བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྐོར་དཔྱད་གླེང་རླུང་འཕྲིན་སྙན་སྒྲོན་ལེ་ཚན།
ཆུ་སྐྱེས་སྒྲོལ་མ།
༼རྩོམ་ཡིག་འདི་ནི། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཚན་པས་བོད་ཀྱི་རྩོམ་རིག་སྐོར་སྙན་སྒྲོན་གྱི་གོ་སྐབས་གནང་བའི་སྐོར་དེ་ཡིན། འདིར་སྙན་སྒྲོན་ཡི་གེའི་མ་ཕྱི་དང༌། སྙན་སྒྲོན་དངོས་གཞི་རྒྱང་བསྲིང་གི་སྒྲ་ཡང་ལྷན་དུ་བཀོད་ཡོད།༽
ལེ་ཚན་དང་པོ།
རྒྱ་ཆེའི་གསན་མཁན་རྣམ་པ་ཚོ་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཕྱིར་མིག་བལྟ་བ་ཞེས་པའི་དངོས་ཡོད་གནས་སྟངས་དང༌། འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་ཟུང་འབྲེལ་གྱི་ལམ་ནས། མི་ལོ་ལྔ་བཅུ་ཐམ་པའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྐོར་དཔྱད་གླེང་གི་ལེ་ཚན་དེ་རིང་ནས་དབུ་འཛུགས་ཞུ་གི་ཡོད། དེ་རིང་གི་ལེ་ཚན་འདིའི་ནང༌། ཕྱི་ལོ་ ༡༩༥༩ ཡར་སྔོན་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གནས་སྟངས་དེ་གང་འདྲ་ཞིག་ཡོད་པ་དང༌། དེར་ངོས་འཛིན་བྱེད་སྟངས་སྐོར་སོགས་རིམ་པས་སྙན་སྒྲོན་ཞུ་ཡི་ཡིན།
ད་ལྟའི་དུས་ཚོད་འདིར། བོད་ཀྱི་གནད་དོན་སྐོར་གླེང་མཁན་དང༌། དེར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཚོར་མཚོན་ན། འདས་མ་ཐག་པའི་མི་ལོ་ལྔ་བཅུའི་རིང་གི་བོད་འདི་གླེང་བཞིན་པའི་དུས་སྐབས་ཤིག་ཡིན་པ་མ་ཟད། བོད་གཞུང་མང་གཉིས་ནས་འདས་པའི་མི་ལོ་ལྔ་བཅུ་ཐམ་པ་ནི། རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དྲག་པོས་བཙན་འཛུལ་དང༌། དམར་པོའི་ལྟ་བས་དབང་བསྒྱུར་དང་གཉའ་གནོན་བྱས་པའི་ལོ་ལྔ་བཅུ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།
ཡིན་ནའང༌། རྒྱ་ནག་གཞུང་གིས་ལོ་ལྔ་བཅུ་འདི་ནི། ཞི་བས་བཅིངས་འགྲོལ་དང་བདེ་སྐྱིད་ཀྱི་ལོ་ལྔ་བཅུ་ཡིན་པའི་འགྲེལ་བཤད་རྒྱག་གི་ཡོད་པ་རེད། དེར་བརྟེན། མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གནས་སྟངས་སྐོར་ཕྱོགས་བསྡོམས་དང༌། དཔྱད་གླེང་གི་ལེ་ཚན་འདི་སྤེལ་གྱི་ཡོད།
དེ་ཡང༌། རྩོམ་རིག་དང་སྒྱུ་རྩལ་ཅེས་པའི་ཐ་སྙད་ཀྱི་གོ་དོན་དང་ཁྱབ་ཁོངས་སྐོར་རོབ་ཙམ་ནི།
བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྨང་གཞིའི་ཆ་ནས་ཞུས་པ་ཡིན་ན། དེ་ནི་བོད་པ་རང་གི་སེམས་ཁམས་དང༌། ཁོར་ཡུག་གི་གནས་སྟངས་བརྗོད་གཞིར་བཟུང་བའི་སྟེང༌། ནང་པ་སངས་རྒྱས་པ་དང༌། བོན་གྱི་ཆོས་ལུགས་རིག་གནས་སོགས་ཀྱང་འདུས་ཡོད་སྟབས། བོད་ཀྱི་རིག་གཞུང་གི་ནང་ནས་མང་ཚོགས་ཀྱི་འཚོ་གནས་དང་ཁོར་ཡུག་གཉིས་ཀར། འབྲེལ་ཐག་ཉེ་ཤོས་ཀྱི་རིག་གནས་ཤིག་ཆགས་ཡོད།
