རྟ་ནག་སྐལ་བཟང་ལུང་རིགས། (བལ་ཡུལ)
ང་ཚོས་ལྟ་ཚུལ་མི་མཐུན་པ་གཉིས་རྒྱུན་བསྐྱངས་ནས་འགྲོ་མི་ཐུབ་པའི་དུས་ཀྱི་ཚེ་དགག་གཞག་བྱེད་ངེས། འདི་ནི་དམངས་གཙོ་རིང་ལུགས་ཀྱི་ཆེས་རྨང་གཞི་ཡིན་པའི་སྨྲ་བརྗོད་རང་དབང་ཞེས་པ་དེ་རེད་དོ།
__________འབར་མའི་དམངས་གཙོའི་དབུ་ཁྲིད་པ་ལྕམ་ཨང་སན་སོའུ་ཅེ་ནས།
ཁྱེད་ཚང་ལ་མནན་ན་མི་ནོན་པའི་གཡག་རོག་གི་སྙིང་ཁམས་གདོས་སུ་ཆེ་བ་དེ་ཇི་ལྟར་བསླེབས་སོང་། ཁྱེད་ཚང་ལ་སྐྱེ་བོའི་སྨྲ་ལྕེ་གཏུབ་ལ་ཐོགས་རྡུགས་བྲལ་བའི་སྒེར་གཅོད་ཀྱི་རལ་གྲི་དེ་སུ་ཡིས་སྤྲད་སོང་། ཁྱེད་ཚང་ནི་རྒྱལ་དབང་དོན་གྱི་བདག་པོའི་སྐུ་རྩ་སྐུ་བདག་ཡིན་ཞེས་པའི་གླང་ཆེན་སྟོང་གིས་མི་ཁྱག་པའི་དབང་ཚད་དེ་སུ་ཡིས་བསྟབས་སོང་། ཁྱེད་ཚང་ལ་མདོ་སྨད་ས་རྒྱུན་གྱི་མིང་གིས་བྲིས་ཏེ་སྐྱེ་བོ་སྒེར་བ་ཞིག་གི་སྐེ་རྩ་སྒོག་ཆོག་པའི་དབང་ཆ་དེ་སུ་ཡིས་སྦྱིན་སོང་། ཁྱེད་ཚང་གི་སྒེའུ་ཡོལ་གྱི་ཕག་ཏུ་ཡིབ་ནས་ཡོད་ཅིང་། མདའ་དང་མདེའུ་མེད་པར་ཟུངས་ཁྲག་འབྱིན་མཁན་ཏེ་ལྐོག་གྱུར་བའི་མི་དེ་སུ་རེད། ང་ཡང་མདོ་སྨད་པ་ཞིག་ཡིན་པའི་ངོས་ནས་དྲི་བ་དེ་དག་ལ་ལན་ལྡོན་ཅིག་ཅེས་བསྙད་པའི་དབང་ཆ་བདག་ལ་ཅིའི་ཕྱིར་མེད་དམ།
སྐྱེ་བོ་སྒེར་བ་ཞིག་གི་སྨྲ་བརྗོད་ལ་ལྕགས་ཀྱི་ཐུ་ལུམ་དམར་ལམ་ལམ་པ་འདེབས་པ་འདི་ལྟ་བུ་མཐོང་ན་བདག་གི་མིག་གིས་བལྟ་མི་ཕོད་ཅིང་སེམས་ཀྱིས་བསྲན་མི་ནུས་པའི་དུས་ལ་གཏུགས་སོང་བས། རང་ཉིད་ཀྱང་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་དང་། དེ་ལས་ཀྱང་དྲང་བོའི་གཏམ་སྨྲ་བ་བོ་ཞིག་ཏུ་ཁས་འཆེས་པ་ཡིན་པའི་ངོས་ནས་སྙིང་གི་རུས་པ་བཙུར་བའི་སྐད་ཆ་འདི་མི་སྨྲ་སྡོད་ཚོད་མེད་པར་གྱུར་སོང་ངོ་།།
ལར་ནས་ཀླུ་མཁར་བྱམས་དང་ངེད་གཉིས་ཀྱི་ཆེད་ལས་ཆ་ན་མི་འདྲ་ས་མང་དུ་བདོག་པ་སྟེ་ཀླུ་མཁར་བྱམས་རྐང་བཙུགས་ནས་ཆབ་སྲིད་ཀྱི་ལས་གཉེར་མཁན་དང་། བདག་ནི་རིག་གཞུང་འབའ་ཞིག་ལ་འཁྲི་བའི་རྩོམ་མཁན་ཞིག་ཡིན་པའི་ཆ་ནས་མཐར་ཐུག་གི་དམིགས་གཏད་ལའང་ཧེ་བག་ཆེ་ན་ཐང་མོད། སྨྲ་བརྗོད་རང་དབང་ལ་དབྱེ་བར་དཀའ་བའི་སྒོ་གླེགས་གདབ་དང་འདེབས་བཞིན་པའི་དུས་ཚོད་འདི་འདྲ་ལ་ལས་རིགས་ཀྱི་ཁྱད་པར་མེད་དེ་ཚང་མ་འདྲ་མཉམ་ཡིན་ཕྱིར། སྐད་ཆ་འདི་ཙམ་མདོ་སྨད་ས་རྒྱུན་ཚང་གི་ཞབས་དྲུང་དུ་བསྟབ་དགོས་བྱུང་སོང་བས་ཐགས་ཐོགས་དང་ཉེ་ཞོ་ཅི་ཞིག་བྱུང་ཡང་རང་ཉིད་ཀྱི་འགན་དུ་ལེན་པར་ཁས་འཆེས་ཤིང་ཐེ་བཙུགས་པ་ཡིན་ནོ།།
གཞན་ཡང་ཀླུ་མཁར་བྱམས་ཆེ་གེ་མོ་ཚང་གི་མེལ་ཚེ་བ་དང་བྱ་ར་བར་སྙད་མཁན་དག་གི་མདུན་དུ་འདི་ལྟར་བཤད་ན་འདོད་དེ། བདག་གིས་སྒྲུབ་བྱེད་མང་དུ་བཀོད་ནས་ཀླུ་མཁར་བྱམས་སོ་མྱུལ་བ་མིན་པར་བསྒྲུབ་ན་མི་འདོད་དེ། ཁྱེད་ཅག་གི་མདུན་དུ་གནས་ལུགས་ལ་རིན་ཐང་གཞར་ནས་མེད་པ་དེས་སོ།། དེ་བས་བདག་ཀླུ་མཁར་བྱམས་ཀྱི་དཔང་པོ་རུ་བགྱིས་ཏེ་ཀླུ་མཁར་བྱམས་ནམ་ནམ་ཞར་ཞར་དུ་ཆབ་སྲིད་ཉེས་ཅན་གྱི་ལྕགས་སྒྲོག་ཤ་ལེར་དྲུད་དེ་ཡོང་མཁན་གྱི་མི་དེ་ཡིན་པས། དེ་ལས་གཞན་དུ་ཀླུ་མཁར་བྱམས་ཀྱི་གདགས་གཞི་བཙལ་ཡང་རྙེད་དུ་མེད་ཅེས་བདག་གིས་བྲོ་བོར་བ་ཡིན། ད་དུང་སྙིང་མི་ཚིམས་ན་བདག་ཀྱང་ཀླུ་མཁར་བྱམས་དང་མཉམ་དུ་རྫོངས་ཤིག
ཡུན་རིང་ས་ནས་བཤད་ན་གྷི་རི་སིའི་མཚན་ཉིད་རིག་པ་བ་སོ་ཁི་རེ་ཁྲིས་སི་ཡིས་དུག་ཆང་ཧུབ་ཀྱིས་འདྲེན་དོན་སྨྲ་བརྗོད་རང་དབང་གི་ཕྱིར་དང་། ཨེ་ཀྲ་ལེས་པི་རི་ནོ་སྟེ་ཉི་མ་གོ་ལའི་ལྟེ་གནས་སུ་སྨྲ་བ་བོ་གང་ཉིད་སྲེག་ཟ་ཆེན་མོའི་ཞལ་ཟས་སུ་བསྟབས་པའང་སྨྲ་བརྗོད་རང་དབང་གི་སླད་དུའོ།། ཉེ་ས་ནས་འབར་མའི་ཨང་ཧྲན་སོའུ་ཅེ་མི་ལོ་བཅོ་ལྔར་ཤེ་མུན་དུ་ཚུད་པ་སྨྲ་བརྗོད་རང་དབང་གི་ཕྱིར་དང་། ལུག་ཞོ་པོ་ཡི་མགོ་ལ་བགྲང་བྱ་བཅུ་གཉིས་ཀྱི་གཉའ་ཤིང་བབ་པའང་སྨྲ་བརྗོད་རང་དབང་གི་ཕྱིར་དུའོ།། སྨྲ་བརྗོད་རང་དབང་ལ་སྲོག་དང་བསྡོས་ཏེ་བསྲུང་འོས་པའི་རིན་ཐང་བླ་ན་མེད་པ་དེ་འདྲ་ཡོད་པ་མདོ་སྨད་ས་རྒྱུན་ཚང་གིས་ཤེས་མེད་པའི་སྲིད་པ་ཡོད་དེ། དེ་བ་ཚང་ན་འཛམ་གླིང་གི་དམ་པ་མང་བོ་ཞིག་གིས་སྨྲ་བརྗོད་རང་དབང་གི་ཕྱིར་དུ་བཙོ་སྲེག་དང་བརྡུངས་བཙོགས་ཀྱི་མྱ་ངན་བསམ་གྱིས་མི་ཁྱབ་པ་མྱངས་དང་མྱོང་བཞིན་པ་ཧ་གོ་མཁན་གྱི་ལོ་རྒྱུས་རིག་པ་བ་མེད་ལ། དེ་བ་ཚང་ན་མ་མཐའ་སྙན་ངག་གི་ཚོར་བ་ཙམ་རྒུམ་ཐུབ་པའི་ཚོར་ཤེས་དྭངས་མོ་ཅན་ཞིག་ཀྱང་མེད་སྐད་དོ།།
སྤྱིར་བཏང་གི་མིང་། ཞེ་ས། སྨོད་ཚིག་འདི་ཙམ་གྱི་ཁྱད་པར་ཡང་དེ་བ་ཚང་གིས་ཤེས་ཡོད་ན་ཁོ་བོས་སྟོངས་གདབ་པར་བྱ་སྟེ། “བླ་རྒན”ནི་བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བླ་མ་དང་གྲྭ་བ་ལོ་ན་རྒན་པོ་ཞེས་བྲིས་ཡོད་པས། འདི་ནི་ཞེ་ས་མ་ཡིན་པའི་སྤྱིར་བཏང་གི་མིང་ཙམ་ལས་སྨོད་ཚིག་མིན་དེས་ཀྱང་ཤེས་སོ།། མདོ་སྨད་ས་རྒྱུན་ཚང་གི་སྐུ་ངོ་དག་སྐུ་ངོ་དག་སྐུ་བལྟམས་སའི་མདོ་སྨད་དུ་ཅི་ཡིན་ཆ་མི་འཚལ་མོད། ང་རང་སྐྱེས་ཡུལ་གྱི་མདོ་སྨད་མཚོ་སྔོན་ཕྱོགས་སུ་བླ་མ་དང་གྲྭ་བ་ལོ་ནའི་གྲལ་རིམ་མཐོ་བ་དག་ལ་དེ་ལྟར་འབོད་ལ། དེའང་སྤྱིར་བཏང་གི་མིང་ཙམ་ལས་བསྟིངས་ཚིག་ཅིག་མིན་པ་དེས་ཀྱང་ངོ་།། དེ་ལྟ་ནའང་། བདག་གིས་ཐ་སྙད་ཙམ་གྱི་ངོ་གདོང་ལ་དམར་འགྲེལ་བྱ་མི་བསམས་ཏེ། ས་རྒྱུན་ཚང་གི་དམིགས་ཡུལ་ངོ་མ་ནི་ཐ་སྙད་དེ་ཙམ་ལ་གདོང་གཡར་ནས་ཀླུ་མཁར་བྱམས་རྨེག་ནས་གཞོམ་པའི་སྦྱོར་བ་མངོན་ལྐོག་གང་རུང་ནས་བརྩམས་དང་རྩོམ་བཞིན་པ་དེ་ཡིན་པ་ལས། ཐ་སྙད་ཀྱི་གོ་དོན་ལ་གོ་བ་ལོག་པའི་ཉེས་པ་དང་ནོངས་པ་མིན་གཤིས་བདག་གིས་འདི་ནས་རྒོལ་བ་བྱ་སའང་ས་རྒྱུན་ཚང་གིས་ཡིད་ལ་བརྣགས་པའི་བརྣབས་སེམས་དང་གནོད་སེམས་དེ་འབའ་ཞིག་གོ།
