སེང་གདོང་སྐྱབས།
མི་ཞིག་ཡིན་ཚོད་ཀྱིས། ང་ལ་ཡང་ངའི་རིག་པ་དང་ལྟ་གྲུབ་ཡོད་ཆོག་མོད། སློབ་གས྄ོའི་བྱ་བར་ཞུགས་པའི་དུས་ཚོད་ཀྱི་རིང་ཐུང་དང་དཔེ་ཀློག་གི་ཁ་གྲངས་ཉུང་བ། དེ་བཞིན་ན་སོ་སོགས་ཀྱི་ཐད་ནས།་ ངའི་བསམ་གཞིགས་ཀྱང་ང་ལས་འགོང྄ས་ཐུབ་མེད་མོད། ང་ལ་ངའི་ནང་སེམས་དྲོད་ཀྱིས་འཁྱུལ་བའི་དཔྱོད་ཤེས་དང་དཔའ྄་སྤོབས་ཀྱི་ལམ་བུ་ཞིག་ཡོད་ལ། ལམ་བུ་དེ་ཡང་གཞུང་ལུགས་གང་ཞིག་ལ་འགལ་བའི་སོམ་ཉིར་ཞེད་རྒྱུ་་མིན་པར། ངས་གཞན་དད་ལས་རང་དད་ཀྱི་འདུ་ཤེས་སྐྱེན་དགོས་ཀྱིན་འདུག་ཅེས་གླེང་བར་སྤྲོ། རེད། མགཞི་ནས། དད་པ་ཟེར་བ་འདིའི་རྒྱབ་མདུན་ནས། འགན་འཁྲིའི་འདུ་ཤེས་བླ་མེད་ཅིག་གཞན་བ྄སྟུན་རང་བཞིན་དུ་སྨིན་པའི་ལམ་བུ་ཞིག་ངམ་ངམ་ཟིལ་ཟིལ་གྱིས་མངོན་ཀྱིན་འདུག། དེ་ལྟ་བས་ན། དད་པ་ཟེར་བ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་ལ། གསར་གཏོད་ཀུན་གྱི་བགེགས་ཅི་ལ་མིན་དེ་ཡིན། འདི་སྐབས་འཚོལ་རིང་ལུགས་དང་གཞན་བ྄སྙེས་སྟབས་བ྄སྟུན་གྱི་ལོག་ཤེས་དབང་གིས། རང་ཉིད་རང་ཉིད་བཞིན་ངོ་མ་ཟིན་པར་རང་གཞན་གཉིས་ཕུངས་ཀྱི་གྲོག་རོང་དུ་འདེད་བཞིན་པའི་ང་ཚོར། ད་ཅི་ནས་ཀྱང་རང་ཉིད་ཀྱི་ཕྱི་ནང་ལ་སྔོགས་བཤེར་ཐེངས་ཤིག་བྱས་ཏེ། ཕྱིར་རྟོགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ལོག་ལམ་གྱི་གཡང་གཟར་ནས་ནར་སོན་པའི་ཀླད་རྙིང་མཁྲེགས་བཟུང་གི་འདུ་ཤེས་དང་རྒྱུན་འབྱམས་ཀྱི་བག་ཆགས་ལ་བཅོས་བསྒྱུར་དང་འགྱོད་བཤགས་བླ་མེད་བྱེད་པའི་དུས་ལ་བབས་ཡོད། མ་གཞི་ནས། མི་ཞིག་གིས་རང་ཉིད་ཀྱི་བདེ་སྡུག་བཅོལ་རུང་བའི་འདུ་ཤེས་འདི་ནི་རླབས་ཆེན་ཞིག་མ་ཡིན་ལ། འདི་ནི་ཧ་ཅང་གི་ཡི་མུག་ཅིང་བློ་ཕམ་པའི་ངང་ཚུལ་འཇིགས་སུ་རུང་བ་ཞིག་ཡིན། དེ་ཡང༌། མི་ཞིག་གམ། སློང་མོ་བ་ཞིག་ལ་ངེས་པར་དུ་མཁོ་བ་ནི་དོགས་སློང་དང་མཚར་འཛིན་གྱི་བློ་དེ་ཡིན་པ་ལས། ཐེ་ཚོམ་གི་དྲི་མ་ཙམ་ཡང་མེད་པར་ཁས་འཆེ་བ་ནི་དཔྱོད་ཤེས་ཀྱི་ཁུངས་བེད་མེད་དུ་གྱུར་བའི་ཆ་མ་རུང་བ་ཞིག་ཅི་ལ་མིན༌། དྲང་མོ་བཤད་ན། མི་ཞིག་གཞན་ལ་མ་བརྟེན་པར་རང་རྐྱ་འཕེར་བའི་ངང་འགྲེང་ཐུབ་ཀྱི་མེད་པ་བདེན་ཡང༌།