རྩོམ་རིག་རིག་གནས་ཀྱི་ཁྱབ་ཁོངས་དེའི་ནང༌། ཆོས་ལུགས་དང༌། ཆབ་སྲིད། རྒྱལ་རབས། ལོ་རྒྱུས་སོགས་མང་པོ་ཞིག་འདུས་ཡོད། དེ་བཞིན་དུ་སྒྱུ་རྩལ་རིག་གནས་ལ་མཚོན་ནའང༌། ཉན་པའི་རིག་གནས་དང༌། བལྟ་བའི་རིག་གནས་སོགས་མང་པོ་ཞིག་འདུས་ཡོད་པ་རེད། དེ་ནི་བོད་མི་རིགས་ཀྱིས་མི་རབས་མང་པོའི་རིང་གི་བསམ་བློ་དང་ཉམས་མྱོང་ཕྱོགས་བསྡོམས་ཀྱི་ཆ་དང༌། ལག་ལེན་དངོས་ཀྱིས་བསྐྲུན་པའི་རིན་ཐང་བྲལ་བའི་བང་མཛོད་ཅིག་ཆགས་ཡོད།
དེ་བཞིན་དུ། བོད་ཀྱི་རྩོམ་རིག་ལོ་རྒྱུས་གླེང་མཁན་ཚོས། ཕྱི་ལོའི་དུས་རབས་བདུན་པ་ནས་བཅུ་གསུམ་པའི་བར་ལ་གནའ་རྩོམ་གྱི་དུས་རབས་དང༌། དུས་རབས་བཅུ་གསུམ་པ་ནས་ཕྱི་ལོ་ ༡༩༥༩ ལོའི་བར་ལ་ཉེ་རབས་ཀྱི་རྩོམ་རིག ཕྱི་ལོ་ ༡༩༥༩ ལོ་ནས་ད་ལྟའི་བར་ལ་དེང་རབས་ཀྱི་རྩོམ་རིག་ཅེས་དུས་ཚོད་ཀྱི་རིམ་པ་གསུམ་ལ་དབྱེ་བ་ཕྱེ་ཡི་ཡོད་པ་རེད། གནའ་རབས་དང་ཉེ་རབས་ཀྱི་དུས་ཚོད་དེ་གཉིས་ནི་འཕེལ་རྒྱས་ཀྱི་དུས་རིམ་ཞིག་ལ་ཆ་འཇོག་གནང་གི་ཡོད་པ་རེད། དུས་སྐབས་དེ་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་གི་དུས་སྐབས་བཟང་ཤོས་ཤིག་ཡིན། དུས་སྐབས་དེར་མཚོན་ན། བོད་ཀྱི་རྩོམ་རིག་གི་ཁོར་ཡུག་དེ་ཆབ་སྲིད་ཀྱི་དགོས་མཁོ་བྱེ་བྲག་པ་གང་ཞིག་གི་འོག་ཏུའང་གནས་དགོས་པ་བྱུང་མྱོང་མེད་པ་མ་ཟད། རྩོམ་རིག་གི་ཁོར་ཡུག་དེར་རང་དབང་ཆ་ཚང་ཡོད་པ་ཞིག་ཆགས་ཡོད།
ད་ལྟ་ང་ཚོས་བོད་ཀྱི་རྩོམ་རིག་ཅེས་རིན་ཐང་ཆེན་པོ་ཞིག་བརྩི་ཡོད་པ་འདི་ཡང༌། དུས་སྐབས་དེ་གཉིས་ཀྱི་གྲུབ་འབྲས་ཤིག་ཆགས་ཡོད་རུང༌། འདས་མ་ཐག་པའི་མི་ལོ་ལྔ་བཅུའི་རིང་ལ། རྒྱ་ནག་གཞུང་གིས་མུན་ནག་གི་བོད་དང༌། ཀླ་ཀློའི་བོད། རྗེས་ལུས་ཀྱི་བོད། ཆེད་རྨོངས་དད་ཀྱི་བོད་ཅེས་བཤད་ཀྱི་ཡོད་པ་མ་ཟད། ད་དུང་ཡང་བརྗོད་ཚིག་རྙིང་པ་དེ་ཉིན་མཚན་མེད་པར་བསྐྱར་ཟློས་ཡང་ཟློས་ཀྱིས་ཤོད་ཀྱི་ཡོད།
དེ་ལྟར། བོད་ཀྱི་རྩོམ་རིག་གི་གནས་སྟངས་དེ་མདོར་བསྡུས་ནས་བཤད་ན། ཚན་པ་གསུམ་གྱི་ནང་དུ་འདུས་ཀྱི་ཡོད། དེ་ནི་བོད་རང་ས་ནས་དར་བ་དང༌། རིག་གཞུང་གཞན་གྱི་ཤུགས་རྐྱེན། བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་རེད། ང་ཚོའི་རྩོམ་རིག་ནི། ང་ཚོ་རང་ཉིད་ཀྱིས་ཐོག་མར་གསར་བཏོད་བྱས་པ་དང༌། དེར་གྲུབ་འབྲས