ལྷག་པར་དུ་ཀླུ་མཁར་བྱམས་ལྟ་བུ་སྟེ། ཆབ་སྲིད་ཀྱིས་བརྡེགས་ཤིང་བཙོགས་པའི་མྱ་ངན་བརྒྱུད་མར་མྱངས་ཤིང་། ཆབ་སྲིད་ཀྱི་སླད་དུ་འབད་ཅིང་འབུངས་པའི་བརྟུན་པ་བྱིངས་ཀྱིས་སྐྱེད་པའི་ཆབ་སྲིད་པ་གཤའ་མ་ཞིག་ལ་མཚོན་ན། དམ་པའི་ཆོས་ཀྱི་དགོངས་དོན་དང་བབ་བསྟུན་བྱ་དགོས་དོན་མེད་ལ་བསྟུན་ཐབས་ཀྱང་དབེན་པ་ཡིན་གཤིས། ༸གོང་ས་མཆོག་ཡིན་ཡང་མྱི་ཡིན་པར་བལྟ་ལ། མྱི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་འདིའང་ཆབ་སྲིད་པའི་ཁེ་དབང་བླ་ན་མེད་པ་དེ་ཡིན་པ་ཁྱེད་ཅག་གིས་གོ་བར་གྱིས་ཤིག ཆབ་སྲིད་པ་ཡིན་ན་ཆོས་ལུགས་པ་མ་ཡིན་པས་ཁྱབ་བ་རེད་པས་ཆབ་སྲིད་པ་བླ་མ་དཀོན་ཅོག་གི་ཁོལ་བོ་དང་བྲན་དུ་མི་འགྱུར་བ་འདིའང་ཆབ་སྲིད་པའི་བླ་མེད་ཀྱི་ཁྱད་ཆོས་ཡིན་པ་དེའང་ཤེས་པར་གྱིས་ཤིག ལུས་ཀྱིས་ཐལ་མོ་སྦྱར་ཞིང་ངག་གིས་ཞེ་ས་སྦྱོར་བ་འདི་ཕར་དེད་ན་ཆོས་ལུགས་པ་ཁེ་གཙང་ཞིག་ལ་མངའ་འོས་པའི་ཁྱད་ཆོས་སུ་བྱང་ཆུབ་ལམ་གྱི་རིམ་པའི་བཤེས་གཉེན་བསྟེན་ཚུལ་སོགས་ན་གསུངས་ཡོད་པས། མདོ་སྨད་ས་རྒྱུན་ཚང་ལ་ཆབ་སྲིད་ཀྱི་རྒྱུན་ཤེས་མེད་ན་ཅི་ཁག་སྟེ། ཆོས་ལ་འཇུག་པའི་སྒོ་སྟེ་བཤེས་གཉེན་བསྟེན་ཚུལ་ཙམ་ཡང་མི་ཤེས་ན་ཨ་ཁ་ཁ།
འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་རྒྱལ་ལ་ཁས་བླངས་པ་ཞིག་སྟེ། སྲིད་ཀྱི་བྱ་གཞག་སྐབས་སུ་སོག་རྒྱལ་མཐོན་པོའི་ཁྲི་དང་བླ་མ་དམའ་བའི་གཏན་ལ་བསྡད་ན་རུང་ཞེས་པ་དེའོ།། ཡིད་གཟབ་ཀྱིས་གོ་བ་ཞིག་བླངས་ན་སྲིད་ཀྱི་ལས་དོན་སྐབས་སུ་བླ་མ་ཞེས་མཆོད་ཅིང་བཀུར་མི་དགོས་པར་འདྲ་མཉམ་གྱིས་བལྟས་ཆོག་ཅེས་པའི་དོན་ཡིན་པས། འདི་ཙམ་ལའང་གོ་བ་ཞིག་མི་འདུག་གམ།
བླ་མར་དད་པ་བྱེད་མི་ཆོག་ཅེས་བཀའ་བསྒྲགས་པ་མིའི་རང་དབང་ཕྲོགས་པ་རེད་ཅེས་འུ་ཚང་གི་དེ་རིང་སྐྱེས་པའི་བུས་པ་ཡན་ཆད་ཀྱིས་སྨྲ་ཤེས་པ་དེ་འདྲ་ན། དད་པ་མ་བྱས་ན་མི་ཆོག་ཅེས་འཇིགས་སྐུལ་དང་ཁྲོམ་བསྒྲགས་བྱེདའདིའང་རང་དབང་ཕྲོགས་པ་ཅིའི་ཕྱིར་མིན། ཆོས་དད་རང་མོས་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་པར་བཤད་འདུག་སྟེ། ཡིག་ངོ་ཆོད་ན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་ལྷོད་ཀྱིས་གཟིགས་ཤིང་ཞིབ་ཀྱིས་བཀླག་རོགས། ༼རྒྱ་ནག་གི་འཁྲབ་སྟོན་རྒྱལ་བོ་ཝུན་ཅ་པོ༽རྩོམ་མཁན་སྟེ། རྒྱ་ནག་གི་རྩོམ་པ་བོ་ཡེས་ཅེ་ཡིས་སྲིད་བློན་ཝུན་ཅ་པོ་ལ་མཚན་སྨད་ཞུས་པར་བསྙད་དེ་དཔེ་དེབ་དེ་རྒྱ་ནག་སྐམ་ས་ཆེན་མོའི་མཐའ་རུ་སྤྱུགས་ཏེ་མཐར་ཧོང་ཀོང་དུ་པར་དུ་གདབ་དགོས་བྱུང་བ་རེད། དམངས་གཙོ་ཚད་ལྡན་ཡོད་པར་བསྙད་པའི་འུ་ཚང་གིས་ཀྱང་དེ་དེ་བཞིན་དུ་ཀླུ་མཁར་བྱམས་རྨེག་མེད་བཏང་དང་གཏོང་རྩིས་བྱས་པ་འདི་གཉིས་ལ་ཁྱད་པར་ཅི་གདའ། དུས་ཀྱི་བུ་མོ་སྲིད་ལོ་ཉེར་གཅིག་ལ་སོན་ཏེ་སྐྱེ་བོ་ཡོངས་དཀྱེལ་ཡངས་དམངས་གཙོའི་ལམ་དུ་ཐོགས་མེད་ཀྱིས་རྒྱུ་ཞིང་། སྨྲ་བརྗོད་རང་དབང་ལ་གང་འདོད་ཀྱིས་ལོངས་སུ་སྤྱད་དུ་རུང་བའི་དུས་འདི་འདྲ་ལ། ཤར་གྱི་སྒེར་གཅོད་གཞུང་། ལྷོ་ཡི་འབར་མའི་གཞུང་། ནུབ་ཀྱི་མདོ་སྨད་ཚང་། (མདོ་སྨད་ས་རྒྱུན) བྱང་གི་ཀོ་རི་ཡ་བཅས་ཀྱི་བྱེད་སྟངས་འདི་ཇི་འདྲའི་བཙོག་པ་ལ། སེམས་ཤིང་སེམས་ན་སེམས་པ་སྐྱོ་དུང་ངེར་འགྲོ་བ་མཐའ་མི་འདུག་གོ།།
པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་བོད་གཞུང་བར་ན་ནམ་ཡང་བསལ་དུ་མེད་པའི་རྙོག་གླེང་གེ་སར་གྱི་སྒྲུང་འདྲ་བ་མང་དུ་བདོག་ཕྱིར། སུས་ཀྱང་བསྙད་དུ་མི་བཏུབ་ལ་གསེད་དགྲོལ་བྱ་བ་ཅི་ནས་ཀྱང་ཁག་པ་ཡིན། ལྷག་པར་དུ་པཎ་ཆེན་དགུ་བ་བཅུ་བ་དང་བོད་གཞུང་བར་གྱི་ལོ་རྒྱུས་ནག་པོ་དག་མདོ་སྨད་ས་རྒྱུན་ཚང་གིས་ཨ་ལགས་འཇིགས་མེད་ལ་བཅར་འདྲི་ཞིག་བགྱིས་པ་ཙམ་གྱིས་ཕུ་ཐག་ཆོད་འགྲོ་བ་ཞིག་གཞར་ཡང་མིན་ལ། རྟིང་ཐག་གཅོད་པའི་དབང་ཚད་ཀྱང་མདོ་སྨད་ས་རྒྱུན་ཚང་ལ་ནམ་ཞར་དུ་མེད་ཅེས་ནན་གྱིས་བསྒྲགས་པ་ཡིན། ལྷག་པར་དུ་པཎ་ཆེན་བཅུ་བ་མཆོག་གི་འདས་རྐྱེན་ལ་གདོང་གཡར་ནས་སུ་གང་ལའང་ངོ་དགའ་དང་སྤྲེལ་ལད་འཁྲབ་ན་མཇུག་གི་ཁྲུན་ཐག་ལེགས་པོ་མི་ཡོང་བའི་ཉེན་བརྡ་ཅིག་ཆར་དུ་བཏང་བ་ཡིན་ནོ།།
བཅར་འདྲི་བྱ་ཡུལ་དང་བཅར་འདྲི་བྱེད་མཁན་བར་དུ་དད་པ་དང་དམ་ཚིག་གཤའ་མ་ཡོད་པ་རྒྱུ་མཚན་དུ་བྱས་ནས། མདོ་སྨད་པ་ཡོངས་ནས་ཨ་ལགས་འཇིགས་མེད་ཀྱིས་ཅི་གསུང་ཚད་མ་དང་། ཀླུ་མཁར་བྱམས་ཀྱིས་ཅི་བཤད་ཉེས་བཤད་དུ་བལྟ་བའི་རྒྱུ་མཚན་གང་ཡང་མེད་ལ། ལྷག་པར་དུ་བདག་རང་ཉིད་ཀྱིས་ངོས་ནས་ངེས་པར་དུ་དེ་ལྟར་ཡིན་ནོ།། པཎ་ཆེན་དང་བོད་གཞུང་བར་གྱི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་དག་འདས་ཟིན་པའི་ཟིན་ཐོ་ཞིག་གི་ཚད་དུ་བཞག་སྟེ། ལོ་རྒྱུས་ཀྱི་སྐྱོ་གར་དེ་འདྲ་བ་ཡང་བསྐྱར་མི་འབྱུང་བར་གསལ་གདབ་པའི་རྒྱུ་རུ་བྱས་ན་ལེགས་སྙམ་ཏེ། དེ་ལྟ་མིན་ན་ཕ་གསོད་བུ་ལའང་གནས་ལུགས་གྱུ་རུ་ལུགས་སུ་བགྲང་རྒྱུ་ཡོད་ངེས་པས་ལོ་རྒྱུས་ཀྱི་ཆག་སྒོ་དེ་འདྲ་བ་སླར་ཡང་མི་འབྱུང་བའི་ངེས་པ་མི་གདའ་འོ།། མདོར་ན་ཀླུ་མཁར་བྱམས་ཀྱང་མི་རྟ་ཁེར་འགྲོ་ཞིག་ཡེ་ནས་མ་ཡིན་པས་རྐྱེན་འདི་འདྲ་བས་གསོས་བཏབ་སྟེ་ཕྱོགས་ཁག་ཆེན་པོ་དག་ཐོད་གཏུགས་པའི་སྲིད་པ་ཡོད་ལས་ཆེ་བས། དེ་དུས་ཁྱེད་ཚང་ལ་གཡུལ་ངོ་བཟློག་པའི་ནུས་ཕྱོད་ཆེན་པོ་ཡོད་མེད་ལ་བསམ་བློ་གཏང་རན་པའི་མི་ཚད་འཕྱི་འདུག་གོ།
མདོ་སྨད་ས་རྒྱུན་ཚང་གི་སྐུ་ངོ་རྣམ་པ་མནོ་བསམ་བཞེས་ཤིག བོད་གཞུང་དང་༸གོང་ས་མཆོག་ལ་བདག་ཀྱང་ཤིན་ཏུ་ནས་མོས་མོད། ཧ་ཅང་ཐལ་དྲགས་ན་སྤྲེད་ལད་དང་ངོ་དགའ་རེད་དོ།།
