དེ་ཡང་འཇིག་རྟེན་རྒྱང་འཕེན་པའི༎ལུགས་ནི་རྣམ་པ་གཉིས་སུ་འདུ༎ཚེ་འདིའི་བདེ་ཐབས་བཤད་པ་དང་༎འཇིག་རྟེན་ཕ་རོལ་དགག་པའོ༎ཚེ་འདིའི་བདེ་ཐབས་བཤད་པ་ནི༎མ་ཤི་བར་དུ་ཅི་བདེར་སྤྱོད༎ཤི་ནས་དེ་ཡི་སྤྱོད་ཡུལ་མིན༎རང་གི་བདེ་བའི་དོན་སླད་དུ༎གཞན་གྱི་བདེ་བ་གཞོམ་མི་བྱ༎དེ་སླད་གཞན་གྱི་སྲོག་བསྲུང་བྱ༎རང་གི་འཚོ་བའི་དོན་ཙམ་ལས༎སྲོག་ཆགས་བསད་པར་མི་རུང་ན༎མི་ཡི་སྲོག་འཕྲོག་ཅི་སྟེ་རུང་༎རང་ཉིད་ཆུང་མར་བརྩེ་བ་བཞིན༎གཞན་གྱི་སྙིང་ལ་དེ་སྡུག་པས༎བདག་གི་ཆུང་མ་ཁོ་ན་ལས༎ལོག་པར་གཡེམ་པ་མི་བྱའོ༎གཞན་གྱིས་བདག་ཏུ་བཟུང་བ་ཡི༎ཆུ་ཕོར་གང་གི་དངོས་པོ་ཡང་༎གཡོ་དང་འཇབ་བུས་ལེན་པ་སོགས་༎མ་བྱིན་ལེན་པར་མི་རུང་ངོ་༎བདག་དང་གཞན་གྱི་སྲོག་སྲུང་སོགས༎ཕན་པའི་དོན་དུ་མི་འགྱུར་བའི༎རྫུན་གྱི་ཚིག་ཀྱང་མི་སྨྲ་བ༎དྲང་སྲོང་ཆེན་པོའི་ལམ་དུ་བསྔགས༎ནོར་ནི་རྟག་ཏུ་བསག་འོས་ཀྱང་༎དུས་དང་དུས་སུ་གཏོང་ཡང་འོས༎རང་གཞན་བདེ་བའི་རྒྱུར་འགྱུར་ན༎ནོར་ལ་ཕངས་མེད་བཏང་བར་བྱ༎རྟག་ཏུ་མི་བསགས་གཏོང་བ་དང་༎རྟག་ཏུ་མི་གཏོང་བསགས་པ་དེ༎ཁྱད་པར་མེད་པར་འགྱུར་བས་ན༎ནོར་ནི་བསགས་ཤིང་གཏང་བར་བྱ༎ཕ་མ་རྒན་རབས་སྐྱོང་བ་དང་༎བུ་དང་བུ་མོ་ཆུང་མར་བྱམས༎གློ་བུར་ལྷགས་པའི་མགྲོན་ལ་དགའ༎མཁས་པ་དག་ཀྱང་བཀུར་བར་བྱ༎རྒྱལ་པོའི་ཁྲིམས་དང་ཡུལ་གྱི་སྲིད༎ནམ་ཡང་གཞིག་པར་མི་བྱ་ཞིང་།ཆུ་དང་རྩྭ་སྔོན་ལྗོན་ཤིང་སོགས༎ཡུལ་འཁོར་ཀུན་ཀྱང་བསྲུང་བར་བྱ༎སེར་སྐྱ་རྐང་མིག་གཟེགས་ཟན་སོགས༎སྔོན་གྱི་ཐར་པ་འཚོལ་རྣམས་ཀྱང་༎འཇིག་རྟེན་ཕ་རོལ་དུ་འགྲོ་བའི༎རྨོངས་པའི་མུན་པར་ཀུན་དུ་འཁྱམས༎དབང་པོའི་ནུས་པ་ཉམས་པ་ལ༎ཤི་བ་ཞེས་སུ་བརྗོད་པ་སྟེ༎འཇིག་རྟེན་ཕ་རོལ་འགྲོ་བ་ཡི༎སྐྱེས་བུ་གཉིས་པ་ཡོད་མ་ཡིན༎ཚངས་དང་དབང་ཕྱུག་དྲག་པོ་སོགས༎དམ་པའི་འགྲོ་བ་ཡོད་མིན་ཕྱིར༎དུས་མཆོད་སྦྱིན་སྲེག་བརྟུལ་ཞུགས་སོགས༎དོན་མེད་གདུང་བ་ཙམ་དུ་ཟད༎དམྱལ་བའི་མེ་ཡི་འཇིགས་པ་དང་༎ལྷ་ཡི་ལོངས་སྤྱོད་ལ་རེ་བས༎ཚེ་འདིའི་བདེ་བ་བོར་བ་ཡི༎ཀྱེ་མ་འགྲོ་བ་ཀུན་ཏུ་རྨོངས༎ལུང་དང་རྣམ་མཁྱེན་ཚད་མ་མེད༎མངོན་སུམ་པ་ལ་མ་བརྟེན་པའི༎རྗེས་དཔག་བྱ་བ་མི་དམིགས་ཕྱིར༎མངོན་སུམ་ཁོ་ན་ཚད་མའོ༎འཇིག་རྟེན་རྒྱང་འཕེན་ཆེན་པོའི་ལུགས༎རྒྱ་ཆེིའི་གཞུང་ལས་བཏུས་པའོ༎
ཨ་རོགས། སྤོབས་པ་མཐའ་ཡས། རྒྱ་ཆེའི་གཞུང་ལས་བཏུས་པ་ཟེར་དོན་ཅི་ཡིན། ཚིགས་བཅད་འདི་དག་རྒྱང་འཕེན་པའི་གཞུང་གི་དགོངས་དོན་ལྟར་ཉིད་ཀྱིས་བྲིས་པ་ཡིན་ནམ། ཡང་ན་བསྒྱུར་བ་ཡིན། བསྒྱུར་བ་ཡིན་ན་སཾ་སྐྲྀ་ཏའམ་པཱ་ལི་ཡང་ན་དབྱིན་ཡིག་ལས་བསྒྱུར་བ་ཡིན། ངོ་མ་སྙན་གི ཡིན་ཡང་ཉིད་ཀྱིས་ཁ་གསལ་པོ་ཞིག་གསུངས་མི་འདུག
སྔོན་མ་རྒྱང་འཕེན་པ་ཞེས་པ་རྨོངས་རྟུལ་བཙལ་ན་མི་རྙེད་པ་ཞིག་ཏུ་དགེ་རྒན་རྣམས་ཀྱིས་གསུང་པའི་བག་ཆག་ལས་ད་ལན་འདི་མཐོང་དུས་ཁོ་བོ་ཧང་སང་སོང་། ཆོས་ལུགས་འདི་གསར་གཏོད་པོ་སུ་ཡིན་ནམ། ངོ་མ་བསམ་གཞིགས་དང་སྙིང་སྟོབས་ཅན་ཞིག་ཡིན་ངེས། དེ་མིན་སྤྱི་ཚོགས་དེ་འདྲའི་ནང་དུ་ལྟ་བ་འདི་འདྲ་སྒྲོག་མི་ཐུབ་པར་སྙམ། དོན་དག་ནི་ལྐོག་གྱུར་ཡིན་པས་མི་ཤེས་མོད་བློ་ལ་འགྲོ་བ་ཅི་འདྲ་མི་འདུག་གམ།
དྲ་གྲོགས་ཚོ།
སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ། བཟོད་པའི་མདངས་ལྡན་་་་ཞེས་སོགས་ཀྱི་ལུང་དོན་ཇི་ལྟར་འགྲེལ། འདིའི་རྣམ་དཔྱོད་ཀྱི་རྩལ་འདོན་རོགས། ཁོ་བོས་ཆུང་ཆུང་སྐབས་འདིའི་སྐོར་ལ་བསམ་གཞིགས་མང་དུ་བྱེད་མྱོང་བས་འདིའི་སྐོར་ལ་དགོད་བྲོ་བའི་བསམ་ཚུལ་མང་པོ་ཤར་མྱོང་།
དྲ་གྲོགས་ཚོ། དད་པ་དང་ཕྱོགས་འཛིན་གྱི་དབང་དུ་མི་འགྲོ་བར་རིག་ལམ་ཁོ་ན་སྲུང་བར་ཞུ། ནང་ཆོས་ལ་དད་པ་མེད་མཁན་ནི་རང་ཅག་སུ་ཡང་མེད་པས་གསུང་དགོས་དོན་མེད། བོན་པོས་ཀྱང་དད་པ་བྱེད་ཀྱི་ཡོད་འདྲ། གང་ལྟར་གཞན་གྱིས་ཁྱོད་ལ་ཆོས་དད་མི་འདུག་པར་བརྙད་འདོགས་པ་ལ་ཞེད་ན་འུ་ཅག་གི་བགྲོ་གླེང་ལྷུག་པོ་མི་འོངས་སོ།
ཧ་ལས་རྒྱུ་མི་འདུག་གོང་ཁྲིན་དང་གི་རྩ་ཁྲིམས་འདྲ་བོ་འདུག །
གོང་གསལ་ཁ་ཤས་ཧ་ལས་སྟངས་ལས་སངས་རྒྱས་ཀྱིས་དབང་རྟུལ་བ་ལ་ཕྱི་རོལ་པའི་གཞུང་ལ་བལྟ་བ་དགག་པ་དེ་ཤེས་སོང་སྙམ།