་ངེས་ཅན་བྱུང་བ་དང་བསྟུན་ནས། མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱེད་པ་སོགས་གནང་སྟཻ། བོད་རང་གི་རྩོམ་རིག་གིས་གཙོ་བོར་བྱས་པའི་རིག་གནས་མང་པོར་ནང་དོན་དང་རྣམ་གྲངས་གང་གཉིས་ཀའི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང༌། ཡར་རྒྱས་དེ་ཡང་བོད་མི་རིགས་རང་གི་སེམས་ཁམས་དང་ཁོར་ཡུག་གཉིས་དང་ཁ་མ་བྲལ་བའི་ཁྱད་ཆོས་ལྡན་པའི་རིན་ཐང་ཅན་ཞིག་ཏུ་འཕེལ་རྒྱས་སོང་བ་དེས། འཛམ་གླིང་གི་རིག་གནས་བང་མཛོད་ནང༌། བོད་ཀྱི་རིག་གནས་དང༌། རྩོམ་རིག་གི་ཁྱབ་ཁོངས་གང་ཅིའི་ཆ་ནས་མི་རིགས་གཞན་གྱིས་ཡིད་སྨོན་ཤོར་དགོས་པ་ཞིག་ཆགས་ཡོད།
དེ་ལྟ་བུའི་རྒྱ་ཁྱབ་ཆེ་བའི་རྩོམ་རིག་རིག་གནས་དེ། ཕྱི་ལོ་༡༩༥༩ཡར་སྔོན་གྱི་བོད་ཀྱི་རྩོམ་རིག་གནས་སྟངས་ཀྱི་ལོ་རྒྱུས་སྤྱིའི་དབང་དུ་བྱས་ཏེ་ཞུས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་མངའ་བདག་ཁྲི་རལ་བ་ཅན་གྱི་བར་དེ་ནི་ཡི་གེ་གསར་བཏོད་དང༌། ཡི་གེ་དེ་ཆོས་དང་ཆབ་སྲིད་གཉིས་ཀར་བོད་ཆོལ་ཁ་གསུམ་ལ་བེད་སྤྱོད་གནང་བའི་དུས་སྐབས་ཤིག་རེད་ལ། བོད་ཀྱི་སྐད་ཡིག་དང་ཡི་གེའི་ལོ་རྒྱུས་ཀྱི་ཐད་ནས་ཞུས་ནའང༌། འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་སྐབས་ཤིག་ཆགས་ཡོད། དཔེར་ན། དུས་སྐབས་དེའི་རྩོམ་རིག་གི་ནང་དོན་ནི། བརྡ་སྤྲོད་རིག་གནས་དང༌། རྒྱལ་ཁབ་ཀྱི་ཁྲིམས་ཡིག དམ་པ་ལྷ་ཆོས་ཀྱི་རིག་གནས། བསྟོད་རྩོམ། མནའ་བསྐྱལ་སྟངས་སྐོར། གཏམ་དཔེའི་སྐོར། གླུ་གཞས་ཀྱི་སྐོར། སྨོན་ལམ་གསོལ་འདེབས་ཀྱི་སྐོར། ཡིག་རིགས་གཞན་ནས་བསྒྱུར་རྩོམ་གྱི་སྐོར་དང༌། རྡོ་རིང་གི་ཡི་གེ་སོགས་ནང་དོན་གྱི་ཁྱབ་རྒྱ་ཧ་ཅང་ཆེན་པོ་བྱུང་ཡོད།
གསན་མཁན་རྣམ་པ་ཚོ། དེ་རིང་གི་ལེ་ཚན་ཞུ་མཚམས་འདིར་བཞག་རྒྱུ་དང༌། ཐེངས་རྗེས་མའི་ལེ་ཚན་ནང་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཕྱིར་མིག་བལྟ་བ་ཞེས་པའི་ལེ་ཚན་འདི་མུ་མཐུད་ཞུ་གི་ཡིན།
སྙན་སྒྲོན་སྒྲ་འཇུག་གི་སྐོར་འདི་ནས་གསན་རོགས།
kob21
ཆོས་སྐྱིད་སྒྲོལ་མས་རྩོམ་རིག་གི་བྱུང་རིམ་སྐོར་ལ་ཡག་པོ་བྲིས་འདུག