ལྷག་པར་དུ་ཀླུ་མཁར་བྱམས་ཀྱི་བྲིས་རྩོམ་དེ་དག་མང་ཆེ་བ་སྟོང་ལོ་བརྒྱད་པའི་གཡས་གཡོན་དུ་སྤེལ་བ་འབའ་ཞིག་ཡིན་ཡང་། ཀླུ་མཁར་བྱམས་ཀྱི་ནག་ཉེས་དག་དེ་རིང་གཞི་ནས་བགྲང་བའི་མགོ་བརྩམས་པ་འདིས་གསལ་བཤད་ཅིག་བགྱིས་ཡོད་དེ། མདོ་སྨད་ས་རྒྱུན་ཚང་གི་སྐུ་ངོ་ཆེ་གེ་མོ་དང་། ཕ་རོལ་བ་ཞིག་ཁྱི་རྐུན་འོ་སླང་ཁ་རུ་འཕྲད་དེ་ཀླུ་མཁར་བྱམས་རྨེག་མེད་དུ་གཞོམ་པའི་སྦྱོར་བ་རྩོམ་གྱིན་ཡོད་པ་དེ་དང་། འདི་ནི་ཀླུ་མཁར་བྱམས་ཚོགས་གཞོན་ལས་དབྱུང་བའི་ཐབས་དམ་པ་ཡིན་པ་དེ་དང་། ཀླུ་མཁར་བྱམས་གྲོས་ཚོགས་སུ་བསླེབས་པའི་སྒོ་འགོག་པའི་ཐབས་དམ་པ་ཡིན་པ་དེ་དང་། མདོར་ན་ཀླུ་མཁར་བྱམས་ཚེ་ཚེ་རབས་རབས་སུ་ལོ་རྒྱུས་ཀྱི་ཉེས་ཅན་པ་བཟོས་ཏེ། ཕྱིར་མི་ལྡོག་པའི་ལམ་དུ་བསྐྲད་ན་བསམས་ཡོད་པ་དེའོ།།
མདོ་སྨད་ས་རྒྱུན་ཞེས་པ་དེ་རྡ་སའི་མདོ་སྨད་པ་ཡོངས་ཀྱི་ཆེད་དང་སླད་དང་ཕྱིར་དུ་ཡིན་ན་སྐྱེ་བོ་རེ་ཟུང་གིས་ཆབ་སྲིད་ཀྱི་རྩེད་ཆས་སུ་མི་བསྒྱུར་བའི་རེ་བ་ཞུ་རྒྱུ་དང་། མདོ་སྨད་ས་རྒྱུན་ནི་ཁྱིམ་ཚང་ཞིག་གི་མ་ཡིན་པའི་ཚུལ་ལ་མནོ་བསམ་བཞེས་ཤིག གལ་སྲིད་མདོ་སྨད་ས་རྒྱུན་ཚང་གིས་མུ་མཐུད་དུ་སྐྱུག་བྲོ་བའི་ལས་འདི་དང་འདི་ལྟ་བུ་ལ་འཇུག་པར་བྱ་ན་མཐའ་གཅིག་ཏུ་ཁ་རྡུང་གཏོང་བའི་སྦྱོར་བ་བརྩམ་སྲིད་པས་གནས་སྐབས་དེ་ཙམ་བྱོས། སྟོབས་ལྡན་ཨ་རིའི་སྲིད་འཛིན་ལ་ལྷམ་གྱིས་འགྲམ་ལྕགས་གཞུས་ཀྱང་བཟོད་ཅིང་བསྲན་ནུས་པའི་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་ནུབ་ནས་ཤར་དུ་རྒྱུ་བཞིན་པ་བསམ་བློ་ཅུང་ཙམ་གཏང་རོགས།
ཞོར་ཏུ་ཀླུ་མཁར་བྱམས་ལ་འདི་ལྟར་སྨྲ་སྟེ། ཁྱེད་ལ་བྲག་ཏུ་བརྡབས་ཀྱང་མི་འཇིག་པའི་རང་གཤིས་བརྟན་མོ་ཞིག་ཡོད། ཁྱེད་ལ་མཚོན་གྱིས་བསྣུན་ཀྱང་ཨ་ཁ་མི་འཆོར་བའི་བློ་གཤོགས་ཆེན་པོ་ཞིག་ཡོད། དེ་བས་ཁྱེད་ཀྱི་རང་གཤིས་དང་བློ་སྟོབས་སུ་མོས་པ་བདག་ལ་སེམས་ཁྲལ་དེ་ཙམ་མེད། ཡིན་ནའང་སྐབས་འཚོལ་བ་འདིའི་རིགས་ཀྱིས་མངོན་སུམ་དུ་མི་བཏུབ་ན་ལྐོག་ནས་ཀྱང་སྦྱོར་བ་འདྲ་མིན་བརྩམ་སྲིད་པས་གཅེས་པའི་ཚེ་སྲོག་ལ་གཟབ་གཟབ་བྱོས་དང་། བདག་དང་བདག་འདྲ་བའི་དྲང་བདེན་ལ་བློ་བྲོད་མཁན་དང་སྨྲ་བརྗོད་རང་དབང་ལ་ཡི་རངས་པ་དག་ཚེ་རབས་ཚེ་རབས་སུ་ཉིད་ཀྱི་རྒྱབ་དཔུང་དུ་བྲག་རིའི་ཚུལ་གྱིས་འགྲེང་ནས་ཡོད། རྒྱ་མཚོའི་ཚུལ་གྱིས་འཁྱིལ་ནས་ཡོད། ང་ཅག་མགོན་དང་སྐྱབས་མེད་པ་དག་གིས་འདི་ཙམ་ལས་ཅི་བྱ། ཅི་བྱ། ད་ཅི་བྱ།
མཇུག་ཏུ། བསྒྲགས་གཏམ་འདིས་ཉེས་པ་ཅི་ཞིག་གསག་ཀྱང་བདག་འབའ་ཞིག་གིའོ།།
འབར་མའི་དམངས་གཙོའི་དབུ་ཁྲིད་པ་ལྕམ་ཨང་སན་སོའུ་ཅེ་མཆོག་གི་སྐད་ཆ་ཞིག་གིས་མཇུག་བསྡུ་བར་བྱ་སྟེ། “མཚམས་ལན་རེར། མི་དམངས་ཀྱིས་ང་ཚོའི་བྱ་གཞག་ལ་མོས་མཐུན་མི་བྱེད་པ་དེ་འདྲ་འབྱུང་སྲིད། འདི་ནི་ཡོང་སྲིད་པའི་བྱ་བ་མངོན་གྱུར་བ་ཞིག་ཏེ། སྐྱེ་བོ་ཡོད་ཚད་ཀྱི་བསམ་ཚུལ་གཅིག་པ་མ་ཡིན་པས་ཕྱིར་དང་། བསམ་ཚུལ་མི་མཐུན་པ་དང་དུ་ལེན་པ་འདི་ནི་དམངས་གཙོ་རང་ལུགས་ཀྱི་དགོངས་བཞེད་ཀྱི་ཆ་ཤས་གཅིག་ཡིན་པས་ཕྱིར་རོ།།”
༢༠༡༠། ༡༢། ༢༨། ཉིན་བལ་ཡུལ་གྱི་རང་མལ་དུ་སྦྱར།
GOOD
xxxxxxxxxxxxxxxxxxxxxxxx
རྟ་ནག་སྐལ་བཟང་ལུང་རིགས་ལགས་ཁྱེད་ཀྱི་གསུང་བ་བདེན་པ་རེད། ང་ཁྱེད་དང་མཉམ་དུ་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་བརྒྱ་ཐམ་པ་ཡོད།
རྟ་ནག་སྐལ་བཟང་ལུང་རིགས་ལགས་ཁྱེད་ཀྱི་གསུང་བ་བདེན་པ་རེད། ངེད་ཚང་གི་མདོ་སྨད་ས་གནས་རྒྱུན་ལས་གིས་བལྟས་བལྟས་རིག་རིག། མི་སྨྲ་བརྗོད་རང་དབང་པ་ཀླུ་མཁར་བྱམས་ལགས་ལོ་རྒྱུས་ཀྱི་ཉེས་ཅན་པ་བཟོ་གི་ཡོད་པ་རེད། ང་ཁྱེད་དང་མཉམ་དུ་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་བརྒྱ་ཐམ་པ་ཡོད།
རྟ་ནག་ལགས་ཀྱི་རྩོམ་ཡིག་ནམ་རྒྱུན་ཀློག་གིན་ཡོད། ཁོང་གིས་བརྡ་རྙིང་བའི་ཐ་སྙད་བེད་སྤྱོད་བྱེད་སྟངས་དེ་ཧ་ཅང་རྣ་བར་འགྲོ་སོང་།
ཡིན་ནའང་། ངས་ཁ་སྔོན་ཀླུ་སྨྱོན་ལ་ཞུས་བ་བཞིན། རྟ་ནག་པ་ཡང་ལུང་ཚན་ཕྱོགས་ཞེན་གྱིས་མིག་ལྡོངས་ནས་གཏམ་སྲོང་བོར་སྨྲ་བའི་བློ་སྤོབས་བྲལ་འདུག
སྤྱིར་ན། བླ་རྒན་ཟེར་བ་ཁྱད་གསོད་ཀྱི་ཚིག་ཡིན་པར་སྒྲུབ་པས་ཀླུ་མཁར་བྱམས་ནག་པོ་བཟོ་ཐབས་མེད་ལ། དེ་ལས་ལྡོག་པས་ཀྱང་དཀར་འདོན་བྱེད་རྒྱུ་ཅང་མི་འདུག ཀླུ་མཁར་བྱམས་ནི་སློབ་ཆེན་འགྲིམས་ནས་ལག་འཁྱེར་རྫིག་པོ་འཁྱེར་མཁན་ཞིག་མིན་ནའང་། རོང་འབྲོག་ཁུལ་གྱི་བོད་པའི་སྤྱི་ཚོགས་སྤུས་དག་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པས། རང་བཞིན་གྱིས་ཁ་རྒོད་རིག་རྒོད་དང་། སྙིང་སྟོབས་ཀྱང་ཆེན་པོ་ཞིག་རེད་འདུག ཡིན་ནའང་། འབྲོག་པའི་རྩྭ་ཐང་གི་འགྲོ་ལུགས་སྡོད་ལུགས་བཤད་ལུགས་དེ་རྡ་རམས་ས་ལའི་སྤྱི་ཚོགས་ནང་བཙན་གྱིས་སྤེལ་རྒྱུའང་དེ་འདྲ་ལས་སླ་མོ་ཞིག་མིན་པ་རེད།
བླ་རྒན་ཞེས་པ་ཚིག་མཛོད་བསྔོགས་པའི་ངལ་བ་བསྟེན་མི་དགོས་ཏེ། རྒྱ་རྒན་དང་ཧེ་རྒན། རོང་རྒན། འབྲོག་རྒན་སོགས་ཀྱང་ཚིག་མཛོད་ནང་གོང་གི་བླ་རྒན་གྱི་འགྲེལ་བཤད་དང་ཆ་འདྲ་བ་ཞིག་མ་གཏོགས་གསལ་ཡོད་རྒྱུ་མ་རེད། ཨམ་སྐད་བཤད་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན་ཚེ། བླ་རྒན་ཟེར་བའི་འབོད་པ་དེ་རོང་རྒན་དང་འབྲོག་རྒན་རྒྱ་རྒན་ཧེ་རྒན་སོགས་ལས་རྣ་བར་སྙན་ཞིང་། ཡིད་ལ་འཇེབས་པ་ཞིག་མི་ཡོང་བ་ཡིན།
དེ་ཕྱིར། མི་ནི་ཉོན་ཡིད་ཀྱིས་གཞན་དབང་ཅན་ཡིན་པས’ དྲང་ཚུགས་འཛིན་རྒྱུ་ནི་ཧ་ཅང་དཀའ་ཞིང་། ཕྱོགས་སུ་མ་ལྷུང་བའི་གཏམ་སྨྲ་མཁན་ཀྱང་ཁག་སེ་འདུག་ཅེས་སེམས་ཁོང་དུ་ཆུད་ནས་ཡོད།