རྒྱང་འཕེན་པའི་ལུགས་ཀྱིས་ཚེ་འདིའི་བདེ་ཐབས་བཤད་དེ་འཇིག་རྟེན་ཕ་རོལ་དགག་པ་རེད་ཟེར་བ་འདིས་ཞོགས་དུང་གི་དཔྱོད་ཤེས་རྒྱང་འབོད་དྲན་དུ་བཅུག་སོང་། ཡིན་ནའང་། “ནོར་ནི་རྟག་ཏུ་བསག་འོས་ཀྱང་༎དུས་དང་དུས་སུ་གཏོང་ཡང་འོས༎རང་གཞན་བདེ་བའི་རྒྱུར་འགྱུར་ན༎ནོར་ལ་ཕངས་མེད་བཏང་བར་བྱ༎” ཞེས་པ་འདིས་རྒྱང་འཕེན་པ་ཚོ་ཡང་ཚེ་འདིའི་བདེ་ཐབས་དང་ལྷག་པར་དུ་དཔལ་འབྱོར་བསྡུ་འགོད་ཀྱི་བསམ་བློའི་ཐད་ནས་ ཡེ་ཤུའི་ Protestants ཚོ་དང་བསྡུར་ན་ད་དུང་ཡང་ཅི་ཙམ་གཞན་བདེའི་ཆེད་དུ་གཏོང་ཕོད་ཆེ་བ་ཤེས་ཐུབ་ལ། ཁ་ཤས་ཀྱིས་བཤད་ན་འདིས་ནི་ནུབ་ཕྱོགས་ཀྱི་མགོ་སེར་ཚོ་ནི་གླིང་གཞན་དང་མི་རིགས་གཞན་ལས་འཇིག་རྟེན་འཁོར་བ་སྐྱོང་མཁས་སུ་གྱུར་དུ་བཅུག་པ་རེད་ཟེར། ཚེ་འདིའི་བདེ་ཐབས་བཤད་པའི་ཤར་ཕྱོགས་ཀྱི་ལྟ་བ་དྲག་ཤོས་གཞན་གང་དག་ཡོད་དམ།
ཇོ་འཇམ་དཔལ་ཚུལ་ཁྲིམས་ལགས།
སྦྱིན་པའི་ལོངས་སྤྱོད་དང་། བཟོད་པའི་མདངས་ལྡན་ཞེས་བྲིས་པ་ཁྱེད་རང་ནོར་བ་རེད།
སྤྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།། བཟོད་པས་མདངས་ལྡན་ཞེས་པ་རེད།
སྦྱིན་པ་བཏང་བས་ལོངས་སྤྱོད་འབྱུང་བ་དང་། ཁྲིམས་ཀྱིས་བདེ་བ་འབྱུང་བ་དང་། བཟོད་པས་མདངས་དང་ལྡན་པར་འགྱུར་ཞེས་ལས་འབྲས་ཀྱི་སྐོར་ནས་གསུང་གི་ཡོད་པ་མ་རེད་དམ།
ཡིད་དུ་མི་ཤོངས་ན། ལས་ཚུལ་བསམ་གྱིས་མི་ཁྱབ་ཏེ།། དེ་བཞིན་གཤེགས་པ་ཁོ་ནས་མཁྱེན།། ཅེས་པ་དང་།
ལས་ཀྱི་རྣམ་པར་སྨིན་སྟངས་སོགས་ལ་དགོངས་པ་རེ་བཞེས་ན་ཁག་མེད་སྙམ་སྤྱད་ཅིག་བློ་ལ་འཆར་ངེས་ཡིན།
གོང་གི་འདི་སྤོབས་པ་ལགས་ཀྱིས་གཞིགས་ཏེ་བྲིས་པ་འདྲ།
ཕར་བྱིན་པས་ཚུར་ལོངས་སྤྱོད་འབྱུང་བ་སོགས་ནི་”སྣང་ཚུལ་འགལ་འདུ”་རེད། འདི་འགྲེལ་དགོས་ཞུ་བ་ཡིན་པ་ལས་འདི་དོན་ལ་གནས་མེད་པའི་དགག་པ་མིན། འདི་ལ་རིགས་ལམ་གྱིས་རལ་གྲི་བཀོལ་ན་ཇེ་གསལ་དུ་མི་འགྲོ་བ་ཞིག་ཡེ་ནས་མིན་པར་མཐོང་། དེ་མིན་”ལས་ཚུལ་བསམ་གྱིས་མི་ཁྱབ་ཏེ།། དེ་བཞིན་གཤེགས་པ་ཁོ་ནས་མཁྱེན།།”་ཞེས་སོས་དལ་གྱིས་སྡོད་པ་འདི་སྒྱིད་ལུག་གི་རྣམ་ཐར་ལས་རིག་པ་སྨྲ་བ་ཞིག་གི་ལོ་རྒྱུས་མིན་ནོ།
རྒྱང་འཕེན་པའི་ལུགས་དང་དེང་རབས་པའི་ལུགས་གཉིས་གཅིག་པ་རེད་འདུག
སྔོན་མ་ངའི་དགེ་རྒན་ལགས་ཀྱིས་འདི་འདྲ་ཞིག་གསུངས་སོང་།
༼ང་ཚོས་མི་ལོ་སྟོང་ཕྲག་གཅིག་གཉིས་ཀྱི་རིང་ལ་རྒྱང་འཕེན་པ་ཐ་ཆད་ཤོས་སུ་བརྩིས་ཏེ།
མཐོང་ཆུང་བྱས་པ་ལས་དོན་དུ་ང་ཚོས་འགོག་ཁག་ཤོས་ཤིག་རེད་༽གསུངས་པ་དྲན་སོས་སོང་།
ཕལ་ཆེར་མི་ཕམ་རིན་པོ་ཆེས་ཞལ་རྒྱུན་ཡིན་པ་འདྲ།
འཇིག་རྟེན་འགོད་པ་པོ་འདོད་མཁན་ཚོར་ཁ་གཏད་གཅོག་རྒྱུར་ཚེགས་མེད་ཀྱང་།
ཚན་རིག་པ་དང་ཕུར་བུ་གཉིས་ཐུབ་རྒྱུ་དཀའ་མོ་རེད།
དྲང་མོར་བཤད་ན་ང་ཚོ་ནང་པས་རྒྱུ་མཚན་འཚོལ་བའི་འུབ་ཤོས་ག་ཚོད་བཤད་ཀྱང་
སྐྱེ་བ་སྔ་ཕྱི་དང་ལས་འབྲས། ཐར་པའི་གོ་འཕང་སོགས་ནི་ཡིད་ཆེས་བྱ་རྒྱུ་ལས་རྒྱུ་མཚན་དོན་མཐུན་
བཀོད་མ་ཐུབ་པས་༸གོང་ས་མཆོག་གིས་ཀྱང་ནང་པའི་ལྟ་གྲུབ་ཅེས་མིང་བཏགས་གནང་བ་རེད།
ནང་པའི་ཚན་རིག་དེ་ནི་རྡུལ་ཕྲན་ཆ་བཅས་སྒྲུབ་པའི་རྣམ་གཞག་ཟུར་ཙམ་ཞིག་རེད་འདུག་ཡ།
གང་ལྟར་ཚན་རིག་དང་ལྷན་དུ་གཤིབ་ཐུབ་པའི་སྐད་ཆ་ནི་དངོས་པོ་ཐམས་ཅད་ཆ་ཤས་སུ་གྲུབ་པ་རེད་ཟེར་
དེ་ཙམ་རེད།
འཇིག་རྟེན་ཕྱི་མ་རྒྱང་རིང་དུ་མདོ་དེ་གསར་ཐོས་བྱུང་བར་དགའ་སྤྲོ་ཆེ། ཐུགས་རྗེ་ཆེ།
རང་ལུགས་ལ།
སྦྱིན་པ་བཏང་བ་ལས་གཏོང་མཁན་རང་ཚེ་འདིའམ་གཞན་དུ་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་སྲུང་ན་འཕྲལ་དུ་གྲགས་པས་བདེ་བ་དང་། ཕྱི་མ་དལ་འགྲོ་བ། བཟོད་པ་བསྒོམས་ན། མདངས་དང་ལྡན་པ་སྟེ། ཚེ་འདིར་གཟི་བརྗིད་ཆེ་བ་དང་སྐྱེ་བ་ཕྱི་མར་གཟུགས་བཟང་པའི་རྒྱུ་ཡིན་པར་གསུངས། བརྩོན་པས་བརྗིད་པ་སྟེ། རང་ཆུགས་བརྟན་བརླིངས་བརྗིད་པ་དང་། བསམ་གཏན་ཏེ། བློ་རྩེ་གཅིག་པས་བྱིང་རྨུག་ནག་འཐོམས་མེ་དང་། རྒོད་འཕྲོར་གནམ་གཡེང་ཞི་བ་ནི་མེད་པར་འགྱུར་བ་དང་། ཤེས་རབ་ཀྱིས་གནས་སྐབས་མི་ཤེས་པའི་མཐའ་གཉིས་པའི་ཐེ་ཚོམ་ལས་གྲོལ་བ་དང་། མཁོར་བ་ལས་སྒྲོལ་བས་བློ་ཡིས་གྲོལ། ཞེ་པ་ནི། འཇིག་རྟེན་ཕྱི་མ་རྒྱང་རིང་དུ་མ་འཕེན་པའི་ལུགས་སོ། །
དེས་ན།
སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །
བཟོད་པས་མདངས་ལྡན་བརྩན་པས་བརྗིད། །
བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ལྟ་བུ་ཞིག་བློ་ལ་དྲན།
ཇོ་འཇམ་དཔལ་ཚུལ་ཁྲིམས་ལགས།