ཁྱད་པར་དུ་གོང་གི་མ་རྩོམ་ལས། (འདས་མ་ཐག་པའི་མི་ལོ་ལྔ་བཅུའི་རིང་ལ། རྒྱ་ནག་གཞུང་གིས་མུན་ནག་གི་བོད་དང༌། ཀླ་ཀློའི་བོད། རྗེས་ལུས་ཀྱི་བོད། ཆེད་རྨོངས་དད་ཀྱི་བོད་ཅེས་བཤད་ཀྱི་ཡོད་པ་མ་ཟད། ད་དུང་ཡང་བརྗོད་ཚིག་རྙིང་པ་དེ་ཉིན་མཚན་མེད་པར་བསྐྱར་ཟློས་ཡང་ཟློས་ཀྱིས་ཤོད་ཀྱི་ཡོད།) འདི་ནི་དུས་ལ་བབས་པ་ཞིག་སྟེ། རྒྱ་གཞུང་གི་བཤད་སྟངས་འདི་ཚོ། རྒྱ་ནག་ཙམ་དུ་མ་ཟད། རྒྱ་ནག་ནས་བོད་ནང་དང་། བོད་ནང་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མཐའ་ལ་ཐུག་གི་བར་དུ། རྦ་རླབས་བཞིན་གཡོ་བཞིན་འཕྱུར་ནས། བཙན་བྱོལ་སྤྱི་ཚོགས་འདི་ལ་བརྡབ་སྤྲུགས་ཡང་ཡང་བཏང་། དེ་ནི་རྒྱ་གཞུང་གི་ཁྱབ་བསྒྲགས་ཙམ་མ་ཡིན་པར་རང་རེའི་སྤྱི་ཚོགས་ནང་དུ་ཡང་བསམ་བློ་མ་སྨིན་པ་མང་པོ་ཞིག་གིས་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་རྒྱ་གཞུང་གིས་བསླངས་པའི་མེ་ལྕེ་དེར་རམ་འདེགས་བྱེད་བཞིན་ཡོད།
མ་ཟད་དེང་སང་བཀའ་ཁྲིའི་འོས་ཤོག་གི་བསམ་ཚུལ་དག་དྲ་རྒྱ་ནང་ནས་ཀློག་དང་། རྒྱ་གཞུང་གི་གྲལ་རིམ་འཐབ་རྩོད་ནང་དུ་བསླངས་པའི་ནད་ཡམས་ཏེ། འབྱོར་མེད་གྲལ་རིམ་དང་འབྱོར་འབྲིང་། འབྱོར་ལྡན་སོགས་དང་། དེ་བཞིན་དུ་མངའ་བདག་སྐུ་དྲག་སོགས་མང་དག་ཅིག་བཤད་པ་དེ་དག རྒྱ་ཕྱོགས་ནས་མཇུག་སྒྲིལ་ནས་རྒྱུན་རིང་ཙམ་འགོར་ན་ཡང་། བོད་ཕྱི་ནང་གཉིས་ན་ད་དུང་ནད་ཡམས་དེ་འཇགས་མ་ཐུབ་པར་ཅིག་ཅིག་སྐུ་དྲག་རེད་སོགས་བཤད་ནས་བསྡད་ཡོད་པ་རེད། འདི་དག་ནི་བསམ་ཞིང་བསམ་ཞིང་བྲག་ཅ་ཞིག་དང་མཚུངས། སྔར་གྲལ་རིམ་འཐབ་རྩོད་སྐབས་སུ་པེ་ཅིན་ནས་ཀི་ཞིག་བཏབ་པ། བཙན་བྱོལ་སྤྱི་ཚོགས་ན་ད་དུང་གྲགས་བཞིན་བསྡད་འདུག འདི་དག་ལ་དགོས་པ་ནི་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱེད་དགོས་པ་རེད་མོད། འོན་ཀྱང་པེ་ཅིན་ནས་ཀྱང་དུས་སྐབས་དེ་མཇུག་རྫོགས་ནས་རྒྱུན་རིང་པོ་རེད།
དར་དམར་གྱི་བྱིན་རླབས་འདི་ནི་ཧ་ཅང་གཏིང་ཟབ་མོ་ཞིག་རེད་འདུག ངས་ནི་དེང་སྐབས་ཡང་སྐྱར་རིག་གསར་སྐབས་སུ་པར་སྐྲུན་བྱས་པའི་དེབ་དེ་རིགས་ཀློག་འདོད་ཆེན་པོ་ཡོད། དེ་དག་ལ་ཁུངས་སྐྱེལ་ཡོད་མེད་དེ་ང་ལ་མཚོན་ན་གཙོ་བོ་དེ་མ་ཡིན་པར། དེ་དུས་མི་རྣམས་ཀྱིས་ཇི་ལྟར་སྨྱོ་ཆུ་འཐུངས་པ་དང་མི་རྣམས་ཇི་ལྟར་སྨྱོས་ཚུལ། སྨྱོས་ཟིན་པའི་མི་དང་མ་སྨྱོས་པའི་མི་རྣམས་ཀྱི་བར་ཐག་དང་བར་ཐག་དེས་མི་ཅི་ཙམ་ཞིག་རང་དབང་མེད་པར་སྨྱོ་རུ་བཅུག་ཚུལ་སོགས་ལ་ཤེས་འདོད་ཆེན་པོ་ཡོད། བོད་ནས་བཙན་བྱོལ་དུ་ཕེབས་པ་ཚོའི་ཁྲོད་དུ་ཡང་སྨྱོ་ནད་འདི་ལོ་ཟླ་རེ་ཟུང་ལ་དྭངས་མི་ཐུབ་མཁན་དང་། ཡང་མི་ཚེ་གཅིག་གི་རིང་ལ་སྨྱོ་ནད་འདིས་ཟིན་ནས་སྡོད་དགོས་མཁན་ཡང་ཡོད་སྲིད། གང་ལྟར་སྤྱི་ཚོགས་ཤིག་སར་གྲལ་རིམ་མཐོ་དམན་མེད་ས་ཞིག་གནམ་འོག་འདི་ན་མེད་ཅིང་། དེ་ལྟར་ཡོད་པ་དེ་ཡོད་པའི་ངོ་བོར་གྲུབ་ཟིན་ན་དེ་ལ་མི་དགའ་བ་ནའང་ཅི་ཞིག་བྱེད་ཐུབ།
ངས་སྨྱོ་ནད་འདི་ཕོག་སྟངས་ལ་བསམ་བློ་མང་པོ་བཏང་པ་ཡིན། གོང་ཁྲན་ཏང་གིས་དྲིལ་བསྒྲགས་དེ་ཚོ་ཚིག་སྙིང་རྗེ་བོ་ཤ་སྟག་རེད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་འདྲ་མཉམ། དབུལ་ཕྱུག་མེད་པ། གྲལ་རིམ་ལ་མཐོ་དམའ་མེད་པ། ཚིག་དེ་ཚོ་སྙིང་རྗེ་བོ་ཤ་སྟག་རེད། འོན་ཀྱང་ལག་བསྟར་སྐབས་སུ། མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་རེད། ཐོག་མར་ར་ཤི་ཡའི་ནང་དུ་མི་ག་ཚོད་ཅིག་བསད་པ་རེད། དེ་ནས་རྒྱ་ནག་གི་ནང་དུ་ག་ཚོད་བསད་པ་རེད། ཀྲུང་གོ་བས་བཤད་ན་རི་པིན་ནི་ཀྲུང་གོའི་དགྲ་དགྲ་ནག་ཡིན་ཟེར་གྱི་ཡོད་པ་རེད། རྒྱུ་མཚན་ཀྲུང་གོ་བ་ས་ཡ་ཉི་ཤུ་བསད་པ་རེད་ཟེར། འོ་ན་གུང་ཁྲན་ཏང་གིས་བཅིང་འགྲོལ་དང་། གྲལ་རིམ་འཐབ་རྩོད། དམར་སྲུང་དམག ཟ་མ་དཀའ་ངལ། རིག་གནས་གསར་བརྗེས་སོགས། མདོར་ན་༡༩༢༡ ལོ་ཀུང་ཁྲན་ཏང་གསར་དུ་བཙུགས་པ་ནས། ༡༩༧༦ལོ་རིག་གནས་གསར་བརྗེས་ཆེན་པོ་མཇུག་སྒྲིལ་བའི་བར་དུ་མི་ས་ཡང་༣༠བསད་ཡོད་པ་རེད་ཟེར། ལྟོས་དང་ཁ་གཡང་དེ་ཚོའི་འོག་ན་ཉེས་མེད་ཀྱི་འབངས་མི་ག་ཚོད་ཅིག་བསད་དང་གསོད་བཞིན་པ་རེད་ཨང་།
གྲལ་རིམ་འཐབ་རྩོད་གཅིག་བུ་ལ་མཚོན་ན་ངེད་ཚོ་ཧང་སང་གི་རེད། ང་ཚོ་གྲོང་་གསེབ་རེ་རེ་བཞིན་དུ་འབྱོར་མེད་དང་འབྱོར་ལྡན་གཉིས་ཀ་དགོས་པ་རེད། མི་ཚང་ཁ་ཤས་ལ་ར་མ་ལྔ་བཅུ་ཙམ་ཡོད་པ་དེ་ཚོ་ཡང་འབྱོར་ལྡན་གྲལ་རིམ་གྱི་ཁུངས་ལ་ཡོད་པ་རེད། ར་མ་གཅིག་ལ་དེ་དུས་རྒྱ་སྒོར་༢ ཙམ་རེད། རྒྱ་སྒོར་བརྒྱ་ཐམ་པ་ཅན་གྱི་འབྱོར་ལྡན་གྲལ་རིམ་ཡོད་པ་རེད། འདི་དང་དེང་སང་གི་བཀྲས་མཐོང་གཉིས་བསྡུར་ན་གཅིག་པ་རེད། བཀྲས་མཐོང་ལ་མཚོན་ན་ཡང་སྐུ་དྲག་འབྱོར་ཕྱུག་ལྡན་པ་དེ་འདྲ་འེ་ཡིན་ན། ག་རེ་བྱས་ནས་སྐུ་དྲག་རེད་ཟེར་ནས་འདི་གར་འུར་སློང་གི་ཡོད་པ་རེད་དམ།
མི་མང་པོ་ཞིག་གིས་དཔོན་པོ་དང་སྐུ་དྲག་གི་ཁྱད་པར་ཙམ་ཡང་ཤེས་ཀི་མི་འདུག་པའི་བཟོ་འདྲ་ཞིག་འདུག སྐུ་དྲག་ནི་ཕལ་མོ་ཆེ་ཞིག་སྔོན་མར་བོད་རྙིང་པའི་དུས་སུ་ཕ་དཔོན་པོ་ཡིན་ན་བུ་ཡང་དཔོན་པོ་ཡིན་པའི་ཁྱིམ་རྒྱུད་དེ་དག་ལ་ཟེར་བ་དང་། དཔོན་པོ་ཕལ་མོ་ཆེ་ཞིག་ནི་རང་གི་ཤེས་འཇོན་ལྷག་བསམ་སོགས་ཀྱིས་མི་དམངས་ཀྱི་འདོད་མོས་བཞིན་དཔོན་སར་འཁོད་པ་ལ་ལ་ཟེར་བས། དཔོན་པོ་མི་དགོས་ན་མ་གཏོགས་ཤེས་འཇོན་ལྷག་བསམ་ལྡན་ན་མི་ཞིག་གིས་འཆི་རག་བར་དུ་དཔོན་ས་བཟུང་ནས་མི་དམངས་ལ་ཞབས་ཞུ་སྒྲུབ་ན་ལོས་ཀྱང་འགྲིག