བཤད་སྲོལ་ཞིག་ལ། ཎཎདགེ་རྒན་ནི་ཐམས་ཅད་མཁྱེན་པ་ཞིག་མིན་ལ། སློབ་མ་ཟེར་བ་དེ་ཅི་ཡང་བླུག་ཆོག་པའི་ས྄ྣོད་ལྟ་བུ་ཞིག་ཡིན་མི་འོས།ཎཎཟེར་བ་འདྀ་རེད། གང་ལྟར། དད་པ་དང་ཡིད་ཆེས་ནི་སྒེར་ཚུགས་ཀྱི་མ་ལག་ཡོད་ཚད་བཅོམ་ནས་རང་ཉིད་ཀྱི་འགན་དབང་དང༌། དུས་གསུམ་གྱི་བྱ་བྱེད་མཐའ་དག་ལ་གཡོལ་ཐབས་ཀྱི་བྱོལ་སོང་ཞིག་ཡིན་པས། རང་ཉིད་རང་ལ་དད་པའམ། རང་གི་ཆོད་སེམས་ལ་རང་གིས་ཡིད་རྟོན་བྱེད་པ་དང་བསྙུག་བསྲིངས་ཐུབ་པའི་འགན་འཁུར་དགོས་པ་དེ་རེད། ཅི་ལྟར་འགྲེལ་ཡང༌། དད་པ་ཟེར་བ་ནི། ཡོན་ཏན་གྱི་ཆ་བླ་མེད་ཅིག་ལ་མངོན་གསུམ་གྱིས་མྱོང་བའི་ཐོག་ནས་ཡི་རངས་ཀྱི་ཚབ་མཚོནལྟ་བུ་ཞིག་ཡིན་ན་འོས་ཀྱི། ཆས་གོས་དང་རིགས་རྒྱུད་སོགས་ཀྱི་མཚོན་པའི་ལྐོག་གྱུར་གྱི་སྒྱུ་མའི་འཁྲབ་ཚན་ཞིག་ལ་ཡིད་ཆེས་བྱེད་པ་འདིར་བཟོད་ཐབས་མེད་པ་ཞིག་རེད། དེ་བས། ངས། རང་ཉིད་ཀྱི་བདེསྡུག་ལ་རང་གི་ནུས་པས་ཅི་ལྕོགས་ཀྱི་ངོས་ནས་འཐབ་བརྩོད་དང་འབད་འབུངས་བྱས་ནས་བརྩོན་སེམས་ཀྱི་བདེན་དཔང་ནས་ལེགས་འབྲས་ཤིག་གིས་སྦྱོར་བ་རྩོམ་པ་ལས། བླ་དཔོན་དང་ཟངས་ལྕགས་སོགས་ཀྱི་འབག་སྐུ་ལ་ཐོད་པ་གཏུགས་ནས་རང་གི་མི་ཚེའི་འཕེལ་འགྲིབ་གཞན་བཅོལ་གྱི་རེ་བས་རང་ཉིད་ཕམ་དུ་འཇུག་མི་འདོད་གི། དྲང་མོ་བརྗོད་ན། འདི་ལྟ་བུའི་དད་དོགས་གཉིས་འགལ་གྱི་མི་མང་པོ་ཞིག་ཡོད་མོད། གནས་ལུགས་ཀྱི་རྣ་བའི་དབང་ཤུགས་དང་བཤད་རྒྱུན་ཙམ་ལས་བཅོལ་བའི་ཁོར་ཡུག་འདི་ནས། ཁ་སང་གི་བག་ཆགས་ཙམ་ལས་རང་ལུགས་དམར་རྗེན་ལ་ལག་བསྟརགྱི་བྱ་བར་འཇུག་པའི་མི་ཞིག་མེད་སོང་བ་ནི་༵ལྟ་ལོག་པ་ཀདང༵དད་ལོག་ཀགི་མིང་བྱང་ངམ། ཡང་ན་༵དམར་པོའི་གསང་མྱུལ་བ་ཀསོགས་ཀྱི་སྐུར་འདེབས་དང་སྒྲོ་འདོགས་ཀྱིས་བཙན་འཛུལ་དང་བཤུ་གཞོག་ཁོ་ན་ཡིན་པ་སྨྲོས་མེད་ཡིན། གང་ལྟར།