སྦྱིན་པ་བཏང་བས་ཚུར་ལོངས་སྤྱོད་འབྱུང་བ་ནི་སྣང་ཚུལ་ཐ་དད་རེད་གསུང་ཚུལ་ལ་བསམས་དུས་ཁྱེད་རང་རྦད་དེ་འཁྲུལ་ནས་འདུག་པ་ཤེས་ཐུབ།
ལོངས་སྤྱོད་འབྱུང་སྟངས་དེ་ཡང་སྦྱིན་པ་གཏོང་བཞིན་པའི་མོད་ལ་ལོངས་སྤྱོད་འབྱུང་བ་དེ་འདྲ་བརྒྱ་ལམ་ཙམ་རེད། ཁ་གསལ་ཙམ་ཞུས་ན་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་འབྱུང་སྟངས་དེ་ཡང་མཐོང་ཆོས་མྱོང་འགྱུར་དང་ལན་གྲངས་གཞན་འགྱུར། སྐྱེ་གནས་གཞན་འགྱུར་སོགས་ཀྱི་དབང་གིས་འབྱུང་བ་རེད་དོ།།
དེ་བས་ཁྱེད་ཀྱིས་གསུངས་ཤིང་བཞེད་ཀྱིན་པའི་སྣང་ཚུལ་ཐ་དད་ཡིན་པའི་ཞེད་སྣང་དང་དོགས་སྣང་དེ་ཁྱོན་ནས་ཡོད་དགོས་དོན་ཡོད་མ་རེད།
ངས་གོ་བའི་རྒྱང་འཕེནཔའི་གཞུང་ཚིག་ནི། མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་བྱ། །ཙམ་ལས་གོ་མ་མྱོངས།
ལྐོག་འགྱུར་འཇལ་བྱེད་ཀྱི་རྗེས་དཔག་མི་འདོད་པ་དང་། ལུང་དང་རྣམ་མཁྱེན་ཚད་མ་མིན་པ། འཇིག་རྟེན་ཕྱི་མ་མེད་པ་སོགས་རྡོག་ཁ་ཤས་ཞིག་ལས་གཞན་ཡིད་དུ་འོངས་བ་ཞིག་རེད་ཨང་།
ལྷག་པར་གཅེར་བུ་བ་ལྟར་དགེ་བ་བཅུ་པོ་དེ་བུ་སུབ་དོག་དྲག་པ་འདྲ་ཞིག་འདུག
གཞན་ཕར་
རང་གི་ཆུང་མ་ཁོ་ན་ལས། །འོག་པ་གཡེམ་པར་མི་བྱའོ། །ཟེར་བ་ནི་ཁྲིམས་འགལ་ཆེན་པོ་ཞིག་རེད།
གཞན་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་གྱི་ཁྲིམས་ལུགས་རྩི་སྲུང་དགོས་རབས་བཤད་པ་འདིས་ང་ནི་རྒྱངས་འཕེན་པའི་གྲལ་དུའང་མི་སླེབས་པའི་ཚོད་ལ་སྐྱེལ་འདུག ་་་ཨཨཨཨཨཨཨཨཨཨཨ
དེ་ནི་མ་འདྲེས་དགུ་ཆུབ་ཀྱི་མདོ་རང་རེད། མགོ་དེ་ཚོ་ནང་པ་དང་གཅེར་བུ་པའི་མདོ་ཡིན་པ་དང༌། སྨད་དེ་ཚོ་བྲམ་ཟེ་དང་རྒྱང་འཕེན་པའི་མདོ་རེད། རྒྱང་འཕེན་ནི་སྟོན་པ་རང་ཉིད་ཀྱིས་རང་གི་སྲིང་མོ་ལ་སྤྱོད་འདོད་དེ། མཛེས་མ་ལེགས་པར་སྤྱོད་ཅེག་གུ༎ཤི་ན་དེའི་སྤྱོད་ཡུལ་མིན༎ལུས་ཀྱང་ཐལ་བ་བཞིན་སོང་ན༎ཡང་སྐྱེ་བ་ནི་ག་འགྱུར༎ཞེས་བཤད་པ་ལས་གྲུབ་མཐའ་དེ་བྱུང་བ་ཡིན་པས། ཡང་། བདག་གི་ཆུང་མ་ཁོ་ན་ལས༎ལོག་པར་གཡེམ་པ་མི་བྱའོ༎ཞེས་བཤད་ན་རྒྱང་འཕེན་པ་དེ་སྨྱོ་མེད་ན་ཡང་བཅོས་ཡོད་པ་ཐག་ཆོད་པ་རེད།
དེ་ནི་མ་འདྲེས་དགུ་ཆུབ་ཀྱི་མདོ་རང་རེད། མགོ་དེ་ཚོ་ནང་པ་དང་གཅེར་བུ་པའི་མདོ་ཡིན་པ་དང༌། སྨད་དེ་ཚོ་བྲམ་ཟེ་དང་རྒྱང་འཕེན་པའི་མདོ་རེད། རྒྱང་འཕེན་ནི་སྟོན་པ་རང་ཉིད་ཀྱིས་རང་གི་སྲིང་མོ་ལ་སྤྱོད་འདོད་དེ། མཛེས་མ་ལེགས་པར་སྤྱོད་ཅེག་གུ༎ཤི་ན་དེའི་སྤྱོད་ཡུལ་མིན༎ལུས་ཀྱང་ཐལ་བ་བཞིན་སོང་ན༎ཡང་སྐྱེ་བ་ནི་ག་lལ་འགྱུར༎ཞེས་བཤད་པ་ལས་གྲུབ་མཐའ་དེ་བྱུང་བ་ཡིན་པས། ཡང་། བདག་གི་ཆུང་མ་ཁོ་ན་ལས༎ལོག་པར་གཡེམ་པ་མི་བྱའོ༎ཞེས་བཤད་ན་རྒྱང་འཕེན་པ་དེ་སྨྱོ་མེད་ན་ཡང་བཅོས་ཡོད་པ་ཐག་ཆོད་པ་རེད།
དག་བཅོས་སོང༌།
རྒྱང་འཕེན་པའི་མིང་གཞན་ཞིག་ནི་ཚུལ་རོལ་མཛེས་བ་པ་ཟེར་ནས་འབོད། ལས་འབྲས་དང་སྐྱེས་པ་ཕྱི་མ་སོགས་རྒྱང་དུ་འཕེན་པ་མ་གཏོགས། འཇིག་རྟེན་ཚུལ་རོལ་གྱི་འཚོ་བ་རོལ་སྟངས་ཐད་ནས་སྙིང་རྗེ་བོ་འདྲ་ཞིག་ཡོད་ཚོད་དུ་སྣང་། འོན་ཀྱང་བུད་མེད་ཡོད་ཚད་ལ་རྒྱོ་ཆོག་པ་དེ་འཇིག་རྟེན་ཚུལ་རོལ་ལ་བསམ་བློ་བཏང་ན་ཡང་མི་མཛེས་ཟེར་ནས་ནང་པ་སོགས་ཀྱིས་སྨོད། སྐྱེ་བ་ཕྱི་མ་དང་ལས་འབྲས་སོགས་མེད་པར་སྒྲུབ་དགོས་པའི་རྒྱུ་མཚན་ཡང་རྒྱང་འཕེན་པའི་སྟོན་པ་འཇུག་སྟོབས་ཀྱིས་རང་གི་བུ་མོ་ལ་གཡབ་ནས། དེ་ཡང་འཇིག་རྟེན་ན་མཛེས་པར་སྒྲུབ་འདོད་ནས་གཞུང་འབུམ་ཚོ་གཅིག་བྱས་པ་རེད་ཟེར་ནས་གྲུབ་མཐའ་གཞན་གྱིས་སྨོད།
གང་ལྟར་ཀྱང་ཕྱི་རོལ་བ་གཞན་དག་གིས། འཇིག་རྟེན་སྣ་ཚོགས་ལྷ་ཡིས་བྱས་པ་ཡིན་པར་འདོད། ནང་པས་ཟེར་ན་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་པར་འདོད། འོན་ཀྱང་རྒྱང་འཕེན་པས་ནི། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།། སྲེན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།། རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།། སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།། ཟེར་ནས་ལས་འབྲས་སོགས་རྒྱང་དུ་འཕེན།