ཆེ་ས་ནས་བོད་མི་དམངས་ཀྱིས་གོང་ས་མཆོག་ད་དུང་བགྲེས་ཡོལ་ལ་མ་ཕེབས་རོགས་གནངས་ཞེས་ཞུ་བཞིན་པ་ཡང་གོང་ས་མཆོག་ལ་དབུ་ཁྲིད་ཅིག་ལ་ཡོད་དགོས་པའི་རྩ་བའི་ཆ་རྐྱེན་ཆེན་པོ་གསུམ་སྟེ་ཤེས་འཇོན་ལྷག་གསུམ་ཚང་བས་མ་རེད་དམ། འདི་ལ་བསམས་ན་བཀྲས་མཐོང་ཡིན་ན་ཡང་ཤེས་འཇོན་ལྷག་གསུམ་ཡོད་པའི་མིང་ཅན་ཞིག་ཡིན་པས་བཀའ་ཁྲིར་བསྡད་ན་མོ་འོས་པ་ཞིག་མ་རེད། གཞོན་རབས་པའི་གྲས་སུ་ཡང་བཙུད་ན་མི་འགྲིག་པ་མེད་ཅིང་། གཞུང་ཞབས་རྒན་རབས་པ་མང་པོ་ཞིག་གིས་ཡིད་ཆེས་བྱེད་ཐུབ། དེ་མིན་ཕྱོགས་གཞན་ཞིག་ནས་བློ་སེང་ལགས་སྐུ་ན་གཞོན་ཞིང་ཤེས་ཡོན་ལྡན་ཡང་ལམ་སེང་བཀའ་ཁྲིར་བཞུགས་ན་དེང་སྐབས་ཕྱག་ལས་གནང་བཞིན་པའི་གཞུང་ཞབས་པ་རྒན་རབས་འདི་ཚོས་ཡིད་ཆེས་བྱེད་ཐུབ་མིན་ཡང་དྲི་བ་ཆེན་པོ་ཞིག་རེད། ང་ཚོས་མི་ལོ་ཉི་ཤུ་སུམ་ཅུར་གཞུང་དམངས་ཀྱི་ཞབས་ཞུ་བསྒྲུབས་པའི་གཞུང་ཞབས་པ་འདི་དག་ལ་ཡང་སྣང་ཆུང་བྱེད་རྒྱུ་མི་འདུག ཁོ་ཚོ་ནི་འོ་མ་ཆགས་པའི་སྐྱུར་རྩི་དང་མར་ལོ་ཆགས་པའི་དར་བ་རེད་འདུག
དེའི་སྐབས་སུ་ཅི་ལྟར་སྨྱོས་པ་རེད་དམ་ཟེར་ན། བུས་ཁ་གཡང་སྒྲོག་ནས་ཕ་ལ་རྡུང་དགོས་པ་རེད། སློབ་མས་བླ་མ་ལ་ཁ་གཡང་སྒྲོག་བཞིན་རྡུང་དགོས་པ་རེད། དེ་ལྟར་བྱེད་ཐུབ་ན་ད་བཟོད་དེའི་སྐབས་ཀྱི་རྒྱལ་གཅེས་དཔའ་པོ་ཡིན་ནི་རེད། དེའི་སྐབས་སུ་རྒྱུ་མཚན་དང་གྲུབ་འབྲས་སོགས་ལ་བལྟ་མི་དགོས། ཁ་གཡང་གི་འོག་ནས་སྨྱོ་དགོས། དཔེར་ན། (འབྱོར་མེད་པ་རྣམས་མཉམ་འབྲེལ་གྱིས་ཤིག)ཟེར་བ་ལྟ་བུ་དང་། (གྲལ་རིམ་དགྲ་བོ་ཕམ་པར་རྒྱག་དགོས) ཟེར་བ་ལྟ་བུ། (མཆོང་བསྐྱོད་ཆེན་པོ་ཁྲི་ལོར་ཤོག) འདི་ལྟར་ཁ་གཡང་བསྒྲགས་དགོས། ཁ་དབྱངས་དེ་རྔ་སྦུག་དང་མཉམ་པོར་བསྒྲགས་དགོས། དེ་ལྟར་ཁ་གཡང་ཤུགས་ཆེན་པོ་བསྒྲགས་ན་དེ་བཟོད་མི་རྣམས་ཀྱིས་རང་གི་ཕ་དང་བླ་མ་ཡང་གསོད་ཐུབ་པར་འགྱུར་བཞིན་ཡོད་པ་རེད། ངས་བསམ་ན་སྐབས་དེ་དུས་འབྱོར་མེད་ནི་འབྱོར་མེད་ཡིན་པས། འབྱོར་ལྡན་པས་བསགས་པ་རྣམས་ཟོས་རྗེས། ཇི་ལྟར་ལྟོ་གོས་འཚོལ་སྟངས་མ་ཤེས་པར་ཟ་མ་དཀའ་ངལ་དེ་ཡོང་བ་རེད། མི་རྣམས་ལ་ཟ་མ་མེད་པའི་སྟེང་ལ་གོང་གི་ཁ་གཡང་རྣམས་ཉིན་མཚན་གཉིས་ཀར་རྔ་སྦུག་མཉམ་པོར་རྡུང་རྡུང་ནས་མི་ཚང་མ་སྨྱོན་པ་བཟོས་པ་རེད་དྲན། ང་ཆུང་ཆུང་་སྐབས་སུ་སྤྱང་ཀི་དང་ཝ་མོ་གཉིས་ཀས་ཞབས་བརྟན་པ་ཞིག་བཅོམ་པའི་བྱིས་སྒྲུང་ཞིག་ཡོད། དེས་དང་ཤིན་ཏུ་ནས་འདྲ་ས་འདུག