གཡམ་རྒྱུག་རང་བཞིན་གྱི་ནད་ཡམས་འདི་དག་གི་ཁྱབ་ཚད་དང་ཤུགས་རྐྱེན་ཆེ་ཕྱིར། ང་ལྟ་བུ་མང་པོ་ཞིག་གིས་རང་ཉིད་ཀྱི་ནང་སེམས་ཀྱི་མཐའ་དག་ལ་ལད་བཟློས་རང་བཞིན་གྱི་ལྟ་བ་ཞིག་གམ། ཚུལ་འཆོས་རང་བཞིན་གྱི་ཕྱག་རྒྱ་དང་ཐལ་མོ་སྦྱོར་བའི་སྤྱོད་སྟངས་ཁྲོད་རྒས་བཞིན་པ་ལས། རང་ཉིད་རང་ཉིད་བཞིན་ངོ་ཤེས་པའི་ཐོག་ནས། རང་གི་འདོད་འདུན་ལ་རང་གིས་སྦྱོར་བ་རྩོམ་པ་དང༌། རང་གི་དོགས་སློང་ལ་རང་གི་དཔྱོད་ཤེས་ཀྱི་བློ་མིག་གཟུ་བོས་དཔྱད་བསྡུར་ཁྲོད་འདོར་ལེན་བྱེད་ཕོད་པ་ཤིན་ཏུ་ཉུང་བས། བསམ་བློ་ལ་མུ་གེ་ཐེབས་པ་དང་མདུན་ལམ་གྲོག་རོང་དུ་འཐེན་པའི་མི་རབས་འདིའི་སེམས་ངོ་ནས་གཙོ་རྒྱུགས་ཀྱི་འདུ་ཤེས་མ་ཡལ་བ་རེད། ཇི་སྲིད་འདི་ལྟ་བུའི་སེམས་བྱུང་མ་ཡལ་བར་དུ། དེ་སྲིད་སྒེར་ཚུགས་ཀྱི་ཆ་མངའ་བའི་མི་བུ་སུ་ཡང་གསོན་ཤུགས་ཀྱིས་འཚོ་མི་སྲིད། ཅི་ལྟར་བརྗོད་ཀྱང༌། དེ་རིང་བཤད་བཞིན་པ་ནི། དད་པ་ཟེར་བ་འདིའི་མཐུ་ནུས་འོག་ནས། བསམ་བློ་དར་རྒྱས་ཀྱི་རྩ་བ་ཚུགས་མ་ཐུབ་པ་དང༌། གསར་གཏོད་ཀྱི་ཁོ་ལག་རྒྱས་མ་ཐུབ་པ། ཕུལ་བྱུང་གི་གྲུབ་འབྲས་སྨིན་མ་ཐུབ་པ་བཅས་ཡིན། མདོར་བསྡུས་ན། གཞན་ལ་དད་པ་ཟེར་བ་ནི་མི་རིགས་འཆིང་བྱེད་ཀྱི་མི་མངོན་པའི་ལྕགས་སྒྲོག་ཅིག་ལས། འཇིགས་དངངས་དང་མུན་དོང་གི་གཡང་གཟར་ནས་འདྲེན་བྱེད་ཅིག་གཏན་ནས་མ་ཡིན་པས། སྤྱི་ཚོགས་འཚོ་སྡོད་བ་ཞིག་ཡིན་པའི་ཆ་ནས། འཚོ་བ་ལེགས་བཅོས་དང་ལྷན་སྐྱེས་རང་དབང་གི་ཐོབ་ཐང་སོགས་བེད་སྤྱོད་ཆེད། བྱ་བཞག་ཡོད་ཚད་རང་ཉིད་ནས་འགོ་བརྩམས་ཏེ་ཕུག་བསམ་མངོན་འགྱུར་གྱི་ཆེད་ཡིད་རྟོན་གྱི་ལྕགས་ཕུར་སྙིང་གི་རུས་རྐང་དུ་དམ་པོར་གཏབ་དགོས་བ་འདི་ཡིན། འདི་ལ་ངས་རང་ཉིད་རང་ཉིད་ལ་དད་པ་ཟེར། རྒྱུ་མཚན་ནི༌། དད་པ་ནི་སྐྱབས་སྐྱིབས་གང་ཞིག་ནས་འདྲེན་པའམ་སྐྱཽབ་པའི་དོན་ཡིན།རང་ཉིད་ཀྱི་སྲ་མཁྲེགས་ཀྱི་ཆོད་སེམས་དང་བརྟན་བརླིང་གི་ཕུགས་འདུན་དག་དཀའ་སྡུག་ནས་སྐྱོབ་པ་ཡིན་ཕྱིར། རང་ཉིད་རང་ལ་དད་པ་ཞེས་ངས་སྨྲ་བར་འདོད། འདི་ནི་རང་ངོས་ཀྱི་གསར་གཏོད་ཀྱི་ཆ་གང་ཡང་མ་ཡིན་པར།སྔ་མོ་ནས་བདག་ཅག་སྟོན་པས་ཎཎརང་ཉིད་རང་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་བགྱི།།ཎཎགསུངས་པ་ལས་མ་འདས། དེ་རིང་ནས་བཟུང༌། ང་ཚོས་དད་པའི་བྱིན་མཐུ་དང་དད་ཡུལ་གྱི་ཐུགས་བསྐྱེད་ལ་རེ་ནས་རང་མགོ་འཐོམ་རྒྱུ་མིན་ལ། གཞན་མགོ་གཡོག་རྒྱུ་ཀྱང་དེ་བས་མིན། འོ་ན་གང་ལེགས་ཤེ་ན། རང་ཚུགས་འཆོར་མི་ཉན་པ་ཞིག་དང༌། གཞན་སེམས་དཀྲུགས་མི་ཉན་པ་ཞིག་བྱེད་དགོས་པའི་ཐོག་ནས། རང་གི་ལྕོགས་ཚོད་ཀྱི་བྱེད་ལས་མཐའ་དག་དང་རང་ཉིད་མོས་ཚོད་ཀྱི་མངོན་འདོད་དག་གི་ཕྱིར་དུ། འགན་འཁྲིའི་མ་རྐང་རང་ཉིད་ནས་འགོ་བཙུགས་ཏེ་རང་ཉིད་མཐར་སྐྱེད་དགོས་ཟེར་བ་འདི་ཡིན། དེ་མ་གཏོགས། དད་པ་ལ་བཏགས་པའི་སྨོ་ལམ་ཁོ་ནས་ཅི་ཡང་ལེགས་འགྲུབ་ལ་བསྒུག་ནས་ཉི་མ་གཏོང་རྒྱུ་མིན་ཟེར་བའོ།།
་
་་་། དད་པ་ཟེར་བ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་ལ། གསར་གཏོད་ཀུན་གྱི་བགེགས་ཅི་ལ་མིན་དེ་ཡིན། ་་ཟེར་བ་འདི་དང་མའོས་ཆོས་དུག་ཡིན་ཟེར་བ་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་སྒོས་ནས་ཁྱད་པར་གང་ཡོད་དམ། ཞེས་འདྲི་འདོད་བྱུང་སོང་།
གྲོགས་པོ་ལགས།
ཐོག་མར་ཁྱོད་ཀྱིས་དད་པ་ཞེས་པ་གང་ཞིག་ལ་ཤོད་ཀྱིན་ཡོད་མེད་གསལ་བོ་བཟོ་རོགས།
དད་པ་ཟེར་བ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་ཟེར་བ་འདིའང་ཁྱོད་ཀྱིས་ཐག་གཅོད་བྱ་རྒྱུ་སྔ་དྲགས་པ་རེད།
ད་དུང་ཐུགས་གཞིགས་ཟབ་མོ་གནང་རོགས།
དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།
ས་བོན་མེ་ཡིས་འཚིག་པ་ལ། །སྨྱུག་གུ་སྔོན་པོ་ཇི་བཞིན་ནོ།།
