླུ་བྲིད། གཡོ་སྒྱུའི་འོག་འཚོ་བའི་བོད་མི་རིགས་ཀྱི་ལས་དོན་སྐོར་ལ་རང་དབང་མེད་པ་དེར་ང་ཚོས་ཕྱིར་འདང་ཞིག་མི་རྒྱག་ག་མེད་རེད།
དེ་བས་ངའི་བསམ་ན། ལས་གནས་གསར་བ་རེག་མི་ཐུབ་པ་ལ་རྒྱུ་རྐྱེན་འགའ་ཡོད་པར་འདོད། དེ་དག་ནི་བོད་རང་གི་སྐད་ཡིག་གཅིག་པོ་ཁོ་ནའི་སྟེང་ནས་དགོས་ངེས་ཀྱི་ཆེད་གཉེར་འདོན་མི་ཐུབ་པ། མཐོ་འབྲིང་ནི་མི་ཚེའི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པས་རང་ཉིད་ཆེས་དགའ་བའི་བསླབ་བྱ་གཉེར་མི་ཐུབ་པ། བོད་ཁུལ་གྱི་སློབ་མའི་གྲངས་འབོར་དང་བསྡུར་ན་ད་ཡོད་སློབ་ཆེན་གྱིས་མི་འདང་པ། མི་རིགས་འདྲ་མཉམ་གྱི་ཆབ་སྲིད་ལག་བསྟར་བྱས་པ་མི་འདང་བ། རྒྱལ་སྤྱི་དང་རྒྱལ་ནང་དུ་སྤྱོད་རྒྱ་ཆེ་བའི་དེང་རབས་རིག་གནས་སློབ་སྦྱོང་བྱེད་སའི་ཁོར་ཡུག་མེད་པ་སོགས་ལ་རག་ལུས་པར་འདོད། གལ་ཏེ་ད་དུང་བཅོས་སྒྱུར་མི་བྱེད་པར་ལོ་ངོ་ཁ་ཤས་འགོར་འགྱངས་ཕྱིན་པ་ཡིན་ན། ་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ནི་གཞི་རྒྱ་ཇེ་ཆུང་དང༌། བོད་མིན་རྒྱ་མིན་གྱི་ན་གཞོན་མང་པོ་ཞིག་བོད་ཀྱི་སྤྱི་ཚོགས་འདིའི་ཟ་ཟུར་ནས་འཕྱུར་འོང་ཉེན་ཆེ། བདེ་སྐྱིད་ཀྱི་ཉི་གཞོན་གསར་བ་བོད་མིའི་སྤྱི་མཐུན་ལས་ཀྱིས་བསུ་བར་སྨོན་འདུན་དང་གཞིས་བྱེས་བོད་མི་སྤུན་ཟླ་ཚང་མས་ཤུགས་སྒྲིན་དགོས་འདུག་ཅེས་ཞུ་བར་ཐལ་ལོ།།