འགྲེལ་བཤད་རྒྱག་སྟངས་རིགས་གཅིག་ལྟར་ན། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ་གྲལ་རིམ་དགྲ་བོ་ཟེར་དུས་བཟོ་གྲྭ་དང་ཚོང་ཁང་བཙུགས་པའི་ཕྱུག་པོ་ཚོ་ཡིན་པ་འདྲ་བོ་དང་། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་གྲལ་རིམ་དགྲ་བོ་ཟེར་དུས་ལས་ཀ་མི་བྱེད་པར་སྲང་ལམ་དུ་ཉལ་ནས་བསྡད་དེ་ལྟོ་གོས་གཞུང་དང་མི་དམངས་ལ་བརྟེན་མཁན་དེ་དག་ཡིན་པ་འདྲ།
སྤྱིར་བཏང་ནས་བཤད་ན་ངེད་ཚོ་ཕ་ཡུལ་གྱི་ཁ་གཡང་དང་ལྷ་སའི་ཕྱོགས་ཀྱི་ཁ་གཡང་ཁ་ཤས་མི་འདྲ་བ་ཡོད་ས་རེད། ལྷ་ས་ཕྱོགས་ནས་སྐུ་དྲག་དང་སྐུ་དྲག་ཟེར་ནས་མང་པོ་ཞིག་ཡོད་ཚོད། ངེད་ཚོ་ཕྱོགས་ན་དེའི་ཚབ་ལ་༼དཔོན་ངན་མ་རྩ་རིང་ལུགས།༽ ༼བཀས་བཀོད་རྒྱུན་འཛིན་རིང་ལུགས།༽ ༼ཞིབ་གཞོག་རིང་ལུགས་༽ འདི་དག་ལ་འབྱོར་མེད་གྲལ་རིམ་གྱི་གཉའ་བ་མནོན་པའི་རི་བོ་ཆེན་པོ་གསུམ་ཟེར་བ་རེད།
གྲལ་རིམ་དགྲ་བོ་ཞེས་པའི་མིང་ཚིག་བེད་སྤྱོད་གཏོང་མིན་གྱི་ཁྱད་པར་མ་གཏོགས། ཨ་རི་ལྟ་བུ་དམངས་གཙོ་ཚད་ལྡན་ཡོད་ཟེར་བའི་རྒྱལ་ཁབ་ཀྱི་ནང་དུ་ནང་དབུལ་ཕྱུག་གི་གྲལ་རིམ་འདི་འདུག་ག དཔེར་ན་ཨ་རིའི་སྲིད་འཛིན་གྱིས་མངའ་སྡེ་ཁག་ཏུ་སྐོར་སྐྱོད་བྱེད་དུས་ཀྱང་དངུལ་ཡོད་མཁན་ཞིག་ཡིན་ན་ཁོ་དང་ཅོག་ཙེ་གཅིག་གམ་ཡང་ན་ཐག་ཉེ་ས་ཞིག་ཏུ་ཟ་མ་བཟའ་ཐུབ་ཀིན་ཡོད་ལ་དངུལ་མེད་མཁན་ཞིག་ལ་ཧ་ལམ་གོ་སྐབས་དེ་མེད་ཚོད་རེད། ཡིན་ན་ཡང་རང་སྲོག་འབེན་ལ་བཙུགས་ནས་ཨེ་རག་དང་ཨ་ཧྥུ་སྒན་སོགས་སུ་དམག་མིར་སོང་ཡོད་མཁན་ཚོར་དངུལ་ཕྱུག་གི་ཁྱད་པར་མེད་པའི་རྣམ་འགྱུར་ཞིག་མ་བསྟན་ཡང་བསྟན་རེད།
ནང་དུ་ཡང་།
དབུལ་ཕྱུག་གི་
ང་ཚོ་ཨ་མདོའི་ཕྱོགས་ཀྱི་ཁྲི་དཔོན་དང་སྟོང་དཔོན་དང་དབུས་གཙང་གི་སྐུ་དྲག་ཚོ་དོན་ལ་མིང་ཐོབ་འདྲ་བོ་འདུག ཡིན་ན་ཡང་གཡོག་པོ་གཡོག་མོ་མང་པོ་དང་ཁྲལ་ལེན་རྒྱུ་ཡོད་མེད། དབང་ཤེད་ཅི་ཙམ་ཡོད་མེད་ཀྱི་ཁྱད་པར་ཞིག་ནི་ཏན་ཏན་འདུག ཨ་མདོའི་སྟོང་དཔོན་ཁྲི་དཔོན་དེ་དག་ཀྱང་ལུག་རྫི་ཟོག་རྫིར་འགྲོ་བ་དང་། གཡོག་པོ་གཡོག་མོར་ཐུབ་ཚོད་བརྙས་བཅོས་ཆེན་པོ་རང་ད་བྱེད་ཀྱིན་མེད་ཚོད་འདུག དབུས་གཙང་གི་ཕྱོགས་སུ་སྐུ་དྲག་མང་པོས་རང་རང་གི་གཡོག་པོ་གཡོག་མོ་དང་མངའ་འབངས་ལ་རྡུང་རྡེག་གཏོང་གིན་ཡོད་པ་ནི་རྒྱ་མིའི་དྲིལ་སྒྲོག་ཙམ་ཞིག་མ་ཡིན་པར་བོད་པ་རང་ཉིད་ཀྱིས་ཚུར་བརྗོད་ཀྱིན་འདུག་ག
འོ་གོང་གི་ཆོས་སྐྱིད་སྒྲོལ་མ་ཟེར་བ་དེ་ནོར་འདུག ཆུ་སྐྱེས་སྒྲོལ་མ་རེད་འདུག ད་ལོ་རྒས་སོང་ན་མིང་ཡང་ཡག་པོ་ཀློག་ཐུབ་ཀྱི་མི་འདུག མིག་གིས་གསལ་བོ་ཞིག་མ་མཐོང་བ་འདྲ་འདུག
སྟོང་དཔོན་ཁྲི་དཔོན་འདི་དག་ལས་མང་པོ་ཞིག་སྐབས་སྐབས་སུ་ལུག་རྫིར་འགྲོ་སྲོལ་ཡོད་ཅེས་མི་རབས་རྒན་པ་དག་གིས་གསུངས་བྱུང་།