རྟ་ནག་སྐལ་བཟང་ལུང་རིགས།
འབུམ་དྲུག་ཚེ་རིང་ལགས་ཀྱི་མཆན་བུར་ཐུགས་བསམ་བཞེས་རོགས་གནང།
ད་ལན་ཁྱོད་ཀྱིས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་གྱི་ཚིག་འགའ་བྲིས་པ་དེ་ནི་ཕྱོགས་ལྷུང་གི་གཏམ་འབའ་ཞིག་ལས་དོན་དམ་པའི་གཏམ་ལ་མི་མངོན། རྒྱུ་མཚན་ནི།
དང་པོ། ཀླུ་མཁར་བྱམས་ཀྱི་འདས་པའི་བྱུང་རབས་ལ་གཞིགས་ཚེ་རང་ཚུགས་མི་ཐུབ་མཁན་གྱི་མི་ཞིག་རེད།
གཉིས་པ། ཀླུ་མཁར་བྱམས་ཀྱིས་ཆབ་སྲིད་བཙོན་ཟུར་གྱི་མིང་འཁྱེར་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་ཁེ་ཕན་མང་པོ་ལེན་ཡོད་ཀྱང། དོན་དམ་དུ་ཁོ་པས་དུས་རྟག་ཏུ་དགག་བཞག་གི་མདའ་མོ་འཕེན་ས་རྒྱ་གཞུང་མ་ཡིན་པར་༸གོང་ས་མཆོག་རེད། དེ་བས་བོད་ནང་གི་མང་པོ་ཞིག་གི་སེམས་ཁམས་ལ་རྨས་སྐྱོན་བཏང་ཡོད་པ། ཐེངས་ཅིག་ཁོ་པ་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་ལ་འབོད་སྐབས་བོད་ནང་མདོ་སྨད་ཕྱོགས་ནས་ཁ་པར་འབྱོར་སྐབས་གང་བཤད་ཡོད་པ། ཀླུ་མཁར་བྱམས་ཁོ་པས་གསལ་པོ་ཤེས་ཀྱི་ཡོད།
གསུམ་པ། སྐལ་བཟང་ལུང་རིགས་ཁྱེད་རང་རིག་གནས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་ཁྱེད་ཀྱི་འགྲེལ་བརྗོད་ནང་གསལ་འདུག་ཀྱང། ངས་ཁྱེད་ལ་འགྲེལ་བརྗོད་ཞུ་རྒྱུར། མིང་ཚིག་མང་པོ་ཞིག་དོན་གྱི་ཆ་ནས་ལེགས་པོ་ཡོད་ཀྱང། གཏམ་བཤད་སོགས་ཀྱི་སྐབས་སུ་བརྗོད་མཁན་གྱི་རྣམ་འགྱུར་ལས་ངན་ཕྱོགས་སུ་གྱུར་པ་དང། རྩོམ་ཡིག་འབྲི་སྐབས་ཚིག་གྲུབ་ནང་བེད་སྤྱོད་གཏོང་སྟངས་ཀྱི་ཆ་ནས་ངན་པར་གྱུར་བ་མང་པོ་ཡོད་པས། ད་ལན་གྱི་བླ་རྒན་ཟེར་བའི་ཚིག་བེད་སྤྱོད་གང་འདྲ་བཏང་ཡོད་མེད་ལ་ཞིབ་འཇུག་གནང་དགོས།
བཞི་པ། ཀླུ་མཁར་བྱམས་བོད་ནང་མཚར་ལོངས་བྱུང་བ་དང། ལྷག་པར་དུ་བཙོན་ཁང་བཞུགས་མྱོང་ཡོད་པ་ཁོ་པས་བརྗོད་ཀྱི་ཡོད་ན། བོད་ནང་གི་བོད་མི་མང་པོས་༸གོང་ས་མཆོག་ལ་མཚན་རྨད་ཞུ་བ་ལས་སྲོག་བློས་གཏོང་ན་ལེགས་པ་བསམ་བཞིན་ཡོད་པ། ཁོ་པས་ཤེས་གསལ་ཡིན་མོད། ཁོ་པ་རང་དབང་སྤྱི་ཚོགས་ནང་བསྡད་ནས་ཅིའི་ཕྱིར་༸གོང་ས་མཆོག་ལ་རྟག་ཏུ་ཁ་གཏད་གཅོག་གི་ཡོད་དམ།
ལྔ་པ། སྤྱིར་བཏང་སྤྱི་ཚོགས་ནང་བྱ་བ་ལེགས་ཉེས་ཕལ་ཆེ་བ་རང་སོ་སོའི་བསམ་པའི་འཁྱེར་སོ་ལས་བྱུང་བཞིན་ཡོད་པས། ངན་ཕྱོགས་ལ་བསམ་བློ་གཏོང་མཁན་ཞིག་ལ་བྱ་བ་ཐམས་ཅད་ངན་པར་ཌྷའགྱུར་བཞིན་ཡོད་པ་ཆོས་ཉིད་རེད། ངའི་བསམ་པར་ཁྱེད་དང་ཀླུ་མཁར་བྱམས་གཉིས་ཀ་བསམ་བློའི་འཁྱེར་སོར་སྐྱོན་མེད་དམ་སྙམ་པས། སྔོན་ཚུད་ནས་བཅོས་ཐབས་གནང་གལ་ཆེའོ།།།།
སྐད་ཆ་ཁ་གསལ་བོར་བཤད་རྒྱུ་ཡིན། ཀླུ་མཁར་བྱམས་ལ་ནག་ཉེས་ཀྱི་ཞ་མོ་གཡོག་ནས་སྤྱི་འཐུས་སུ་ལངས་མི་ཆོག་པ་དང་། དགུ་བཅུ་གསུམ་གྱི་ཚོགས་གཞོན་དུ་བསྡད་མི་ཆོག་པའི་འཇིགས་སྐུལ་བྱེད་པ་སོགས་བདེན་པ་ཡིན་ན་དེ་ལ་ནམ་པ་ཀུན་ཏུ་དགག་པ་ཡོད་པ་མ་ཟད། སྐད་ཆ་འདི་དག་ང་ཚོས་སེམས་ལ་ཉར་ནས་ཐེར་འདོན་གཙང་སེལ་བྱེད་རྒྱུ་ཡིན།
གཞན་རྟ་ནག་པ་ལགས། སྐད་ཆ་འདིའི་རིགས་བཤད་དུས། ཚོར་བའི་དབང་དུ་སོང་ནས་སྐད་ཆ་བཤད་ན་མི་མཛེས། ཚིག་གི་སྡེབ་སྦྱོར་ལ་ཡང་བབ་བསྟུན་གྱིས་བལྟ་དགོས། རྩ་འཛིན་རུང་བའི་བདེན་དཔང་འཚོལ་ནས་སྐད་ཆའི་གོ་རིམ་སྒྲིག་དགོས། དེ་མིན། ཆབ་སྲིད་ཀྱི་སྐད་ཆའི་ནང་དུ་སྒྱུ་རྩལ་རྩོམ་རིགས་ལྟ་བུའི་སྡེབ་སྦྱོར་བཀོལ་ན་རང་གི་གཅོག་པའི་འུར་རྡོར་འགྱུར་ཉེན་ཡོད།
རྣམ་པ་ཚོས་ཁ་སྔོན་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་སྤེལ་པའི་རྩོམ་ཡིག་དེར་ཞིབ་གཟིགས་གནང་རོགས། རྩ་འཛིན་རུང་བའི་དཔང་རྟགས་ཟེར་བ་འདིར་བསམ་གཞིགས་གནང་རོགས། དེ་མིན། མདོ་སྨད་པ་ཚོ་གཞན་གྱི་ཁྱི་རྒྱག་གི་དབྱུག་པར་གྱུར་དང་འགྱུར་བཞིན་ཡོད།
བོད་སྐད་ཤེས་མཁན་སུ་ཡིན་རུང་”བླ་རྒན”ཟེར་ན་གྲྭ་བ་རྒན་པར་གོ་དགོས་པ་སུས་མི་ཤེས། ཡིན་ནའང་མི་གཞོན་གཞོན་ཞིག་གིས་རང་ལས་རྒན་པ་ཞིག་ལ་”བླ་རྒན”ཞེས་འབོད་དུས་མཐོང་ཆུང་ངམ་དམའ་འབེབས་ཀྱི་བཤད་སྟངས་ཐོན་ཡོང་བ་རེད། གནད་འགག་འདི་རེད། ཀླུ་མཁར་བྱམས་ཀྱིས་”ཏྭ་ལའི”དང་”བླ་རྒན་”ཟེར་ནས་ཁ་ཚད་ཡོད་ཀྱི་ནང་ནས་ཚིག་ཚོད་མེད་བཤད་པ་འདི་ཚོ་༧གོང་ས་མཆོག་སྐུ་ཉིད་ཀྱི་ཐུགས་དགོངས་ལ་ཕོག་སོང་བ་ཅང་ཡང་མ་རེད། ཡིན་རྒྱུ་ནི་བོད་མི་མང་བོའི་རྣ་བར་གཟན་སོང་བ་རེད། དེ་གཅིག་ཡིན། དེ་ནས་ས་རྒྱུན་ཚོས་ཀླུ་མཁར་བྱམས་ཀྱིས་རྒྱ་ཚིག་བཀོལ་གི་འདུག་ཟེར་བ་མ་གཏོགས་རྒྱ་དམར་དང་གདན་གྲལ་གཅིག་ཏུ་བཞག་པའམ་ཡང་ན་སོ་ཉུལ་འདྲ་རེད་ཟེར་མ་ཐལ། དེ་གཉིས་ལ་ཁྱད་པར་ཡོད་རེད། དེ་ནས་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམས་སོགས་སེམས་ཤུགས་ཡག་པོ་དང་ཁ་ལྕེ་བདེ་མོ་རེད། སྤྱི་ཚོགས་དཔྱད་བརྗོད་པའི་གྲལ་ནས་བཞག་ན་དགའ་ནི་རེད་མ་གཏོགས་ཆབ་སྲིད་པའི་བཟོ་ལྟ་ཡོད་མ་རེད་ལ། ཆབ་སྲིད་འཇོན་ཡང་འཇོན་གི་མ་རེད། གལ་ཏེ་ཀླུ་མཁར་བྱམས་སྤྱི་འཐུས་ལ་འདེམས་ཀི་ཡིན་ཟེར་ན་འདེམས་མཁན་ཁོ་རྩྭ་གཅིག་ཆད་ལྷག་ཡོད་པ་གཏན་འཁེལ་མིན་ན་ངས་ཀྱང་མ་ཤེས་ནི་ཡིན།
ད་འདི་ཚང་མ་གཡོ་མཁན་དེ་ཁ་བཏུག་ཞུས་ན་ཨ་ལགས་ཚང་རེད་མོ
༼དེ་མིན། མདོ་སྨད་པ་ཚོ་གཞན་གྱི་ཁྱི་རྒྱག་གི་དབྱུག་པར་གྱུར་དང་འགྱུར་བཞིན་ཡོད།༽
འདྲེ་རིག་ལྡན།
ཁྱོད་ཨ་རིའི་སློབ་གྲྭ་སྙན་གྲགས་ཅན་ན་དོན་དག་ཆེན་མོའི་སྒང་ལ་འཇུས་བསྡད་མཁན་་ཞིག་གི་ཁ་ལ་གོང་གི་རྒྱ་རྒན་ས་ལས་བའི་ཚིག་རྫོབ་ཐ་ཤལ་དེ་འདྲ་ལན་པོ་མི་འདུག