དད་པ་དང་དང་བ་ཞེས་པ་དོན་འདྲའོ་སྙམ། དད་ཅེས་དགའ་བའི་དོན་ལ་བྱེད་ན། དང་པོ་རང་ཉིད་རང་ལ་དགའ་བ་ཞིག་བཟོ་དགོས་སྙམ། རང་ཉིད་དགའ་བའམ་ཡིད་དྭངས་པ་མེད་ན། ལས་ལེགས་པ་ཞིག་སྐྲུན་མི་ཐུབ་པ་མཁྱེན་གསལ་ལགས། ལར་ཞུ་དགོས་པ་ཞིག་ལ་རང་རེའི་མེས་པོ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་རྒྱ་གར་རྒྱ་ནག་སོགས་ནས་ཤེས་བྱ་ཚད་མེད་པ་བོད་ཀྱི་སྐད་དུ་བསྒྱུར། ཤེས་བྱ་དེ་དག་ད་ལྟ་དགོས་སམ་མི་དགོས་བདག་གིས་ཐག་བཅད་ནས་ཞུ་མི་ཤེས་ཀྱང་། སྐད་ཡིག་དེ་བོད་མི་རིགས་གཅིག་ཏུ་བྱེད་པ་ལ་མེད་དུ་མི་རུང་བར་ཤེས་ནས། རང་རེའི་བོད་ཡིག་ཀློག་པ་པོ་རྣམས་ལ་བོད་ཡིག་ལ་སྦྱངས་པ་འབྱུང་བའི་ཕྱིར་དུ། ཆེད་དུ་བརྗོད་པའི་ཚོམས་ཚིགས་བཅད་ཕལ་ཆེར་སྟོང་ཕྲག་ཙམ་༷ཡོད་པ། ཚིགས་བཅད་རྣམས་འཚོལ་བྱེད་verse indexesབསྒྲིགས་ཏེ། ཁ་བརྡ་བརྒྱུད་ཕུལ་ཀྱང་། ཆེད་བརྗོད་ལེའུ་དགུ་པ་བར་དུ་མ་གཏོགས་བཏོན་མི་འདུག། ཀློག་པ་པོ་ཁྱེད་རྣམས་ན་ཀློག་འདོད་ཡོད་ན། ཁོ་བོའི་གློག་བྱང་lj53@columbia.edu འདི་ཐོག་འབྲེལ་པ་མཛོད་ཞུ་བ་ལགས་སོ།
བཀུར་འོས་རྒན་བློ་བཟང་འཇམ་དཔལ་ལགས།
སྐུ་ཉིད་ནས་བསྐུར་བའི་འཕྲིན་ཡིག་དང་པོ་དེར། ང་ཚོས་དུས་ཐོག་ལ་ལན་ཕུལ་བ་ཡིན།
འཕྲིན་ཡིག་གཉིས་པ་དེ་ཀློག་ཐུབ་པ་འདུག འཕྲིན་ཡིག་གཉིས་བའི་ངོས་སུ་གང་ཡོད་པ་ཚང་མ་ཁ་བརྡར་བཀོད་ཡོད།
འཕྲིན་ཡིག་གཉིས་པའི་ཁོངས་སུ། ཆེད་བརྗོད་ལེའུ་དགུ་བ་དབར་དུ་མ་གཏོགས་མི་འདུག ལྷག་མ་རྣམས་ངེད་ཚོར་བསྐུར་དང་།
མུ་མཐུད་དུ་འགོད་ངེས་ཡིན། དེ་དོན་དགོངས་འཇགས་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
དད་་པ་ཁོ་ནའི་དབང་དུ་འགྲོ་ན་ཡེ་ཤུའི་འམ་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་སུ་འགྲོ་ན་ཡག་ཤོས་རེད། ཁྱེད་རང་གིས་མི་བསད་ན་ཡང་དཀོན་མཆོག་གིས་བཟོས་པ་རེད་ཡག་ཤོས་རེད།