ལས་འབྲས་དང་སྐྱེ་བ་ཕྱི་མ་ཆོས་ཅན། མེད་དེ། སུས་ཀྱང་མ་མཐོང་པའི་ཕྱིར་ཟེར། ལུས་སེམས་ཡོད་ཀྱང་དེ་གཉིས་གྲུབ་སྟངས་ནི། ལུས་བློ་བུར་བ་ལས་སེམས་བློ་བུར་བ་བྱུང་བ་རེད་ཟེར། དཔེར་ན་ཆང་གྲུབ་པ་ན་ཆང་གི་ནུས་པ་གྲུབ་པ་བཞིན་ནོ་ཟེར། འོན་ཀྱང་ནང་པ་སོགས་ཀྱིས་སེམས་ནི་གོམས་ཞིང་གོང་ཞིང་གོང་འཕེལ་དུ་འགྲོ་བ་ཡོད་པ། གོང་འཕེལ་དུ་སོང་ནས་ཤེས་བྱ་མཐའ་དག་ལ་བློ་རྒྱས་པ་ཡོད་པའི་ཕྱིར་ན། ཐམས་ཅད་མཁྱེན་པ་སོགས་ཡོད་གསུངས་ནས་འགོག
གང་ལྟར་བཤད་ན་ཡང་རང་གི་བུ་མོ་ལ་འཛག་མཁན་ཞིག་གིས་གཞུང་ལུགས་ནི་ཚིག་སྙན་པོ་ཇི་འདྲ་ཞིག་ཡོད་ན་ཡང་། ཡིད་སྨོན་མི་ཤོར་གི གཡོ་དང་སྒྱུ་ཟེར་བའི་ཚིག་དེ་ཚོ་མང་ཆེ་བ་དེ་འདྲ་སྙན་མོ་དང་ཡིན་མདོག་ཁ་བོ་ཡོད་པ་རེད།
རྒྱུ་མེད་པའི་དཔེ་སྤངས་ལ་ཤྭ་མོ་བརྡོལ་བ་ལྟ་བུ།
འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་ལ་བསྐུར་བ་ལྟ་བུ།
ངོ་བོ་ཉིད་ཀྱིས་བྱུང་བ་ཉི་ཤར་ཆུ་བོ་ཐུར་དུ་བབས་པ་སོགས་ལྟ་བུ།
བཟང་མོ་མང་ཐོས་ཅིས་སྨྲས་པ།།
དེ་དག་སྤྱང་ཀིའི་རྗེས་དང་འདྲ།།
དྲ་རྣམས་ནས་དེ་འདྲ་གསུངས་དུས་ངས་ཁྱད་པར་འཕགས་བསྟོད་ཀྱི་བསྟོད་པའི་ཡོན་ཏན་འགའ་ཡིད་པ་ཤར་བྱུང་བ་ནི།
ཁྱབ་འཇུག་དབང་ཕྱུག་ལ་སོགས་པ།།
དེ་ལ་སྐྱེ་བོ་གང་དད་པས།།
དེ་ཡི་ཡོན་ཏན་གང་བསྒྲགས་པ།།
ཁྱེད་ཀྱི་བསྟན་ལ་དེ་དག་སྐྱོན།།
ཚངས་སོགས་འཇིག་རྟེན་འབྱིན་པ་པོ།།
བདག་ཅག་ཡིན་པར་སྨྲ་ཞེས་གྲག།
དེ་ཉིད་གཟིགས་ཁྱོད་འཇིག་རྟེན་དང༌།།
དེ་ཡང་ལས་ལས་སྐྱེས་ཞེས་བསྟན།།
མཆོད་སྦྱིན་ལ་ནི་ཕྱུགས་འགུམས་པར།།
དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག།
སྡིག་མེད་ཁྱེད་ཀྱིས་གྲོག་མ་ལའང༌།།
གནོད་པ་བགྱིེས་པར་རྗེས་མ་གནང༌།།
འུག་པ་པས་ནི་དམན་པ་ལས།།
ཁྱད་པར་ཅན་ལ་སྦྱིན་ཞེས་བསྟན།།
མགོན་པོ་ཁྱོད་ནི་ཐུགས་རྗེ་ཡིས།།
ཁྱི་ལའང་སྦྱིན་པར་བྱ་ཞེས་གསུངས།།
ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས།།
མདུད་པ་འཇིག་པར་གཅེར་བུས་འཚལ།།
ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཀྱིས།།
མདུད་པ་འཇིག་པར་བཞེད་པ་ལགས།།
ཁྱབ་འཇུག་མི་ཐུང་གཟུགས་བསྒྱུར་ནས།།
གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས།།
ཁྱེད་ནི་གཡོ་ཡང་མཁྱེན་གྱུར་ལ།།
གཞན་དག་ལ་ཡང་སླུ་མི་མཛད།།
རྒྱང་འཕེན་ནི་སྟོན་པ་རང་ཉིད་ཀྱིས་རང་གི་སྲིང་མོ་ལ་སྤྱོད་འདོད་དེ། ཞེས་པ་དང་རང་གི་བུ་མོ་ལ་འཁྲིག་པ་སྤྱོད་འདོད་པ་གཞི་འཛིན་ནས། རྒྱང་འཕེན་པའི་ལུགས་བྱུང་ལུགས་འདི་ལ་ཁུངས་འཚོལ་ཐུབ་བམ།
ཀརྡོ་ཁྱོད་ཀྱིས་གོང་དུ་དྲང་བའི་རྒྱང་འཕེན་གྱི་གཞུང་དེ་ཆ་ཚང་བ་ཤོ་ལོ་ཀ་བཞི་ཡོད་པ་རེད། དེ་ཟླ་བའི་འཇུག་པ་རང་འགྲེལ་ན་དྲང་ཡོད། དྲང་སྲོང་འཇིག་རྟེན་མིག་གིས་རང་གི་བུ་མོ་ལ་བགྲོད་འདོད་ནས། མཛེས་མ་ལེགས་པར་སྤྱོད་ཅིང་ཟ་བར་གྱིས།། ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང་།། ལུས་འདི་ཚོགས་པར་གྱུར་བ་ཙམ་ཞིག་སྟེ།། འཇིག་མ་སོང་བར་ལྡོག་པར་མི་འགྱུར་རོ།། ཟེར་ནས་རང་གི་གཞུང་ལུགས་སུ་བྲིས། འདི་ནི་འདོད་པས་གདུང་བའི་ཀུན་སློང་གིས་བཅོས་པ་རེད་ཟེར་ནས་ནང་པ་སོགས་ཀྱིས་ཀུན་སློང་ལ་བརྟག་ནས་དགག ད་དུང་དྲང་སྲོང་ཕུར་བུས་མཛེས་མ་ཡོད་ཚད་ལ་སྤྱོད་པ་ནི་འདོད་པ་སྤྱོད་པ་ཙམ་མ་ཡིན་པར་བུད་མེད་ལ་ཕན་པར་རློམ་བཞིན་ཡོད། མ་ཟད་དེ་ལྟར་གཞུང་ལུགས་བཅོས་པ་ཡང་འཇིག་རྟེན་ཡོངས་ལ་ཕན་པར་རློམ་བཞིན་ཡོད། ནང་པས་འདོད་གདུང་དང་ཕན་རློམ་གྱིས་བཅོས་པའི་གཞུང་ལུགས་གཉིས་སུ་བགར་ནས་དགག་པ་བྱེད།
ཡེ་ཤེས་ཀུན་བཏུས་ཀྱི་འགྲེལ་བར་ལུང་བསྟན་ཞིག་ཡོད་དེ། ༼མ་འོངས་པའི་དུས་ན་དགེ་སློང་དག་སེང་གེ་ཁྲི་ལ་འདུག་ནས་འཇིག་རྟེན་རྒྱང་འཕེན་པའི་གཞུང་འཆད་ཅིང་། དེའི་བསྔགས་པ་སྨྲ་བར་བྱེད་དོ༽ འདི་འདྲ་ཞིག་ཡོད་པ་ཡིད་ལ་དྲན། དེ་ནི་གོང་གི་མ་རྩོམ་དང་མཆན་ཁ་ཤས་ལས་ལུང་བསྟན་དེ་དག་དག་སླེབས་པ་མིན་འགྲོ་བསམ།
དེང་སང་མི་ཚོས་མི་དྲན་དགུ་དྲན།།
རྒྱང་འཕེན་གྲུབ་མཐའ་བདེན་པའི་རེ་བ།།
འདི་སྣང་འདུ་འཛི་ཁོ་ནའི་ཆེད་དུ།།
གང་ལ་འཛེམས་མེད་བྱེད་འདོད་ཆེ་སོང་།།
མ་ཎི་ཨ་མ་མཉམ་དུ་ཐོན་པའི།།
བོད་མི་ཞིག་གིས་རྒྱང་འཕེན་གྲུབ་མཐའ།།
ཅི་ཙམ་སྦྱངས་ཡང་ཕྱི་མའི་བག་ཆགས།།
བསུབ་པའི་རེ་བ་གཏོང་ཟད་ཕྱིན་སོང་།།
འདི་ལ་བསམ་ན་གོ་རྒྱུ་གཏན་གཏན་ཡོད་རེད་ད།
ཉེར་ལེན་མིན་པའི་ཉེར་ལེན་ནི།།
རྣམ་ཤེས་མིན་པའི་ཕྱིར་ཡང་གྲུབ།།