༡ ངས་བལྟ་སྟངས་ལ། ཀླུ་མཁར་བྱམས་ཀྱིས་རྩོམ་ཡིག་སྤེལ་སྟངས་དང་ཁ་རྒོད་བྱེད་སྟངས་དེ་ཨ་མདོ་ཕོ་གསར་སྤྱི་ཚོགས་ནང་ཇ་ཁ་ཆང་ཁ་ན་ཀུ་རེའི་དང་རྩེད་མོའི་རྣམ་པར་ཡོད་བསྡད་པ་ཞིག་རེད། ཡིན་ནའང་། སྤྱི་བའི་རྩོམ་ཡིག་གི་དྲ་རྒྱ་དང་གཏམ་བཤད་ཀྱི་སྡིངས་ཆ་ཐོག་འཛེམས་སོན་མེད་པར་བཏོན་པ་ནས་རང་ཉིད་རླུང་འཚུབ་ནང་བཅུག་པ་རེད།
༢ དཔའ་པོ་བྱེད་འདོད་དང་མཁས་པ་བྱེད་འདོད་དང་། ཕྱུག་པོ་བྱེད་འདོད་སོགས་ང་ཚོ་ཚང་མར་ཡོང་བསྡད་པ་ཞིག་རེད། ནག་ཚོང་བརྒྱབ་ནས་ཕྱུག་པོར་འགྱུར་མཁན་དང་། དཔའ་གཏམ་བཤད་ནས་དཔའ་བོའི་མིང་ཐོབ་མཁན། མཁས་མཁས་དྲག་དྲག་ལ་གདོང་ཐུག་བརྒྱབ་ནས་མིང་་གྲགས་ཁྱབ་མཁན་ཡང་ཁ་སང་དེ་རིང་གི་མི་སྡེ་སྤྱི་ཚོགས་ནང་ཡོང་བསྡད་པ་རེད།
དེ་བས། ཀླུ་མཁར་བྱམས་ཀྱི་ཀུན་སློང་ལ་ཚོད་དཔག་བྱེད་རྒྱུའང་ཁག་པོ་རེད།
༣ བླ་རྒན་ཟེར་བའི་འབོད་པ་ནི་ཡ་ང་བ་ཞིག་མིན་ནའང་། ༼མགོ་ནས་འཁྱོག་སོང་ཙང་༽་ཟེར་བ་ནི་དངོས་གནས་འཇིགས་ཡེར་བ་ཞིག་རེད། ཚིག་འདི་འདྲ་བེད་སྤྱོད་གཏོང་མཁན་གྱི་ཀུན་སློང་ལ་ཞེ་འགྲས་མེད་ནའང་། ད་ལྟའི་བོད་པའི་སྤྱི་ཚོགས་ནང་ཤུགས་ལྡན་ཚོགས་པ་དང་རྒྱ་གུང་ཁྲན་ལ་མགོ་སྦྲེལ་བྱེད་རྒྱུ་ཡོང་ཆོག་ཆོག་རེད།
༣ ཀླུ་མཁར་བྱམས་སྤྱི་བའི་གཏམ་བཤད་སྡིངས་ཆ་སྒང་མ་ཕེབས་སྔོན་དང་། དགུ་བཅུ་གསུམ་གྱི་ཚོགས་གཞོན་རྐུབ་སྟེགས་སྒང་ལ་མ་བསྡད་གོང་། མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་ཁོངས་སུ་མ་སླེབས་གོང་། ཁོ་མི་རྟ་ཁེར་འགྲོ་རེད། འགྲོ་རང་དབང་ལ་འདུག་རང་དབང་། ཁ་རྒོད་རྒྱག་ཚད་བཤད་ཆོག་ཆོག་རེད། ཡིན་ནའང་། སྤྱི་ཚོགས་གར་སྟེགས་སྟེང་བུད་པ་ནས། སྤྱི་བའི་ས་མིག་སྒང་སླེབས་པ་ནས། ཁོའི་གནས་བབས་ལའང་འགྱུར་ལྡོག་བྱུང་ནས། ཁོང་ལ་རྗེས་འདེད་གཏོང་མཁན་དང་། བྱ་ར་བྱེད་མཁན། མདུན་བཀག་ཉན། རྒྱབ་སྐྱོར་མཁན་སོགས་ཡོང་བའང་མི་སྡེ་སྤྱི་ཚོགས་ཀྱི་རང་བཞིན་རང་རེད།
༣ ངས་བལྟས་ན། ད་ཐེངས་ཀི་གནད་དོན་འདི། མདོ་སྨད་ས་རྒྱུན་གྱི་ལས་བྱེད་དང་ཀླུ་མཁར་བྱམས་སུ་བཟང་གང་ངན་གྱི་གནད་དོན་ཞིག་མ་རེད། དབྱིན་ཇིའི་སྐད་དུ་སྤྱི་ཚོས་ཀྱི་Etiquette་ཟེར་བ་དང་མི་བུ་སྒེར་བའི་བར་གྱི་གདོང་ཐུག་ཅིག་རེད་འདུག།
འདྲེ་མིང་ཅན་ཁྱོད་ལོ་ཙྭ་བ་ཡ་མེད་ཅིག་ཡིན་པ་ངས་ཤེས་ཡོད། གོང་གི་དབྱིན་ཇིའི་ཐ་སྙད་དེར་བོད་འགྲེལ་རྣལ་མ་ཞིག་བྱེད་ཐུབ་ཚེ། ད་ཐེངས་ཀྱི་གནད་དོན་འདི་གང་ལ་ཐུག་ཡོད་པ་ཧ་གོ་ཐུབ་ངེས་ཡིན།
རྟ་ནག་པས་དྲང་བདེན་ལ་རྒྱབ་སྐྱོར་ཞེ་དྲག་བྱས་འདུག དངོས་གནས་ཡག་པོ་རེད། ཡིན་ནའང་། ས་རྒྱུན་ཚང་ཟེར་ཀི་འདུག འདི་ཁྱིམ་ཚང་ཞིག་ཡིན་ན་སྐུ་ངོའི་མཚན་ལ་ག་རེ་ཟེར་གྱི་ཡོད་ན་ད་དུང་འཁོར་གཡོག་སུ་སུ་ཡིན་མིན་ལ་བལྟས་ན་ཕལ་ཆེར་རྟགས་མཚན་རེ་ལྷང་ལ་འབུད་ཀི་རེད།
རྟ་ནག་པར་རྒྱབ་བསྐྱོར་ཡོད། ཡིན་ནའང་། ཚོར་ཤེད་ཅུང་ཆེ་དྲག་འདུག
དེ་མིན་འབུམ་དྲུག་ཚེ་རིང་ལྟར་ན༼དགེ་རྒན༽༼ཕ་རྒན༽༼མ་རྒན༽སོགས་ཀྱང༼བླ་རྒན༽ལྟར་དུ་འགྱུར་ཉེན་ཆེ་བས། ཨམ་སྐད་ལ་སྐད་གསར་བཅད་ཅིག་མ་གནང་བར་དུ་གཏིང་ཐག་ཆོད་ཡ་མི་འདུག མ་གཞི་ལུང་སྐད་ཀྱི་གནད་དོན་ཞིག་རེད་མ་གཏོགས་བཀོལ་མཁན་ལ་ཉེས་པ་འགེལ་ཐུབ་མི་འདུག གཞན་གཅིག་དེ་ཀླུ་མཁར་བྱམས་ལ་བཙོན་ཟུར་ཞེས་པ་དེའང་མ་ཤེས་པའི་གནད་དོན་ཞིག་རེད་ལ། བཙོན་ཆད་ཁུར་ནས་སླེབས་མཁན་དང་བཙོན་གྲོལ་ཐོབ་ནས་སླེབས་མཁན་གྱི་ཐོབ་ཐང་གཅིག་པ་ཡིན་ཡང་ངོ་བོ་གཅིག་པ་མ་རེད།
ད་དུང Etiquetteཕྱི་འབྲེལ་ལ་བཀོལ་བཞིན་པའི་ཐ་སྙད་ཅིག་སྟེ། ༼ཆེས་མཐོང༽ཟེར་ན་མ་ཆོག་པ་མེད་ཅིང་། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་བཀོལ་དགོས་པ་ཞིག་རེད་མ་གཏོགས་དཔོན་པོ་དང་འབངས་མིའི་བར་བཀོལ་བཞིན་པ་ཞིག་མ་རེད། ཡིན་ནའང་། བཀའ་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་འདིའི་རིགས་འབངས་མིའི་བརརྩི་བཀུར་མ་བྱས་ཚེ་ཚེ་སྲོག་ལའང་རྒོལ་བ་རྩོམ་བཞིན་ཡོད། དེ་བས། སྐད་ཆ་བཤད་སྐབས། གཟབ་གཟབ་གནང་མ་གཏོགས་ནམ་ཞིག་རྒྱ་མིས་ཁྱོད་རང་ལྟ་བུའི་སྐད་ཆ་བཀོལ་ནས་༼ཞིང་བྲན་ལམ་ལུགས་བསྐྱར་གསོ༽ཞེས་པའི་སྒྲུབ་བྱེད་དུ་འང་བཀོལ་སྲིད་པས། སྐབས་དེར་ལྕེ་བརྒྱ་ཡོད་ཀྱང་འགྲེལ་ཐབས་མེད་པ་ཞིག་ཆགས་ཡོད།
ཡ་ད་ངས་ནི་བཤད་མི་ཕོད་ཀི རབ་གསལ་གྱིས་ང་དང་རང་བཙན་ལྡེའུ་སོགས་ལ་བཀྱོན་ནས་ཟ་གྲབས་བྱེད་ཀྱི་འདུག དྲ་ཐོག་ནས་གནས་དབྱུང་བཏང་ན་ངོ་ཚ་སྤྱད་ཅིག་རེད། ད་ཁ་བཙུམ་ནས་འདུག་གི་ཡིན། ལྷ་སའི་ཕྱུར་སྐམ་ཆེན་པོ་ཞིག་མུར་བཞིན་བསྡད་ཡོད།
འབུམ་དྲུག་ཚེ་རིང་གིས་གནས་ལུགས་ཅན་གྱི་སྐད་ཆ་བཤད་ཐལ།
འབུམ་དྲུག་ཚེ་རིང་ལགས། ཁྱོད་རང་དྲ་བདག་ཡིན་མིན་མི་ཤེས་དེ་གུས་པས་མཆན་བཏབ་པ་ཐོན་ཡ་མི་འདུག སྐད་ཆ་གཅིག་རང་ཞུ་ཀི་ཡིན། ཁྱོད་རང་ཚོས༼བླ་རྒན༽ཞེས་པའི་ཐ་སྙད་དེ་མ་རྩོད། བརྩད་བརྩད་ཀྱི་མཐའ་མར་༼ཞིང་བྲན་ལམ་ལུགས་བསྐྱར་གསོ༽ཟེར་བའི་སྒྲུབ་བྱེད་དུ་འགྱུར་ཉེན་འདུག སེམས་གཏམ་ཡིན།
ད་འཆམ་པོ་གནང་རོགས། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ། ཁ་དྲོ།
བསིལ་ལྡན་ལྗོངས་ཀྱི་ཕན་བདེ་མ་ལུས་པ། །གང་ལས་བྱུང་བའི་བསམ་འཕེལ་ཡིད་བཞིན་ནོར། །རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་བསྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
བློ་གྲོས་མཐའ་ཡས་ལགས།
ཁ་བརྡའི་མཆན་བུ་རྣམས་ལ་ཞིབ་བཤེར་བྱེད་མཁན་དང་སྟངས་འཛིན་བྱེད་མཁན།
རབ་གསལ་ལགས་མིན། དེ་དོན་དགོངས་འཇགས་གནང་རོགས།
ཁ་བརྡའི་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