ཁྱོད་ཀྱིས་”དད་པ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་ལ། གསར་གཏོད་ཀུན་གྱི་བགེགས་ཅི་ལ་མིན་དེ་ཡིན།”ཟེར། དེས་ན་ཁྱོད་ལ་དད་པ་མེད་པས་རྒུད་པའི་སྒོ་བཀག་ཡོད་རྒྱུ་རེད་ལ། སྔོན་མེད་གསར་གཏོད་ཡང་གང་འཚམས་བྱས་ཡོད་རྒྱུ་རེད་པ། ངས་བལྟས་ན་དད་པ་ཟེར་བ་ནི་ཁ་གསལ་དུ་བཏང་ན་དགའ་བ་དང་དུང་བ། འདུན་པ་ལྟ་བུ་ལ་ཟེར་གི་ཡོད་རེད། གལ་ཏེ་ཁྱོད་རང་ཚན་རིག་ལག་རྩལ་སོགས་གསར་གཏོད་ཀྱི་ལས་གང་རུང་ལ་འཇུག་ཀྱང་དང་བོ་རིག་ཚན་དེ་དག་ལ་སློབ་འདོད་ཀྱི་འདུན་པ་དང་དགའ་བ་མེད་ན་གསར་གཏོད་ཅེས་པ་ནི་ཕ་རིའི་སྤང་རྒྱན་རེད། མ་གཞི་དེང་སང་བོད་ཕྱི་ནང་གཉིས་ན་མྱི་ཆུང་ཆུང་གིས་གཏམ་ཆེན་པོ་རེ་བཤད་ནས་དོན་ལ་རང་ཉིད་འུར་གྱིས་སྦིར་འདོད་མཁན་ཇེ་མང་ཇེ་མང་ཡིན་པ་འདི་དག་རིག་ན་དགོད་རྒྱུ་ཡོང་ནས་སྒལ་ཚིག་འཐོར་ལ་ཡེད་ཀི།
སྐུ་ཞབས་སེང་གདོང་སྐྱབས་ལགས།
ཁྱེད་ཀྱི་རྩོམ་ཡིག་ཡག་པོ་བྲིས་འདུག ཡིན་ཡང་ནང་དོན་ཐད་དབྱེ་ཞིབ་བྱེད་རྒྱུ་མ་བྱུང་མོད། ལོ་མང་མ་མཇལ་བའི་ངོས་ནས་ཁྱེད་ཀྱི་རྩོམ་ཡིག་དག་མིག་སྔར་བརྒྱུད་སྐབས་དགའ་བཞིན་ཡོད།
༼དད་པ་མི་འདོད་ཀུན་ལ་ཕུལ་བ་ཡིན༽
ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ།།
ཚང་མར་ཤེས་པ་མཁན་དཀའ་མོ་རེད།།
བློ་གསར་ཤེས་རིག་སྦྱོང་བའི་སྐབས།།
ཤེས་རློམ་ཁེངས་སེམས་ཀུན་ལ་ཡོད།།
དད་པ་བཟང་པོ་མེད་ཀྱང་རུང་།།
དོན་འགྱུར་ཐེ་ཚོམ་གྱིས་ཀྱང་།།
ཟབ་མོའི་གནད་ཀུན་བརྒྱུད་པ་ཡིས།།
རྟོགས་པ་སྲིད་ན་གང་མང་མཆིས།།
དད་པ་རྒུད་པ་ཀུན་གྱི་སྒོ་ཡིན་པར་ངོས་བཟུང་ན་རྒུད་པ་ཞེས་པ་དེ་གང་འདྲ་ཞིག་ངོས་བཟུང་འཁོར་བའི་ཕུན་ཚོགས་ལས་རྒུད་པ་ཟེར་ན་དེ་ཡིན་སྲིད། དད་པ་ནི་དཀར་པོའི་ཆོས་ཀྱི་རྩ་བ་ཡིན་ལ་དཀར་པོའི་ཆོས་ནི་སྲིད་པའི་གཉེན་པོ་ཡིན་བས་སོ། ལུགས་འདི་ལྟར་བསམ་ན་ཆོས་སྲིད་ཟུང་འབྲེལ་ཡང་ཡོང་ཐབས་མེད། འོན་ཀྱང་དཀར་པོའི་ཆོས་དེ་སྐྱེས་བུ་གསུམ་གྱི་ལམ་སོ་སོར་ཕྱེ་ནས་བཤད་ན་ཆོས་རེ་ཟུང་སྲིད་པ་དང་མི་འགལ་བའང་ཡོང་སྲིད།