ལང་ཀར་གཤེགས་པའི་མདོ་སོགས་ནས་ཕྱོགས་སྔར་འཛིན་པའི་རྒྱང་འཕེན་ནི་ལྷ་ཡི་བླ་མའམ། ཕུར་བུ་ཟེར་བ་དེ་ཡིན་ཚོད། འོན་ཀྱང་འཇིག་རྟེན་མིག་དང་འཇུག་སྟོབས་ནི་བླ་སློབ་ཡིན་ལ། ཆོས་གྲགས་དང་ཕལ་ཆེར་དུས་མཉམ་པར་གཞུང་ལུགས་རྣམས་ལས་མཐོང་། གཞུང་འབུམ་ཚོ་གཅིག་རྩོམ་ནས་སྲིང་མོ་དང་བུ་མོ་ཡོད་ཚད་ལ་གཡབ་ཆོག་པར་བཅོས་མཁན་ནི་འཇིག་རྟེན་མིག་དང་འཇིག་སྟོབས་ཡིན་ཚོད།
ལྷ་ཡི་བླ་མའམ། ཕུར་བུ་ནི་དམག་གི་ཕྱིར་དུ་གཞུང་ལུགས་བཅོས་པ་ཡིན་པར་བཤད། མི་འདྲ་ས་ནི་ཕུར་བུས་སྐྱེ་བ་སྔ་ཕྱི་འདོད་ཀྱི་ཡོད་ཚོད། འོན་ཀྱང་ལས་འབྲས་དང་ཐར་བ་མེད་པར་འདོད་ཀྱི་ཡོད་ཚོད། ང་ལ་དོག་པ་གཅིག་ཡོད་པ་ནི་ཐར་བ་དང་ལས་འབྲས་ལ་མེད་པར་འདོད་ན་རྒྱང་འཕེན་པར་བཤད་ན་ཕྱི་རོལ་བ་ཕལ་ཆེར་རྒྱང་འཕེན་པར་འགྱུར་རོ་སྙམ་པའི་དོག་པ་གཅིག་ཡོད། དེ་ནི་ད་དུང་སེལ་ཐུབ་མ་སོང་།
ཞིང་བའི་བུས་རྣམ་འགྲེལ་གྱི་ལུང་དྲང་བ་མགོ་མཇུག་ལྡོག་འདུག རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པས་ཕྱིར་ཡང་འགྲུབ།། ཅེས་གཞུང་ཚིག་ཐད་ཀར་བཅོས། ཞིང་བའི་བུས་དྲང་པ་འདི་རྒྱང་འཕེན་དང་སྐྱེ་བ་སྔ་ཕྱི་འདོད་མཁན་གྱི་གྲུབ་མཐའི་འགལ་མདོ་རེད། རྣམ་ཤེས་དེ་རྣམ་ཤེས་ཞིག་གིས་ཉེར་ལེན་ལས་འབྱུང་དགོས་མིན་དེ་རེད། རྒྱང་འཕེན་པས་ནི་རྣམ་ཤེས་ནི་རྣམ་ཤེས་ཀྱི་ཉེར་ལེན་ལ་མ་རྟེན་ན་ཡང་ལུས་གློ་བུར་བ་ལས་སེམས་གློ་བུར་བ་བྱུང་བར་འདོད། ནང་པས་ནི་རྣམ་ཤེས་ནི་རྣམ་ཤེས་སམ་དེའི་བག་ཆགས་ཀྱིས་ཉེར་ལེན་ལ་རྟེན་ནས་འབྱུང་དགོས་པར་འདོད། འདིའི་སྐོར་ལ་ཞི་མཚོའི་ཚད་ཆེན་དེ་རྒྱས་པ་ཡོད་ཚོད།
གཞོན་ནུ་ཟླ་མེད་ལ་བདེན་ཁ་སྤྲོད་ཆོག
ངས་རྣམ་འགྲེལ་རྩ་བ་ངག་ཐོག་ཟིན་ནས་ད་ཕལ་ཆེར་ལོ་བཅུ་ཁ་ཙམ་འགྲོ་བཞིན་འདུག
ཕར་འཁྲིད་ཡ་འདྲ་རག་མ་བྱུང་།
ཁྱེད་ཀྱིས་གསུངས་ཡོང་དུས་གསལ་པོར་དྲན་སོན་གྱི་འདུག ཐུགས་རྗེ་ཆེ།
རྒྱང་འཕེན་པའི་གྲུབ་མཐའ་འདི་རྙོག་ཟིང་ཆེ་ཙམ་ཡོད་རེད།
ཞིབ་པར་ཤེས་འདོད་ན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡིད་བཞིན་མཛོད་པོད་དང་པོ་དང་། གྲུབ་མཐའ་མཛོད་ལ་ལྟོས་དང་བོད་འགྲེལ་ཞིག་ལ་ཁ་གསལ་ཤོས་ཡིན་རྒྱུ་རེད།
ངས་དགོངས་དག ངས་རྣམ་འགྲེལ་ལེའུ་གཉིས་པ་དེ་ཚར་གཅིག་ཁྲིད་ཚར་འདུག
རྒནཟླ་མེད་ལགས། དགོངས་དག
བདག་ནི་སྟོན་པ་གཞན་སྤངས་ནས། །
བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །
དེ་ཅིའི་སླད་དུ་ཞེ་ན་ཁྱོད། །
སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །
གཞོན་ཟླས། གསལ་སྟོན་གནང་བར་ཐུགས་རྗེ་ཆེ།
ཟླ་མེད་ལགས། ཕྱི་རོལ་བ་ཕལ་མོ་ཆེས་ཐར་པ་དང་ལས་འབྲས་ཁས་མི་ལེན་ཞེས་པ་འདི་སུའི་རང་ལུགས་ཡིན། ཕྱི་རོལ་བ་ཕལ་མོ་ཆེས་རང་རང་གི་འཐོབ་བྱའི་ཐར་པ་རེ་ཁས་ལེན་ཞིང་། དེའི་ནང་གསེས་སུ་ཚངས་པའི་གོ་འཕང་ཐར་པར་འདོད་པ་དང་གདུགས་དཀར་པོ་གྱེན་དུ་བསླངས་པ་ལྟ་བའི་གནས་ཐར་པར་འདོད་པ་སོགས་མང་ཞིང་། རང་རང་གིས་འདོད་པའི་ཐར་པ་དེ་འཐོབ་ཆེད་རིག་བྱེད་ཀྱི་ཆོ་ག་དང་འབྲེལ་བའི་སྦྱིན་སྲེག་སོགས་ཆོས་ཀྱི་བྱ་བ་སྣ་མང་སྤེལ་རྒྱུ་ཡོད་པས། སྦྱིན་སྲེག་སོགས་ཐར་པ་འཐོབ་བྱེད་ཀྱི་རྒྱུའམ་ལས་དགེ་བ་དང་ཐར་པ་ནི་དེ་དག་གི་འབྲས་བུ་ཡིན་པར་ཁས་ལེན་པས། ལས་འབྲས་དང་ཐར་པ་ཁས་མི་ལེན་པའི་གྲས་སུ་ཇི་ལྟར་འཇོག ཁྱོད་ཀྱིས་གྲྭ་ས་རྒྱ་མཚོ་ལྟ་བུ་ནས་གཞུང་ལུགས་མར་ཁུ་འདྲ་བོ་འཐུངས་དྲགས་ནས་མཁྲིས་པ་ན་གི་ཡོད་ནི་མ་རེད་ད།
།སྔོན་བྱུང་སྟེང་དུ་གྲགས་པའི་ལོག་ལྟ་ནི། །ལྷ་བུ་དྲང་སྲོང་ཤེས་དགའ་རབ་ལྡན་དེས། །སེམས་ཅན་ཚེ་འཕོས་གཟུགས་མི་ལེན་པ་གཅིག །ཁོ་ཡི་མངོན་པར་ཤེས་པས་བརླག་མཐོང་སྟེ། གཏན་གྲོགས་འཁོར་མོ་དེ་ལ་འདི་སྐད་སྨྲས། །ཀྱཻ་གཏན་གྲོགས་བཟང་མོ་རྒྱལ་ཁྱོད་འཁོར་དང་བཅས། །མ་ཤི་བར་དུ་དགའ་དགུར་བརྩེ་མཛོད་ཅིག །ཤི་ནས་དེ་ཡི་སྤྱོད་ཡུལ་མ་ལགས་ཏེ། །ལུས་བརླག་ཐལ་བ་བཞིན་དུ་སོང་བས་ན། །སླར་འཚོ་བ་ནི་ག་ལ་འགྱུར་ཏེ་དེ་ལ་ཡང༌། །སེམས་དེ་ཐེར་ཟུག་མི་འགྱུར་ལུས་རྒྱུན་ཆད། དེ་སྐད་ཟེར་བ་དེ་ལ་ལོག་པར་བཟུང།