འོ་ཡ། ད་སུ་ཡིན་ན་སུ་ཡིན་ཁྱད་པར་མེད། རབ་གསལ་དང་རྡོར་དབང་གཉིས་ལ་ངས་ནམ་ཡང་བརྩི་བཀུར་བྱེད་ཀྱི་ཡོད། གཞན་ཚོ་སུ་ཡིན་མི་ཤེས་ཡང་གཅིག་པ་རེད། གང་ལྟར་དྲ་བདག་དང་དྲ་རྒྱ་སྟངས་འཛིན་བྱེད་མཁན་ཀུན་ལ་གུས་བརྩི་ཡོད། རྗེས་མ་ནས་ཁ་འཇམ་ཙམ་བྱེད་རྒྱ་ལ་སློབ་སྦྱོང་བྱེད་ཡ།
ཁ་བརྡའི་བདག་པོ་དང་བདེ་འཇགས་རྐང་ཚ་གཉིས་ཀའི་བྱ་སྤྱོད་འདི་ཅི་འདྲའི་ཡག་ག
༢༠༠༨/༠༦/༣༠ ཉིན་དུས་བབ་དྲ་རྒྱའི་སྟེང་སྤེལ་བའི་རྩོམ་ཡིག་ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས་ཟེར་བ་ཚན་དུམ་གསུམ་བཀོད་དེ། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་ཀྱི་ཐོབ་ཐང་བཙན་འཕྲོག་གི་ལས་འགུལ་གདུག་རྩུབ་ཆེ་ཤོས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་ཤུགས་ལྡན་དམ་བསྒྲགས་གཉིས་མཚུངས་བསྡུར་བྱས་པའི་ནང་། ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་ཅེས་ཚིག་ཐག་བཅད་དེ་སྡོམ་བརྒྱབ་པ་དང་སྦྲགས། ལ་ཕར་རྒྱབ་གྱི་པེ་ཅིན་གཞུང་དང༌། ལ་ཚུར་རོལ་གྱི་གངས་ཅན་སྐྱིད་གཞུང་གཉིས་ལ་ལྷ་འདྲེ་ཡན་ཆད་རྩ་མེད་གཙང་གཤེར་བྱེད་རྒྱུའི་བློ་ཁོག་ཡོད། ཡང་བྱ་བའི་མཇུག་འབྲས་སོ་སོའི་ཞེ་འདོད་ལྟར་མ་བྱུང་ན། ལས་འགུལ་དེ་དག་མང་ཚོགས་རང་འགུལ་གྱིས་སྤེལ་བ་རེད་ཅེས་མི་མང་ཉམས་ཆུང་མགོར་གཡུགས་རྐྱང་བྱེད་པའང་གཞུང་དེ་གཉིས་ཀྱི་མཐུན་ས་གལ་ཆེན་ཞིག་ཡིན་ཞེས་དང་།
ཐ་ན་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྒྱ་གར་སྐོར་སྲུང་བ་དང་ལག་འབྲེལ་གྱིས་ཕར་སློག་པ་་་། ༌༌༌ལོ་ ཤས་གོང་འདི་གའི་གྲོང་དགོན་གཉིས་ཀར་ཤུགས་ལྡན་སྐུ་བརྙན་གཏོར་རྒྱུའི་ཟིང་ལངས་ སྐབས་གཞུང་གིས་དེར་སྟངས་འཛིན་བྱེད་རྒྱུའི་ཚབ་ལ་རྗེས་སུ་ཡི་རངས་བྱས་ཤིང༌། ཞེས་བཙན་བྱོལ་གཞུང་ལ་ཀླན་འདེབས་སྐྱོན་འཛུགས་འདི་ལྟར་བྱས་འདུག་པ་དང་།
ཤུགས་ལྡན་འདི་བར་ལམ་ཞིག་ནས་སྲུང་མ་དམར་ནག་གཉིས་དང་ཨབ་སྲས་འཁྱམས་པའི་(ཤུགས་ལྡན་གྱི་མིང་གཞན)བར་དགེ་ལུགས་ཚང་གི་དཀོར་བདག་རྩོད་ཀྱི་ཡོད་པའི་བཟོ་འདྲ་བོ་ཞེས་དོན་གནད་ཀྱི་ངོ་བོ་ཁ་བསྒྱུར་དང་། དོལ་རྒྱལ་བྱུང་སྟངས་ནི། མ་གཞི་ཤུགས་ལྡན་རྩོད་རྙོག་གི་མགོ་ཤུགས་ལྡན་མ་འཁྲུངས་པའི་ཡར་སྔོན་ནས་བསླངས་ཤིང༌། ཐོག་མར་འབྲས་སྤུངས་དགོན་པའི་ནང་གི་མི་དང་མིའི་བར་གྱི་འགལ་བ་ཞིག་སྟེ། གཟིམ་ཁང་གོང་གི་སྐུ་སྐྱེས་གྲགས་པ་རྒྱལ་མཚན་གཟིམ་ཁང་འོག་མས་དར་བརྫོང་བརྒྱབ་ནས་བསད་པའི་རྣམ་ཤེས་དྲེགས་པར་བཞེངས་བར་བཤད་ཅེས་དང་།
དེ་བཞིན། ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་ཅེས་དང་། གནས་ཆུང་དང་། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤེས། ྋགོང་ས་མཆོག་གིས་ཁོང་གཉིས་དཔང་བོར་བཞག་ནས་ཟན་བསྒྲིལ་བ་སོགས་གནང་ན་འདུམ་ཐབས་འདི་མགོ་ནས་འཁྱོག་སོང་ཙང༌། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོག ཨ་ཕོ་ལུག་རྫིའི་འདུམ་དཔང་དེའི་གྲས་ཁྱོན་ནས་ཁེས་ལེན་གྱི་མ་རེད། དེ་བས་མང་ཚོགས་ཁྲོད་ྋགོང་ས་མཆོག་སྐུ་སྒེར་གྱིས་ལྷ་སྤང་བླང་བྱས་པའི་ཀུན་སློང་ལ་དོགས་འདྲི་བྱེད་མཁན་མེད་མོད། ཁོང་གིས་སྤང་བླང་གནང་བས་ཐབས་ཀྱི་ཆ་ལ་ཕྱི་ནང་མི་རིགས་ནང་བསམ་ཚུལ་ཡོད་པ་དངོས་གནས་རེད་ཅེས་ ༸གོང་ས་མཆོག་གིས་དོལ་རྒྱལ་སྤང་བླང་གནང་ཕྱོགས་ལ་ལོག་འགྲེལ་དང་། ཐུགས་བརྟག་མཛད་ཕྱོགས་ལ་འཁྱོག་བཤད་དང་བཅས་དོགས་སློང་བྱས་ཡོད་པ་དང་།
འོ་ན་གནད་དོན་འདི་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ཞིག་ལ་ཇི་ལྟར་གྱུར་བ་ཟེར་ན། ྋགོང་ས་མཆོག་གིས་ཤུགས་ལྡན་བསྟེན་ན་ངོས་སར་ཆོས་ཞུ་མི་ཆོག་ལ། ངོས་ཀྱི་སར་ཆོས་ཞུས་ན་ཤུགས་ལྡན་བསྟེན་མི་ཆོག་ཅེས་བཀའ་ཕེབས་པ་དེས་རྩོད་རྙོག་འདི་དགོན་པའི་ཆོས་ར་ནས་ཁྱིམ་པའི་སྒོ་ཁར་ལྷུང༌ཞེས་དང་། གཞུང་ངོས་ནས་རང་གི་མི་སེར་ནང་ལྷ་གང་དང་གང་བསྟཻན་མཁན་ལ་ངོ་སོ་བྱེད་པ། ལྷ་གང་དང་གང་བསྟེན་མཁན་ལ་མངོན་ལྐོག་གང་རུང་ནས་མཐོང་ཆུང་བྱས། དེར་བརྟེན་གནད་དོན་འདི་རིམ་བཞིན་གཞུང་དང་མང་ཚོགས་བར་གྱི་འགའ་ཟླར་ཡང་སྒྱུར་ཞེས་དོལ་རྒྱལ་འདི་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ཞིག་ཏུ་ཐག་བཅད། དཀའ་ངལ་དེ་བཟོ་མཁན་༸གོང་ས་མཆོག་ཡིོན་ལུགས་བསྒྲུབས་ཡོད་པ་དང་། དོལ་རྒྱལ་གྱི་རྐྱེན་ལས་གཞུང་དང་མང་ཚོགས་དབར་འགལ་ཟླ་ཡོད་རབས་དང་དེ་བཟོ་མཁན་གཞུང་ཡིན་པ་ཟད་། རྒྱུ་མཚན་མཐོང་ཆུང་བྱས་རྐྱེན་བཞག་ཡོད།
མཇུག་ཏུ་ད་དུང་། མ་མཐར་ཡང་བཙན་བྱོལ་གཞུང་གིས་ལ་ཕར་རྒྱབ་ཀྱི་རྒྱལ་གཅེས་ཆོས་གཅེར་ལད་མོ་བྱས་ཏེ། མིའི་རིགས་ཀྱི་དཔལ་ཡོན་ཕྱིར་གཞོལ་བྱེད་པའི་ལས་འགུལ་དེ་འདྲ་མི་སྤེལ་རྒྱུ་དང༌། སྔོན་དེ་ལྟར་འགྱེས་པར་འགྱོད་བཤགས་བྱེད་རྒྱུ་ཙམ་ཞིག་ད་ཆ་འཇོན་དགོས་ཚད་རེད་ལ་ཞེས་སྐུལ་མ་ཡིན་ཁུལ་གྱིས། འགྱོད་བཤགས་བྱེད་དགོས་ཚུལ་ཁ་ཕོ་བསྒྲགས་ཡོད།
རྩུབ་པོ་རྩུབ་པོ་ཐུབ་པ་མིན།།འཇམ་པོས་རྩུབ་པོ་ཐུབ་པ་ཡིན་ཞེས་པ་ལྟར་ཕྱོགས་གཅིག་གིས་དཔུང་ཁག་སྒྲིག་གིན་ཡོད་ཚོད་དང་།ཕྱོགས་གཅིག་ལ་དཔུང་ཁག་ཡོད་ཚུལ་སོགས་མདོ་སྨད་ནང་ཁུལ་དུ་ཕྱོགས་ཆད་དང་འཛིངས་རེས་ཀྱི་སྐད་ཆ་དག་སུས་བཤད་ཀྱང་ཚད་ལྡན་མ་རེད།
རྩོད་པའི་རྩ་བ་ངོས་ཟིན་པའི་ཐོག་ནས་ཕན་ཚུན་ལ་གསེལ་བཀྲོལ་བྱེད་དགོས་པ་དེ་རེད།
གྲོགས་པོ་རྟ་ནག་པ་ལགས།ཚོར་བ་དང་རྩོམ་ཡིག་གཉིས་མཉམ་བསྲེས་བྱས་ན་ཚོར་བའི་མཇུག་འབྲས་ཙམ་ལས་མེད།
དེ་ལས་ཕན་ཚུན་ལ་བློ་སྒོ་འབྱེད་པའི་བློ་འདོན་བྱས་དང་།ཕན་ཚུན་ཚང་མ་སྤྱི་ཚོགས་ཀྱི་སྡིངས་ཆར་འཁོད་པའི་མི་རྐྱང་རྐྱང་རེད།