བོད་སའི་ཆབ་སྲིད་ལ་འགྱུར་ལྡོག་མ་བྱུང་གོང་གི་བོད་མི་དམངས་ཀྱི་དཀའ་རྙོག་ཆེན་པོ་གཉིས་ནི། དབུས་གཙང་གི་ཕྱོགས་སུ་མངའ་བདག་དང་སྐུ་དྲག་གིས་མི་དམངས་ཀྱི་ས་ནས་ཁྲལ་བསྡུ་ལེན་དང་མི་དམངས་ཚེ་གཡོག་ཏུ་བཀོལ་བའི་ལམ་ལུགས་དེ་དང་། མདོ་སྨད་དུ་བོད་རིགས་འབྲོག་སྡེ་རོང་སྡེ་དང་ས་ཕྱོགས་སོ་སོའི་བར་དུ་མི་སྒེར་དང་ཡང་ན་ཚོ་བ་གྲོང་པའི་སྒྲིག་འཛུགས་ལྡན་པའི་རྐུན་ཇག་གི་ལམ་ལུགས་ཤིག་ཡོད་པ་དེ་རེད། ལམ་ལུགས་ངན་པ་འདི་གཉིས་ཀྱིས་བོད་རིགས་ནང་ཁུལ་གཅིག་སྒྲིལ་མི་ཡོང་བའི་རྒྱུ་རྩ་གནད་འགག་ཆེན་པོ་ཞིག་བསྐྲུན་འདུག
འོ་ད་དེ་འདྲ་ཡིན་རྒྱུ་རེད། དབུས་གཙང་ཕྱོགས་ཀྱི་དཔོན་པོ་དེ་ཚོའི་འགྲོ་སྟངས་མང་པོ་ཞིག་མི་ཤེས། ཨ་མོད་ཕྱོགས་ཀྱི་དཔོན་པོ་དེ་ཚོ་ནི་དེ་འདྲ་ཡོད་པའི་ལོ་རབས་མི་འདུག དཔེར་ན་རོང་བོ་ནང་སོ་དང་སྡེ་ཚ་ནང་སོ། མདའ་གཞི་སྟོང་དཔོན་དང་སྣང་རའི་སྟོང་དཔོན་སོགས་ཚང་མ་རང་རང་གི་སོ་ནམ་ཞིང་ལས་དང་། ཕྱུགས་ལས་སོགས་ལ་འགྲོ་དགོས་ཀ དེ་ཚོ་ལ་ནང་དུ་གསོས་པའི་མྱི་རྐྱང་ཟེར་བ་དེ་འདྲ་འདུག གཡོག་པོའི་མིང་མ་བཏགས་པ་མ་གཏོགས་གཡོག་པོ་འདྲ་བོ་ལོས་ཡིན་བསམ། འོན་ཀྱང་མ་འདྲ་ས་ཞིག་ནི་མྱི་རྐྱང་ཟེར་བ་དེ་ཚོ་རང་གི་ནང་མི་དང་གཅིག་པ་རེད་འདུག གལ་ཏེ་བུ་མོ་ཞིག་ལ་དགའ་བའི་དབང་དུ་བཏང་ན་དཔོན་ཚང་རང་ནས་ཆང་སའི་རྟེན་འབྲེལ་བསྡུ་དགོས་པར་མ་ཟད། ནང་མའི་ཁུངས་སུ་བརྩི་བཞིན་འདུག
ད་དེ་རིང་གི་གཏམ་གླེང་འདི་མཇུག་བསྡུ་རྒྱུ་ཡིན། གཟིགས་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ།
ངས་བསམ་ན་མདོ་སྨད་ཕྱོགས་ན་བོད་རིགས་ནང་དུ་སྒྲིགས་འཛུགས་དམ་པོ་མེད་པ་དེ་སྐྱོན་ཆེན་པོ་ཞིག་རེད་དྲན། དཔོན་པོ་མང་པོ་ཡོད་ན་ཡང་། དཔོན་པོ་ཚོས་ཁྲལ་བསྡུས་མེད་པ་འདྲ་འདུག ཁྲལ་ཚང་མ་མྰ་པུའུ་ཧྥང་ལ་སྤྲོད་དགོས་པ་དེ་ཡག་རྟགས་ཤིག་མ་རེད། ད་དུང་བོད་པ་ནང་ཁུལ་མ་འགྲིག་པའི་དབང་དུ་བཏང་ན་མྰ་པུའུ་ཧྥང་ནས་གཟི་བྱེད་པ་འདྲ་བོ་དེ་ཚོ། རང་ཉིད་ལ་རང་ཚུགས་མེད་སོང་པ་ཁོ་ཐག་རེད། འདི་ནི་གཅིག་བྱས་ན་ང་ཚོའི་གཤིས་ཀ་ཞིག་ཀྱང་ལོས་ཡིན་བསམ། བཙན་བྱོལ་ནང་ན་ཡང་ང་ཚོའི་ནང་ཕན་ཚུན་རྒྱག་རེས་མང་པོ་རྒྱག་གི་འདུག་ཀ ཁ་བརྡ་དྲ་རྒྱ་ནང་དུ་བལྟས་ན། གཅིག་གིས་གཅིག་ལ་ངོས་ལེན་དང་གུས་ཞབས་ཟེར་བ་ཞིག་རྩ་ནས་མཐོང་རྒྱུ་མེད་ཀི གཅིག་གིས་གཅིག་ལ་སྐྱོན་ཁོ་ན་རེད་འདུག་ཀ འདིས་ངེད་ཅག་གི་མི་གཤིས་ཞིག་སྟོན་བཞིན་ཡོད་ས་རེད་དྲན།