ཡིན་ན་ཡང་ཁྱོས་ཐར་པ་དང་ལས་འབྲས་ཡིན་ན་ནང་པའི་གཞུང་ལས་གསུངས་པའི་ཐར་པ་དང་ལས་འབྲས་ཡིན་དགོས་ཟེར་གིན་ཡོད་ན་ནི་གནས་ཚུལ་གཞན་ཞིག་རེད། དེ་མ་གཏོགས་རྒྱང་འཕེན་པ་ཞེས་པའི་གྲུབ་མཐའ་ཡན་གར་བ་འདི་ཙམ་མ་གཏོགས་གྲངས་ཅན་པ་དང་སེར་སྐྱ་བ་སོགས་རང་རེའི་གྲུབ་མཐའི་གཞུང་ལས་བཤད་པའི་ལོ་ངོ་སྟོང་ཕྲག་སྔོན་གྱི་རྒྱ་གར་བའི་ཕྱི་རོལ་བ་དེ་དག་གིས་རང་རང་གི་ཁས་ལེན་པའི་ཐར་པ་དེ་འཐོབ་བྱེད་ཀྱི་དགེ་བའི་ལས་ཅི་འདྲའི་དཀའ་ཁག་ཆེ་བ་དག་སྒྲུབ་བཞིན་ཡོད་པ་རེད་ཨང་། དཔག་ཚད་དུ་མའི་ལམ་དུ་རྐང་ལག་བཞི་ས་ལ་བཙུགས་ནས་འགྲོ་བ་དང་། དབང་ཕྱག་གི་ལག་ཆ་མདུང་རྩེ་གསུམ་ཉིན་མཚན་དུས་དྲུག་ཏུ་འཆང་ནས་ལག་པའི་སེན་མོས་ལག་མཐིལ་དུ་ཨི་ཁུང་ཕུག་པ། འདོམ་དཀྲིས་ལ་སྒོ་ལྕགས་བརྒྱབ་སྟེ་ལྡེ་མིག་རྒྱ་མཚོའི་ནང་དུ་བསྐྱུར་བ། མེ་ལྔ་བསྟེན་པ། ལྕགས་ཚེར་གྱི་སྟེང་དུ་ཉལ་བ། བཤང་གཅི་བཟའ་བ་སོགས་ནི་ཁོ་ཚོའི་སྣང་ངོར་དགེ་བའི་ལས་བསགས་ཏེ་འབྲས་བུ་ཐར་པ་འདོད་པ་མ་ཡིན་ནམ།
ད་ལྟའི་རྒྱ་གར་ནང་ལ་རྒྱང་འཕེན་པའི་གཞུང་ལུགས་འཛིན་པའི་ཆོས་ལུགས་པ་ཡོད་དང་མེད། ཡོད་ན་ཁོང་ཚོས་ཀྱང་རང་གི་སྟོན་པ་རང་གི་བུ་མོར་སྤྱད་འོས་པ་འདོད་དམ། ང་ལ་ཁུངས་རྒྱ་གར་སྐད་ནང་བཞུགས་པའི་ཁུངས་ཅིག་བྱུང་ན་སྙམ་པ་ཡིན། རང་ལུགས་ནི།
གང་ཟག་རྒྱུན་དང་ཕུང་པོ་དང་། །
དེ་བཞིན་རྐྱེན་དང་རྡུལ་དག་དང་། །
གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །
སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་འདུག
།སྔོན་བྱུང་སྟེང་དུ་གྲགས་ པའི་ལོག་ལྟ་ནི། །ལྷ་བུ་དྲང་སྲོང་ཤེས་དགའ་རབ་ལྡན་དེས། །སེམས་ཅན་ཚེ་འཕོས་གཟུགས་མི་ལེན་པ་གཅིག །ཁོ་ཡི་མངོན་པར་ཤེས་པས་བརླག་མཐོང་སྟེ། ཞེས་པ་འདི་ནི། རྒྱང་འཕེན་པའི་ཁུངས་སུ་འགྲོ་བགྱིད་ཡོད་མེད་མི་ཤེས། དྲང་སྲོང་ཁ་ཅིག ལས་འབྲས་ཁས་ལེན་ཀྱང་། སྐྱེ་བ་སྔ་ཕྱི་ནི། རེ་འགའ་བ་སྟེ། དྲང་སྲོང་རང་གི་མངོན་ཤེས་ཀྱིས་གཅིག་ཤི་ནས་སྐྱེ་བ་གཞན་ཅིག་བླངས་པ་མ་མཐོང་བས་རྒྱགས་པས་རང་གཞན་བསླུས་པ་དེ་རེད་སྙམ། ད་དུང་དཔྱད་པར་འཚལ།
ཀླུ་སྨྱོན་ལགས། ཕྱི་རོལ་བ་ལ་མང་པོ་ཡོད་ཀྱང་བསྡུ་ན། ཆད་སྨྲ་གཅིག་དང་རྟག་སྨྲ་བཅུ་གཅིག་གྲགས། གསུངས་པ་ལྟར་གྱི་བཅུ་གཉིས་པོ་དེ་ལས་འབྲས་ཁས་ལེན་པའི་གྲུབ་མཐའ་གང་ཞིག་རེད། ཁྲུས་རྒྱབ་ནས་སྡུག་པ་འདགས་པར་ཁས་ལེན་པ་དང་། ལུས་ལ་གདུང་བ་རྩོམ་ནས་ཐར་བ་འདོད་པ་སོགས་ནི། ནང་པའི་ངོས་ནས་བཤད་ན་ལས་འབྲས་དང་ཐར་བར་ཁས་མི་ལེན་ལ། ཁོང་ཚོའི་ངོས་ནས་ཀྱང་དེ་ལ་ལས་འབྲས་ཟེར་གྱི་མ་རེད།
ཟླ་མེད་ལགས། ཆད་མཐའ་སྨྲ་བ་གཅིག་པུ་འདི་ཉིད་ནི། ཚུལ་རོལ་མཛེས་པ་བའམ་ལས་འབྲས་དང་སྐྱེ་བ་སྔ་ཕྱི་རྒྱང་རིང་དུ་འཕེན་ཙང་མིང་དེ་ལྟར་ཐོབ་པ་རེད། གཞན་རྣམས་ཀྱང་ནང་པས་བལྟས་ན། རྟག་མཐའ་ཙམ་མ་ཟད་ཆད་མཐའ་ཡང་ལྷུང་བ་རྐྱང་རྐྱང་ཡིན་པ་འདོད་དགོས་རེད། རྒྱང་འཕེན་པ་མ་ཡིན་པའི་མུ་སྟེགས་པའི་ལུགས་ལ་དགེ་སྡིག་ལས་འབྲས་དང་རང་རང་གི་འདོད་པའི་ཐར་པ་ཅིག་མེད་པར་འདོད་ན། དེ་དག་ཆོས་པའམ་ཆོས་ལུགས་པ་མ་ཡིན་པའི་ཐལ་བའི་སྐྱོན་ཡོད་རེད། ནང་པའི་གནས་མ་བུའི་སྡེ་པས་ཀྱང་། ནང་པའི་ཐར་པ་འདོད་ཀྱང་། ནང་པའི་ཐར་པ་སྒྲུབ་མི་ཐུབ་པར་འདོད་དགོས་སྙམ། ད་དུང་དཔྱད་རོགས་གནོངས།
ལས་བསགས་ན་འབྲས་བུ་ཡོད་པར་འདོད་པ་དང་། ལས་ངན་པའི་འབྲས་བུ་རྫོགས་ན་ཐར་པ་ཐོབ་རྒྱུ་ཡོད་པར་ཁས་ལེན་ཕྱིན་ཆད་ལས་འབྲས་འདོད་མཁན་དང་ཐར་པ་འདོད་མཁན་གྱི་གྲས་སུ་འཇོག་དགོས། ནང་པ་ལ་ཆ་རྐྱེན་འདི་དག་ཚང་ལུགས་ཀྱང་འདི་ཙམ་ལས་འཇོག་རྒྱུ་ཡོད་ནི་མ་རེད། ཡིན་ན་ཡང་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་གྱིས་ལས་ཀྱི་འཇོག་སྟངས་དང་དེའི་འབྲས་བུ་འཇོག་སྟངས། ལས་དེ་འཛད་བྱེད་ཀྱི་ལམ་དང་དེ་ཐོབ་པའི་ཐར་པའི་འཇོག་སྟངས་སོགས་མི་འདྲ་བ་ལོས་ཡོད། ཡིན་ན་ཡང་ལས་འབྲས་དང་ཐར་པ་ཞེས་ཚིག་རང་གི་འབྲེལ་བཤད་ལ་འཇུས་ན་འདི་ལ་ཕྱི་ནང་གི་ཁྱད་པར་ཅང་ཡོད་ནི་མ་རེད། དཔེར་ན་ཟ་མ་བཟོ་མཁན་དང་བཟའ་མཁན་ཞེས་པ་བཞིན་རེད། མ་རེད་པས།
འགྲེལ་བཤད་་