འདི་ཙམ་ལ་བསམ་བློ་གཏོང་མ་ཐུབ་པ་ག་ལ་ཡོད།
བོད་དང་རྒྱ་ཡི་འཐབ་རྩོད་ལ་བལྟས་ན་ནང་ཁུལ་གྱི་རྙོག་འཛིངས་འདི་ཚོ་ཕ་མ་དང་བུ་ཕྲུག་བར་གྱི་རྩེད་མཚར་ཙམ་རེད།
རྡ་ས་ས་གནས་རྒྱུན་ལས་ཚོ་ལའང་ཚོགས་གཏམ་གཏོང་མི་ཉན།ཁོང་ཚོས་ས་གནས་མི་མང་དང་ས་གནས་རྒྱུན་ལས་ཁང་གི་ཆེད་དུ་དཀའ་ལས་ཞེ་དྲག་གནང་གིན་འདུག
བྱེད་སྟངས་མ་འགྲིག་པ་ཡོད་ན་གསལ་འདོན་བྱོས།
གྲོགས་པོ་ལགས་།བདེ་མོ་བྱོས།
སྤྱིར་བཏང་ང་ལ་འདིའི་ཐོག་སྐད་ཆ་བཤད་འདོད་གཏན་ནས་མེད། འོན་ཀྱང་མཚམས་རེར་སྐད་ཆ་ཞིག་མི་བཤད་རང་བཤད་ཆགས་འགྲོ་ཡི་འདུག ང་ཚོའི་སྤྱི་ཚོགས་ནང་གི་ན་གཞོན་ཚོར་འདི་འདྲའི་བསམ་བློ་གཏོང་སྟངས་ཤིག་འདུག གུས་ཞབས་མི་བྱེད་པ་དང་། རང་ལྟ་མཆོག་འཛིན་བྱེད་པ། གོང་འོག་བར་གསུམ་སྐྱོན་བརྗོད་ཁོ་ན་བྱེད་པ་སོགས་ཚད་མཐོ་བའི་སྨྲ་བརྗོད་རང་དབང་ཞིག་ཏུ་འདོད་ཀྱིན་འདུག ངས་བལྟས་ན་དམངས་གཙོའི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་སྨྲ་བརྗོད་རང་དབང་དང་འགྲོ་བའི་ཐོབ་ཐང་ནང་གི་སྨྲ་བརྗོད་རང་དབང་ཞེས་པ་དེ་གོ་བ་འདི་འདྲ་ཞིག་ལ་བླངས་ཚེ་འགྲིག་གི་ཨེ་ཡོད་ན། འཇིག་རྟེན་ན་མཚམས་ཚིགས་མེད་པའི་སྨྲ་བརྗོད་རང་དབང་ཞིག་ཡོད་པ་མ་རེད་སྙམ། གལ་སྲིད་དེ་འདྲའི་སྨྲ་བརྗོད་རང་དབང་ཞིག་ཡོད་ན་སྨྲ་བརྗོད་རང་དབང་དེས་མྱི་གསད་ཀྱི་རེད། ངས་ཀྱང་ཀླུ་མཁར་བྱམས་ངོ་ཤེས་ཀྱིན་ཡོད། མ་ཟད་ངས་ནམ་ཡང་བློ་སྤོབས་ཀྱིས་ཁེངས་པའི་ཁོང་གི་རྒྱལ་ཞེན་ལ་གུས་བརྩི་བྱེད་ཀྱིན་ཡོད། ཡིན་ཡང་ཁོང་གི་སྐད་ཆ་ཤོད་སྐབས་ཀྱི་རྣམ་འགྱུར་དེ་མིའི་མཐོང་སྣང་ལ་བདེ་བོ་ཞེ་དྲག་མི་འདུག ཆ་བཞག་ན། བླ་རྒན་ཞེས་པ་འདིའི་རང་ངོས་ནས་དོན་དག་ངན་པ་ཅི་ཡང་སྟོན་རྒྱུ་མེད་ནའང་མཚམས་རེར་ཀུན་སློང་གི་སྒོ་ནས་དོན་དག་ངན་པར་གོ་འགྲོ་བ་བརྡ་སྤྲོད་ལ་བསླབ་མྱོང་མཁན་ཞིག་གིས་ལོས་ཤེས། ཆ་བཞག་ན། གསར་འབྱོར་ཞེས་པའི་ཐ་སྙད་འདིའི་རང་སྟེང་ན་རང་གི་སྡོད་གནས་ནས་ས་ཆ་གཞན་པ་ཞིག་ལ་གསར་དུ་སླེབས་པ་ཚོར་གོ་བ་མ་གཏོགས་དེའི་ཕ་རོལ་ན་གོ་དོན་གཞན་ཅང་མེད་ནའང་ད་སྐབས་སྐད་ཆ་འདིས་མཚམས་རེར་འགྲོ་སྟངས་འདོད་སྟངས་མི་ཤེས་མཁན་གྱི་ལྐུགས་པ་ཞིག་ཏུ་རང་བཞིན་གྱིས་གོ་འགྲོ་ཡི་ཡོད་པ་རེད། གཞིས་ཆགས་ཚོས་གསར་འབྱོར་ཞེས་བཤད་ཚེ་གསར་འབྱོར་ཚོས་སེམས་ལ་གཞིས་ཆགས་ཚོས་རང་ཉིད་ལ་མཐོང་ཆུང་བྱས་བྱུང་སྙམ་པའི་བསམ་བློ་ཞིག་རང་བཞིན་གྱིས་སྐྱེས་ཡོང་གི་རེད། དེ་ག་ནང་བཞིན་བླ་རྒན་ཞེས་པའི་ཐ་སྙད་འདིའི་རང་ངོས་ནས་དོན་དག་ངན་པ་ཞིག་མི་སྟོན་ནའང་ཐ་སྙད་འདི་བཀོལ་སྟངས་ལ་བརྟེན་ནས་མཚམས་རེར་མི་ཚོས་ཀླད་རྙིང་མཁྲེགས་འཛིན་བྱེད་པ་དང་ཨུ་ཚུགས་ཆེ་བ། ལྐུགས་རྟགས་བསྟན་པ་སོགས་སུ་གོ་འགྲོ་ཡི་ཡོད། དེར་བརྟེན་ངས་བསམ་ན་ང་ཚོས་ཧ་མ་གོ་གོང་ཧེབ་ལངས་ན་དེ་ཙམ་ཡག་པོ་མི་འདུག་སྙམ། སྤྱིར་བཏང་ཀླུ་མཁར་བྱམས་ཀྱི་ཁ་རུ་ཁ་ཐུག་གི་བཤད་སྟངས་དེར་ང་བློ་ཧ་ཅང་འབབ་ཀྱིན་འདུག འོན་ཀྱང་ཁོས་ྋགོང་ས་མཆོག་ལ་བླ་རྒན་ཞེས་པའི་ཚིག་བེད་སྤྱོད་བཏང་བ་དེར་ང་ལ་མོས་མཐུན་མི་འདུག རྒྱུ་མཚན་ནི་མི་སུས་ཀྱང་ྋགོང་ས་མཆོག་ལ་གུས་ཞབས་མེད་པ་དང་རྣམ་འགྱུར་མི་ལེགས་པ་ཞིག་བསྟན་ཚེ་ངའི་སྙིང་ལ་གྲི་གཙགས་པ་ལྟར་བཟོད་ཐབས་མི་འདུག ད་ལྟ་མི་མང་པོ་ཞིག་གིས་ཀླུ་མཁར་བྱམས་ཀྱིས་ྋགོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དེ་ཚོ་འགྲིག་པ་ཞིག་ཏུ་ལྟ་བཞིན་འདུག་པའི་རྒྱུ་མཚན་ནི་ཀླུ་མཁར་བྱམས་ལ་སྨྲ་བརྗོད་རང་དབང་ཡོད་རབས་བཤད་ཀྱི་འདུག དེར་བརྟེན་མི་གཞན་གྱིས་ཀླུ་མཁར་ལ་བྱམས་ལ་སྐྱོན་བརྗོད་བྱས་ཚེ་དེ་མི་འགྲིག་པ་ཞིག་རེད་ཟེར། འོ་ན་སྨྲ་བརྗོད་རང་དབང་ཞེས་པ་ཀླུ་མཁར་བྱམས་ལ་མ་གཏོགས་གཞན་ལ་མ་དབང་བ་ཨེ་རེད། ཀླུ་མཁར་བྱམས་ཀྱིས་ྋགོང་ས་མཆོག་ལ་སྐྱོད་བརྗོད་དང་དམའ་འབེབ་བྱས་པ་འགྲིག་ན་མི་གཞན་གྱིས་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་བྱས་པ་ཅིའི་ཕྱིར་མ་འགྲིག་པ་རེད། ཁྱོད་ཀྱིས་
སོ་ཁི་རེ་ཁྲིས་སི། ཨེ་ཀྲ་ལེས་པི་རི་ནོ། ཨང་ཧྲན་སོའུ་ཅེ། ལུག་ཞོ་པོ་སོགས་དྲུད་ནས་ཀླུ་མཁར་བྱམས་ཀྱི་འཁྲིས་སུ་སླེབས་པ་ནི། བསྟོད་མ་ཤེས་པས་བསྟོད་པ་ལས་སྨད་མི་ཤེས་པས་སྨད་ན་དགའ་ཞེས་པ་དེར་ཆགས་འགྲོ་ཡི་འདུག་སྙམ།
མ་གཞི་སོ་ཁ་ར་ཐྲིས་སྨྲ་བརྗོད་རང་དབང་ཆེད་དུ་འཆི་བ་དང་ལེན་བྱས་པ་ཞིག་གཏན་ནས་ཡིན་པ་མ་རེད། ཁོང་འཆི་དགོས་དོན་སྨྲ་བརྗོད་རང་དབང་དང་གཏན་ནས་འབྲེལ་བ་ཡོད་པ་མ་རེད།
ཨ་ཁུ་རྨོག་རུ་བསྟན་པ། ཡར་ཡང་མིན། མར་ཡང་མིན་པའི་ཁྱེད་ཅག་གི་གཤིས་ཀ་དེ་ལ་དངོས་གནས་སུན་གི། མི་དགའ་ན་ཡང་ཐབས་ཤེས་མེད།
དྲན་ཕོད་པ། བཤད་ཕོད་པ། སྒྲུབ་ཕོད་པ་རང་རེད་འདུག ང་ཚོའི་སྤྱི་ཚོགས་ནང་དུ་མི་བུ་ཁྱེད་འདྲ་བ་ཉུང་མེད་ན་མང་རྩ་བ་ནས་མེད།
དོན་མེད་རྙོག་དྲ་བཤད་ཀི་མ་འདུག སུན་ཀི
ཀེ་ཏ་ཀ་ལགས།
ཉིད་ནས། ༼ད་དུང Etiquetteཕྱི་འབྲེལ་ལ་བཀོལ་བཞིན་པའི་ཐ་སྙད་ཅིག་སྟེ། ༼ཆེས་མཐོང༽ཟེར་ན་མ་ཆོག་པ་མེད་ཅིང་། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་བཀོལ་དགོས་པ་ཞིག་རེད་མ་གཏོགས་དཔོན་པོ་དང་འབངས་མིའི་བར་བཀོལ་བཞིན་པ་ཞིག་མ་རེད། ༽་ཅེས་ལོག་འགྲེལ་གནང་འདུག
ཁྱོད་ཀྱི་གོང་གི་དབྱིན་ཇིའི་ཐ་སྙད་དེའི་གོ་དོན་ཁྱོན་ནས་རྟོགས་ཐུབ་མི་འདུག
ད་ང་ལ་ཐ་སྙད་དེར་འགྲེལ་བཤད་བྱེད་པའི་སེམས་ཤུགས་མི་འདུག་ལ། འདི་མུར་མཆན་རྒྱག་པའི་ངལ་བའང་བསྟེན་ཀི་མིན། རྩོམ་ཡིག་གཞན་པ་ཀློག་གི་འགྲོ་གི་ཡིན།