འོན་ཀྱང་བརྟགས་ཤིང་མ་དཔྱད་པར་དད་པ་རྒུད་པ་ཀུན་གྱི་སྒོ་ཡིན་པར་བཤད་ན་ཅུང་མི་འགྲིགས་སྙམས། རྨོངས་དད་ལ་བསམ་ན་རྒུད་པ་ཀུན་གྱི་སྒོ་ཡིན་མོད་འོན་ཀྱང་རྨོངས་དད་ནི་དད་པ་མིན་ལ་ཡིད་ཆེས་ཡང་མིན་པར་བསམ་བློའི་གོམ་ཤུགས་ཀྱིས་དེ་ལྟར་བྱུང་བ་རེད། དད་པ་ལ་དང་བའདོད་ཡིད་ཆེས་ཕྱིར་མི་ལྡོག་པ་དད་པ་བཅས་བཞི་ཡོད། དེའི་ནང་གི་ཡིད་ཆེས་པའི་དད་པ་ཞེས་པ་དེ་ནི་དངོས་པོའམ་གནས་ཚུལ་གང་ཡང་རུང་བ་ཞིག་རྒྱུ་མཚན་དང་བཅས་པའི་སྒོ་ནས་གསལ་པོར་རྟོགས་ཏེ་རང་སྟོབས་ཀྱིས་སེམས་ཀྱི་རྙོགས་མ་དྭངས་བར་བྱེད་པའོ་བློ་དེ་ལ་ཟེར། ཕྱིར་མི་ལྡོག་པའི་དད་པ་ནི་དེ་ལས་ནུས་ཤུགས་ཆེ་རུ་སོང་བ་ལ་ཟེར། འདོད་པའི་དད་པ་དང་དྭངས་བའི་དད་པ་གཉིས་ནི་གོ་སླ་བས་འདིར་མ་བརྗོད། མདོར་ན་རྨོངས་དད་དང་དད་པ་གཉིས་སོ་སོར་མ་ཕྱེ་བར་དད་པ་རྒུད་པ་ཀུན་གྱི་སྒོ་ཡིན་པར་བཤད་པ་ནང་ཆོས་ལ་དགག་པའི་ཚིག་ཡིན་ན་ད་དུང་གསལ་ཁ་འདོན་དགོས་པར་མངོན་ནོ།། ནང་ཆོས་ནས་བཤད་པའི་དད་པ་གསལ་པོར་ངོས་བཟུང་ནས་དེ་འདྲའི་དད་པ་དེ་རྒུད་པ་ཀུན་གྱི་སྒོ་ཡིན་པར་སྒྲུབ་ན་ལོས་འགྲིག དེ་མིན་རྨོངས་དད་དང་ནང་ཆོས་ནས་བཤད་པའི་དད་པ་གཉིས་སོ་སོ་ཡིན་པས་རྨོངས་དད་ཀྱི་སྐྱོན་རྣམས་ནང་ཆོས་ཀྱི་སྐྱོན་དུ་བརྩི་བ་ནི་ཅུང་མི་ལེགས་སོ།།
གྲོགས་པོ་ཚོ། ང་ལ་མཚོན་ན་ཤེས་རིག་གི་གཤོག་ཟུང་རྒྱས་མེད་པའི་སློབ་ཆུང་གི་སློབ་མ་ཞིག་ཡིན།
འོན་ཏེ་རྩོམ་ཡིག་ཐར་ཐོར་རེ་འབྲི་རྒྱུ་ནི་ངའི་གཤིས་སུ་གྲུབ་པའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།
ང་ལ་མཚོན་ན། དྲ་ལམ་ལ་རྩོམ་ཡིག་ནམ་ཡང་འབྲི་མྱོང་མེད། འོན་ཀྱང་རཙོམ་ཡིག་འདི་ཁ་སང་
གྲོགས་པོ་ཞིག་གིས་ཐད་ཀར་དུས་དེབ་ནས་འདིར་བཀོད་འདུག དེར་བརྟེན་གྲོགས་པོ་མང་བོ་ཞིག་གིས་ལྟ་ཀློག་བྱས་བ་མི་ཚད། མཆན་ཡང་མང་པོ་བཀོད་འདུག་པར་ཐུགས་རྗེ་ཆེ་ཞུ།་ ང་ད་ལྟ་སུ་ཇ་བོད་ཁྱིམ་ན་སློབ་སྦྱོང་བྱེད་བཞིན་ཡོད།