ཀརྡོ་ལགས་ཀྱི་རིགས་པའི་ཕུད་ན་དེ་ལྟར་ཁས་ལེན་ཡིན་སྲིད་མོད། འོན་ཀྱང་དེ་ལྟར་བྱས་ན་ནང་པ་ཡང་ཕྲ་རུ་སོང་ནས་གནས་མ་བུ་བ་ཙམ་མ་ཡིན་པར་གཞན་དག་ཀྱང་དེ་ལྟར་ཐར་བ་ཁས་མི་ལེན་པར་འགྱུར། གང་ལགས་ཞེ་ན། གྲུབ་མཐའ་རང་རང་གི་ཐར་བ་ཐོབ་པ་ལ་རང་རང་གིས་བཤད་པའི་བདག་མེད་སྒོམ་དགོས། དཔེར་ན་དབུ་མ་བའི་ལུགས་བཞིར་བཞག་ནས་བཤད་ན། སེམས་ཙམ་པ་མན་ཆད་ཀྱིས་དབུ་མ་བས་བཤད་པའི་བདག་མེད་དེ་རྟོག་མི་ཐུབ་པས་ཐར་བ་ཡང་ཐོབ་མི་ནུས། དེ་ལྟར་ན་ཁོང་ཚོས་ཁས་ལེན་པའི་ཐར་བ་ནི་དབུ་མ་བས་བཤད་པའི་ཐར་བ་མིན་ཞིང་། དབུ་མ་བས་བཤད་པའི་ཐར་བ་ནི་སེམས་ཙམ་པ་མན་ཆད་ཀྱིས་ཁས་ལེན་མི་ནུས་པས་ཐར་བ་ལ་རྒྱང་འཕེན་པར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་དེ། རང་རང་གི་ལུགས་ནས་བཤད་པའི་ལམ་དང་བདག་མེད་བསྒོམ་ནས་རང་རང་གིས་འདོད་པའི་ཐར་བ་དེ་ནི། དབུ་མ་བས་ཀྱང་ཉོན་མོངས་རགས་པ་ཉེ་བར་ཞི་བའི་ཐར་བར་འདོད་པས་ཐར་བ་ཁས་ལེན་མཁན་ཡིན་ཟེར་དགོས་སམ་སྙམ།
དེ་བཞིན་དུ་ཕྱི་རོལ་རྟག་ལྟ་བཅུ་གཅིག་པོ་ཚང་མ་ཐར་བ་ཁས་ལེན་མཁན་ཡིན་པར་ཐལ། རང་རང་གི་གཞུང་ན་ཐར་བ་ཙམ་བཤད་བཞིན་ཡོད་པའི་ཕྱིར་རོ་ཞེ་ན། མི་འདྲ་སྟེ། རྟག་ལྟ་བས་བཤད་པའི་ཐར་བ་དེ་གཏན་མེད་ཡིན་པའི་ཕྱིར་རོ། དཔེར་ན་སྟེང་ན་གདུགས་དཀར་བོ་གྱེན་དུ་བསླངས་པ་ལྟ་བུ་སྟེ། བ་ཞོ་བ་མོ་མུ་ཏིག་མདོག། ཐར་བ་ཡིན་པར་རྒྱལ་བས་བཤད།། ཟེར་བ་ལྟ་བུ་ནི་གཏན་ནས་གཞི་མ་གྲུབ་པ་ཞིག་གཞི་གྲུབ་པར་སྨྲ་བཞིན་པས་རྟག་ལྟ་ཟེར་བ་ལས་ཆད་ལྟ་མི་ཟེར། མེད་པ་ལ་ལྷག་པར་སྒྲོ་བཏགས་ནས་ཡོད་པར་བཤད་པ་ནི་རྟག་ལྟ་ཡིན་པ་ལས་ཆད་ལྟ་མིན། ཡོད་པ་ལ་མེད་པར་སྐུར་བ་བཏབས་ནས་སྨྲ་བ་ནི་ཆད་ལྟ་ཡིན་པ་ལས་རྟག་ལྟ་མི་ཟེར།
དེ་ནས་ཀླུ་སྨྱོན་གྱིས༼ཡིན་ན་ཡང་ལས་འབྲས་དང་ཐར་པ་ཞེས་ཚིག་རང་གི་འབྲེལ་བཤད་ལ་འཇུས་ན་འདི་ལ་ཕྱི་ནང་གི་ཁྱད་པར་ཅང་ཡོད་ནི་མ་རེད། དཔེར་ན་ཟ་མ་བཟོ་མཁན་དང་བཟའ་མཁན་ཞེས་པ་བཞིན་རེད། མ་རེད་པས།༽ གསུངས་པ་འདི་ནི་རིགས་པ་དང་གཞུང་ལུགས་ལ་མ་རྟེན་པར་རང་གིས་ཐུགས་བསམ་བཞེས་ཚུལ་ཞིག་ཡིན་པས། དེ་ལ་ཅུང་ཟད་དཔྱད་ན། ཕྱི་རོལ་བ་ལ་ཁྱོད་ཀྱིས་ལས་འབྲས་ཁས་ལེན་ནམ་ཟེར་ནས་དྲིས་ན། ཁོང་ཚོས་ཁས་མི་ལེན་ཟེར་རྒྱུ་རེད། ནང་པ་ལ་ཕྱི་རོལ་བས་ལས་འབྲས་ཁས་ལེན་ནམ་ཞེས་དྲིས་ན་ནང་པས་ཕྱི་རོལ་བས་ལས་འབྲས་ཁས་མི་ལེན་ཟེར་ནས་གསུངས་རྒྱུ་རེད། ཕྱི་རོལ་བ་རང་གིས་རང་ཉིད་ཀྱི་ལས་འབྲས་ཁས་མི་ལེན་ཟེར་ཞིང་། ནང་པས་རིགས་པས་བརྟག་ན་ཡང་ཕྱི་རོལ་བས་ལས་འབྲས་ཁས་མི་ལེན་བཞིན་དུ། ང་ཚོས་དཔྱད་ཁོང་ཚོས་ལས་འབྲས་ཁས་ལེན་ཞེས་ཅི་ལྟར་སྨྲ་ཐུབ། འོན་ཀྱང་གཅེར་བུ་བ་ལ་ལྟ་རྒྱུ་ཞིག་ཡོད་ས་རེད་དྲན། གང་ཡིན་ཟེར་ན་གཅེར་བུ་བ་ནི་ཆད་ལྟ་བ་མིན་ལ། རྟག་ལྟ་བར་བགྲང་ན་ཡང་འཇིག་རྟེན་བྱེད་པོ་ནི་ཁས་མི་ལེན་པར་གྲགས་པས། ནང་པས་བཤད་བཞིན་པའི་ལས་འབྲས་ཀྱིས་བསྐྱེད་པ་ཁས་ལེན་པ་མིན་ནམ་སྙམ་མོ།
གཅིག་བྱས་ནས་ཀླུ་སྨྱོན་གྱིས་ཐུགས་བསམ་བཞེས་ཚུལ་འདི་ལྟར་ཡིན་སྲིད། དཔེ་ན་ཕྱུགས་ཀྱིས་མཆོད་བཞིན་བྱེད་པ་ནི་བྱ་བྱེད་ལས་གསུམ་གྱི་ནང་ནས་ལས་ཡིན། དེ་ལས་ཐར་བ་ཐོབ་ཀྱི་ཡོད་པར་ཕྱི་རོལ་བའི་གཞུང་ནས་བཤད་པ་ནི་འབྲས་བུ་ཞིག་ཡིན་པས་ལས་འབྲས་རིགས་པའི་ཕུད་ཀྱིས་ཁས་ལེན་པར་འཇོག་དགོས་ཟེར་ནས་རིགས་པས་ཕུད་ལ་བསམ་བློ་གཏོང་བཞིན་ཡོད་ན། ཡང་དཔྱད་པར་བྱ་སྟེ། དེ་ནི་ཕྱི་རོལ་བས་ལས་དེའི་འབྲས་བུར་ཁས་མི་ལེན་པར། ལས་ཀ་དེ་བྱས་པས་ལྷ་ཆེན་པོ་ཐུགས་དགྱེས་ཞིང་། ལྷ་ཆེན་པོས་ཕྱི་རོལ་བའི་གཞུང་ལུགས་ནས་བཤད་པའི་ཐར་བའི་ས་ལ་བསྐྱལ་བ་ཞིག་ཡིན་པས་ལས་འབྲས་ཀྱི་དོན་མེད། ནང་པའི་ལྟ་ཚུལ་བྱས་ན་ཡང་དེ་ནི་མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་འབྱུང་མི་སྲིད་པས་ལས་འབྲས་ཀྱི་དོན་མེད་དོ།
ད་ཟླ་མེད་འདིས་སྔོན་དཔེ་ཆར་བལྟས་པ་ཚང་མ་བརྗེད་ཟིན་པ་དང་། ངས་སྔོན་དཔེ་ཆར་གཅིག་ཀྱང་མ་བལྟས་ཀྱང་རྟོགས་སྨྱོན་གྱི་ཀློང་ནས་ཆོས་ཀུན་སྐད་ཅིག་ཁོང་དུ་ཆུད་པ་ལྟ་བུ་ཞིག་ནི་འདུག་ཀྱང་དེ་ལྟར་མིན་པའི་སྨོན་ལམ། ཕྱི་རོལ་བ་རང་གི་གཞུང་དང་གཏམ་རྒྱུད་དུ་ཁོ་རང་ཚོའི་ལུགས་ཀྱི་དགེ་སྡིག་གི་རྣམ་གཞག་དང་ཁོ་ཚང་ཚོའི་ལུགས་ཀྱི་སྡིག་པ་འདག་བྱེད་ཀྱི་ཆོ་ག་མང་པོ་ཞིག་བསྟན་ཡོད་པ་དེ་ནི་ནང་པའི་ལུགས་ལ་ཡང་ཁོ་རང་ཚོའི་ལུགས་ལ་ལས་འབྲས་དང་ཐར་པ་ཁས་ལེན་པའི་སྒྲུབ་བྱེད་མིན་ན་ཅི་ཞིག་ཡིན། སྔོན་མར་གྲྭ་ས་རུ་རྟོག་གེ་པ་ཚོའི་ངའི་ལུགས་ལ་ཁྱོད་ཀྱི་རང་ལུགས་གཞིར་བཞག་ཟེར་བ་ལྟ་བུའི་རིགས་འཕྲུལ་རེ་གོ་མྱོང་ཡོད་ཀྱང་དེ་ནི་ངའི་ངའི་རྨི་ལམ་ནང་གི་ཁྱོད་ཀྱི་རྨི་ལམ་ནང་གི་ཞེས་པ་བཞིན་མགོ་ཉོག་པའི་རྒྱུ་ལས་ལེན་རྒྱུ་ཅང་ཡོད་མེད་ཞེ་དྲགས་མི་ཤེས་ཀི