འབུམ་དྲུག་ཚེ་རིང་གིས་གདོན་འདྲེའི་ཁ་ནང་ལ་བླུག་ཐེངས་གཅིག་ལ་ཁྲག་དམར་འཛར་རེར་བྲོས་དགོས་པ་བཟོས་སོང་། གདོན་འདྲེ་ཡ་རབས་དམ་པའི་སྤྱོད་ཚུལ་མི་ཤེས་མཁན་ཞིག་གིས་Etiquetteཚིག་འདི་བོད་འགྲེལ་རྣལ་མ་ཞིག་བྱས་ཀྱང་ཚང་མ་གད་མོ་ཤོར་རྒྱུ་ལས་མེད།
ཨ་མདོའི་རྒད་པོ་རྣམས་ལ་དྲི་བ་གཉིས། ཀླུ་མཁར་བྱམས་ཀྱི་སྨྲ་བརྗོད་དེ་ཚོགས་པའི་ལངས་ཕྱོགས་ཡིན་ནམ་མིན། ཚོགས་པའི་རྩ་ཁྲིམས་དང་འགལ་བ་བྱེད་མཁན་ཞིག་ཡིན་ན་ཚོགས་པའི་ཚབ་བྱེད་ཆོག་གམ་མི་ཆོག་གཉིས་འདྲི་བར་བྱའོ། །
རྒྱལ་པ་རིན་པོ་ཚང་ལ་ཚིག་ངན་བཤད་གོ་འདི་། ངའི་བལྟས་ན ། མི་དེའི་རིགས་ཀྱིས་ལམ་གཉིས་འཚོལ་གྱི་མེད་དམ་བསམ་གི རབ་ཡིན་ན་རྒྱ་གར་ནས་ཤེས་ཡོན་མེད་པའི་བོད་པ་འདི་ཚོ་ལ་ཁ་བརྒྱག་པ་བཤད་ནས་ལྟོ་གོས་འཚོལ་ཐབས་ཞིག་དང་། དེ་མ་བྱུང་ན་བོདལ་ལོག་ན་རྒྱ་མིས་བདག་མ་བརྒྱབ་རུང་སྡུག་གཏོང་གི་མ་རེད་བསམམ་པ། དེ་འདྲ་ཅིག་མིན་ན། ང་ཚོ་དང་པོ་བོད་ནས་ཡོང་དུས་ལྷ་གཅིག་ལ་གསོལ་པ་གཏབ། ལམ་གཅིག་ལ་རྡོག་པའི་མནན། o.k ཡ་ད་། ང་ཚོའི་མི་རིགས་འདིས་བདེན་དབང་ཆེད་དུ་རང་ཉིད་ནས་ཅང་ཤེས་མ་ཤེ་རུང་ཁབ་མིག་ཡར་བལྟ་བྱས་ན་དགའ་ཀི
ལ་ལ ་ ། རྒྱལ་པ་རིན་པོ་ཆེ་ཚང་ལ་འདྲ་མི་འདྲ་བཤད་ཐུབ་ན སོ་སོའི་ལྟོ་གོས ། ཁོང་ཚང་ལ་བརྟེན་མི་དགོ་ཙམ་བྱེད་འུ་ཐུབ་བལྟས་ར།
མི་ཉན་པ་ལ་ཁ་བརྡ་བྱས་པ་ལས།།
ལྐོ་པ་སྐམ་པོ་ལག་པས་རྙེད་པ་དགའ།།
ཟེར་པ་ལྟར། ཀླུ་མཁར་བྱམས་དང་། རྟ་ནག་སྐལ་བཟང་ལུང་རིགས། འདྲེ་རིག་ལྡན་བཅས་ཀྱིས་གཤིས་ཀ་འགྱུར་འདོད་མེད་པས། དྲ་གྲོགས་རྣམ་པས་ངལ་བ་བརྟེན་པའི་དགོས་པ་མེད།
དྲང་བདེན་གྱི་མིག་དབང་ཅན་གྱི་མི་བུ་ཞིག་གནམ་འོག་འདི་ན་མེད་སོང་ནི་འུ་རེད། དངོས་གནས། བོད་ལ་དྲིན་ཅན་བྱས་ཀྱང་དྲིན་མི་གོ། ཟེར་བ་ཅིས་མི་བདེན། བླ་རྒན་ཟེར་བའི་ཚིག་འདི་ཙམ་ལ་བོད་རྒྱ་ཚིག་མཛོད་བསྔོགས་ཏེ་གཞན་ལ་བསླབ་བྱ་གནང་མཁན་སྟེ་རིག་གཞུང་འབའ་ཞིག་ལ་འཁྲི་བའི་རྩོམ་མཁན་ཡིན་པར་རློམ་པའི་མི་འདི་དག་གིས་གཡག་ཞར་རྩྭ་ཟ་སྟངས་ལས་ཅི་ཡང་མི་ཤེས། སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་ཟོས།
༡ ཏཱ་ལའི་བླ་མ་དང་། ཕོ་བྲང་པོ་ཏ་ལ། ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རེད་ཟེར་ནས་ཀླུ་བྱམས་ཀྱིས་ས་བསྒྲགས་གནམ་བསྒྲགས་བྱེད། རེད་ཡ། ཀླུ་མཁར་བྱམས་དང་། རྟ་ནག་སྐལ་བཟང་ལུང་རིགས་སོགས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་སྐྱོ་མི་དགོས་པའི་རླབས་ཆེན་གྱི་བྱས་རྗེས་ཅི་ཞིག་བཞག་ཡོད། རྒྱལ་བའི་བཀའ་དྲིན་ལ་ས་མཐའ་འདི་ནས་གྲོད་ཁོག་བརྒྱག་སོང་ན། ད་གཟོད་བཀའ་དྲིན་རྗེས་དྲན་ཞིག་ཡིད་ལ་དྲན་རྒྱུ་ཕར་ཟད་དྲིན་ལན་ལོག་འཇལ་བྱས་ཏེ་ཏཱ་ལས་བླ་མ་ནི་ལོ་རྒྱུས་ཀྱི་སྐྱོ་གར་རེད་ཟེར། ཏཱ་ལས་བླ་མའི་སྐྱོ་དགོས་པའི་ཟློས་གར་འཁྲབ་པ་དང་། ཁྱེད་ཅག་གིས་དགའ་འོས་པའི་བྱས་རྗེས་བཞག་པ་དག་གཤིབ་བསྡུར་བྱས་ཏེ་སྟོན་རྒྱུ་ཨེ་ཡོད། མེད་ན་སྡོམ་ཚིག་གཅིག་གིས་༧གོང་ས་མཆོག་གི་མཛད་འཕྲིན་མཐའ་དག་ནག་བསུབ་བཏང་སྟེ་སྐུར་འདེབས་བྱེད་པ་སྨྲ་བརྗོད་ཀྱི་རང་དབང་ཨེ་རེད།
༢ ཏཱ་ལའི་བླ་མ་ནི་སང་ཉིན་གྱི་རེ་བ་བརྒྱག་སོ་མིན་ཟེར་ན། སང་ཉིན་གྱི་བོད་མི་རིགས་ཀྱི་རེ་བ་བརྒྱག་ས་ནི་ཀླུ་མཁར་བྱམས་དང་རྟ་ནག་སྐལ་བཟང་ལྟ་བུའི་སྐབས་འཚོལ་རིང་ལུགས་པ་སྙིང་ཁམས་ཅན་འདི་ཚོ་ཨེ་རེད། བོད་གཞིས་བྱེས་གཞིས་སུ་༧གོང་ས་མཆོག་ལ་རེ་སྒུག་གི་བློ་སྙིང་བྲང་གསུམ་བཏད་ཡོད་པ་ལས་རང་རློམ་ཆེ་ཞིང་ངོ་ཚ་ཁྲེལ་གཞུང་མེད་པའི་མི་ངན་འདི་དག་གི་གཡོ་ཟོལ་ལ་རེ་བ་བརྒྱག་མཁན་སུ་ཞིག་ཡོད།
༣ བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་རེ་རེ་བཞིན་བཟོ་བཅོས་བརྒྱབ་ན་མ་གཏོགས། བླ་རྒན་ལ་བགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་ཟེར་བའི་བསྟན་དོན་ཅི་ཞིག་རེད། བླ་རྒན་ཟེར་བ་མཐོང་ཆུང་གི་ཚིག་མིན་ཚུལ་བོད་རྒྱ་ཚིག་མཛོད་ལས་བཙལ་ཏེ་ངལ་བ་བསྟེན་དགོས་དོན་མི་འདུག རྟ་ནག་གིས་རང་ཉིད་སྙན་ངག་པར་རློམ་བཞིན་ཡོད་ན་ཚིག་འདི་ཙམ་གྱིས་བསྟན་བྱ་ཡང་མི་རྟོགས་པར་ཕྱོགས་ཞེན་རིང་ལུགས་པའི་ལྟ་ཚུལ་བཟུང་སྟེ་ཁྱེད་ཚོ་༧གོང་ས་མཆོག་ལ་འདི་ལྟར་སྡང་དགོས་དོན་ཅི་ཡིན་ནམ། འདི་བླ་རྒན་ཟེར་བའི་ཚིག་འདི་གཅིག་བུའི་བརྗོད་སྟངས་མ་རེད། བླ་རྒན་ཟེར་བའི་ཚིག་འདིའི་སྔ་གཞུག་ཀུན་ན་༧གོང་ས་མཆོག་ནི་འདས་པའི་སྐྱོ་གར་དང་མ་འོངས་པའི་རེ་བ་བརྒྱག་ས་མིན་ཞེས་བགྲེས་ཡོལ་དུ་ཕེབས་ཁར་འདས་ཟིན་པའི་སྐུ་ངལ་བསྐྱོན་པ་ཁག་ནག་བསུབ་བཏང་སྟེ་བཀྲིན་ལོག་འཇལ་དང་རང་ཉིད་ལ་དམིགས་བྱ་མེད་པར་༧གོང་ས་མཆོག་ནི་འབྱུང་འགྱུར་རེ་བ་བརྒྱག་ས་མིན་ཞེས་༧གོང་ས་མཆོག་དང་བོད་མི་དམངས་ཀྱི་དམ་ཚིག་དབར་འགལ་བ་སྒྲུབ་པ་དང་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་རྡོག་རོལ་གཏོང་བ་སོགས་ནི་དམངས་གཙོའི་ཐོབ་ཐང་དང་སྨྲ་བརྗོད་ཀྱི་རང་དབང་རེད་བསམ་གྱིན་ཡོད་དམ།
རྡ་ས་མདོ་སྨད་ས་རྒྱུན་གྱིས་ཁྱེད་ཚོས་བྱས་ཉེས་ཙམ་གླེང་མི་ཆོག་པར་ཁྱེད་ཅག་གིས་༧གོང་ས་མཆོག་ལ་དམའ་འབེབས་གཏོང་ཆོག་པའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་འདི་གང་ནས་བྱུང་བ་རེད།
ང་ཚོ་དྲང་བདེན་སྨྲ་བའི་བློ་སྤོབས་ཀྱིས་ཕུང་མི་ཉན།
དམིགས་བུ་ལགས།
༡ སྐྱོ་གར་མིན་ན་དེ་རིང་གི་ཆག་འཇིག་འདི་གང་ནས་བྱུང་བ་རེད།
༢ གོང་ས་མཆོག་བགྲེས་ཡོལ་དེ་དགོས་དབང་རེད་ལ་ཁོང་མེད་ན་སྐུ་ངོ་ཚོས་ལག་པ་འཕྱིད་ས་ཡོད་དམ། དེ་བས། སྐུ་དབང་ལ་འགྱུར་བ་གཏོང་ཁག་པོ་ཆགས་ཡོད་པ་མ་ཡིན་ནམ།