ཟླ་མེད་ལོ་ལོ། ཁྱོས་ཉི་མ་རེ་རེ་བཞིན་ཆུ་མོ་གངྒྰའི་ནང་དུ་ཕྱི་རོལ་བ་སྟོང་ཕྲག་ཁྲི་ཕྲག་གིས་སྡིག་པ་འདག་ཕྱིར་ཁྲུས་བྱེད་བཞིན་པ་དེ་མ་མཐོང་བ་མིན་ནམ། ཡིན་ན་ནི་ཁོ་ཚོའི་ལུགས་ལ་ལས་དགེ་སྡིག་གསོག་རྒྱུ་ཡོད་པ་དང་། སྡིག་པ་འདག་རྒྱུ་ཡོད་པ། སྡིག་པ་དག་ཚར་ན་ཐར་པ་ཐོབ་པ་ཡིན་ལུགས་སོགས་ཀྱི་རྣམ་གཞག་རྒྱས་པོ་ཞིག་ཡོད་དམ་མེད།
ཁྱོད་ཀྱི་བཤད་སྟངས་དེ་ལས་ཕྱི་རོལ་བའི་ལུགས་མང་པོ་ཞིག་གིས་ལས་འབྲས་དང་ཐར་པ་ཁས་ལེན་གྱི་རེད། ཡིན་ན་ཡང་དེ་ནི་ནང་པས་འདོད་པའི་ལས་འབྲས་དང་ཐར་པའི་རྣམ་གཞག་དང་འདྲ་གི་མ་རེད་ཅེ་ན་གྲྭ་སའི་དགེ་བཤེས་ཤིག་གི་བརྗོད་སྟངས་རེད།
ཉིད་ཀྱིས་མཁྱེན་དམ། ད་ལྟ་མི་དུང་ཕྱུར་མང་པོའི་ཁ་ན་རྒྱུ་བའི་ཡོངས་ཁྱབ་ཀྱི་མིང་ཚིག་ཀརྨ་ཞེས་པ་འདི་དང་ཐར་པའི་སྐད་དོད་ནེརབན་ཞེས་པ་འདི་གཉིས་སངས་རྒྱས་མ་བྱོན་གོང་ནས་ཕྱི་རོལ་བའི་རྒད་པོ་དག་གིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཡང་ནས་སྐྱར་དུ་བཟླས་ཟིན་པའི་ཚིག་རྙིང་པ་རྙིང་ནག་ཅིག་རེད་ལོ།།
ལང་གཤེགས་ལས། བློ་གྲོས་ཆེན་པོ། མུ་སྟེགས་བྱེད་ཁ་ཅིག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འགོག་པ་དང་ཡུལ་ལ་འདོད་ཆགས་དང་བྲལ་བ་དང་། ཞེས་པ་ནས། བློ་གྲོས་ཆེན་པོ། གཞན་དག་ནི་ཡུལ་ལ་རྣམ་པར་རྟོག་པ་ཟད་པས། མདའི་ཤུགས་ཟད་པ་བཞིན་དུ་ཡུལ་གཞན་གྱི་གནས་སུ་སོང་ནས་ཐར་པའོ་ཞེས་བརྗོད་དོ། །ཞེས་དང་། གྲུབ་མཐའ་ཆེན་མོའི། རྒྱུ་འབྲས་ལྷ་སོགས་མི་འདོད་འདོད་བཤད་ཕྱིར། །ཞེས་པའི་འགྲེལ་པའི་ཐད་དུ། ཆད་སྨྲའམ་མེད་སྨྲ་ལ་རྒྱུ་འབྲས་དང་། ལྷ་སོགས་འགྲོ་བ་དྲུག་དང་། སྐྱེ་བ་སྔ་ཕྱི་རྣམས་འདོད་པ་གཅིག་ཡོད་པ་ནི་ཞེས་དང་། འཇིག་རྟེན་མིག་གི་རྗེས་འབྲངས་གང་ཡིན་ལའང་རྒྱུ་འབྲས་ཀྱི་ཐ་སྙད་གང་ཡང་ཁས་མི་ལེན་པས་མ་ཁྱབ་པའི་ཕྱིར་ཞེས་དང་། དེའི་ཐད་ན་ནས་ཅུང་བཀླགས་ན། མ་འོངས་པའི་དུས་ན་དགེ་སློང་དག་འཁོར་དག་གི་དབུས་ན་སེང་གེའི་ཁྲི་ལ་འདུག་སྟེ་འཇིག་རྟེན་རྒྱང་འཕེན་པའི་གཞུང་འཆད་ཅིང་། དེའི་བསྔགས་པ་སྨྲ་བར་བྱེད་དོ། །ཞེས་པ་ཞིག་ཀྱང་འདུག་གོ
ཨ་རོགས། འཇུག་སྟོབས་ཕ་བུ་གཉིས་ཀ་ཆོས་གྲགས་དང་དུས་མཉམ་རེད་ཟེར་ནས་ད་ལྟ་ཁྱེད་ཀྱིས་དྲང་བཞིན་པའི་གྲུབ་མཐའ་ཆེན་མོའི་ལུང་དེའི་སྔ་ཕྱི་ཅིག་ན་འདུག་ཀ ལང་གཤེགས་ནི་དེའི་སྔོན་སྔོན་ནས་གསུངས་ཚར་བ་ཞིག་རེད།
ནེར་བ་ན་ཟེར་བའི་ཐར་བའི་སྐད་དོད་དེ་ཕྱི་རོལ་རྟག་ལྟ་བ་ཚང་མའི་ཁ་ལ་ཡོད་པ་རེད། འོན་ཀྱང་ཀརྨ་ཟེར་བ་དེ་ཚང་མས་ཁས་ལེན་གི་ཟེར་ན་ངས་སྣ་བར་མི་འགྲོ འོན་ཀྱང་གཅེར་བུ་བ་ལ་ལྟ་རྒྱུ་ཞིག་འདུག་ཟེར་ནས་གོང་ནས་བཤད་ཡོད།
ཡེ་ཤུ་པས་ཀྱང་། ཀརྨ་ཞེས་ཐ་སྙད་མེད་ཀྱང་། ལས་འབྲས་ཙམ་ཞེ་ཕུག་ལ་ཁས་བླངས་ནས། རང་གི་བྱེད་པོ་དཀོན་མཆོག་གི་བཀའ་དང་འགལ་དྭོགས་ནས་འཇིགས་པ་དང་། གལ་སྲིད་བཀའ་དང་བརྒལ་ན། རང་གཞུང་ནས་བཤད་པའི་དམྱལ་བ་དེ་ལ་སྐྱེ་ཡོང་སྙམ་པའི་དད་འཇིགས་ཀུན་ནས་བླངས་པི་སྐྱབས་འགྲོ་ཞིག་ཀྱང་ཡོད་རེད་ཟླ་མེད་ལགས།
དེས་ན་རང་ལྟ་ཆོག་འཛིན་བཞག་ནས། ཆོས་ལུགས་གཞན་ལ་གུས་རྩི་དགོས་སྟངས་འདི་ཡིན་པ་ཙམ་མ་ཟད། མཐུན་ལམ་ལ་ཡང་ཤིན་ཏུ་ཕན་ཆེ་བ་ཡོད་རེད། འོན་ཀྱང་། ཁོང་ཚོ་ནང་པ་ཡིན་པར་ཐལ། དེ་འདྲའི་སྐྱབས་འགྲོ་ཡོད་ལ་ལས་འབྲས་ཞེ་ཕུག་ཁས་བླངས་པའི་ཕྱིར། ཞེས་སླར་མ་རྩོད་རོགས།
ཀརྡོ་དྲིན་ཆེན་པོ། ཆོས་ལུགས་ཚང་མའི་གཅིག་ཡིན་པར་འདོད་པ་ནི་བསམ་གཟས་ནས་ཆོས་ལུགས་པར་དུ་དཀྲུགས་པ་ཞིག་ལས། ཆོས་ལུགས་སོ་སོའི་འདོད་ཚུལ་སོ་སོ་ཡིན་པར་བཤད་པ་ནི་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་ལ་གནོད་པ་ཞིག་ག་ལ་ཡིན། དཔེར་ན་རོམ་གྱི་ཡེ་ཤེ་པ་ཞིག་ལ་ཁྱོད་ཀྱི་ལས་འབྲས་དོན་ལ་ཁས་ལེན་གྱི་འདུག་ལབ་དང་། ཁྱེད་རང་རྡོ་རྡུང་ལ་གཏོང་གི་རེད། དེ་བཞིན་དུ་ཁ་ཆེ་ཞིག་ལ་ཁྱོད་ཀྱི་ལས་འབྲས་དོན་ལ་ཁས་ལེན་གྱི་འདུག་ཟེར་ནས་ཤོད་དང་ཡང་རྡོ་རྡུང་གཏོང་གི་རེད། དེ་ལས་ཆོས་ལུགས་སོ་སོའི་འདོད་ཚུལ་མ་འདྲེས་པར་བཤད་པ་གལ་ཆེན་པོ་རེད། ཕར་་བསྲེས་ཚུར་བསྲེས་བྱེད་པ་ནི་ཆོས་ལུགས་མཐུན་ལམ་ཡིན་ཟེར་ན་དེ་ནི་ཁས་ལེན་ཐབས་མེད་པ་ཞིག་རེད། དཔེ་ན་ནང་པས་ཁ་ཆེའི་བཤད་པའི་འཇིག་རྟེན་བྱེད་པོ་ཨ་ལྰ་ཁས་ལེན་གྱི་འདུག གང་ཡིན་ཟེར་ན་ཁོ་རན་ནས་བཤད་པ་ལྟར་ན། འཇིག་རྟེན་བྱེད་པོ་ནི་ཨ་ལྰ་ཡིན། སྡིག་པ་བྱས་ན་ཨ་ལྰས་ཆད་པ་གཅོད་ལ། དགེ་བ་བྱས་ན་ཨ་ལྰས་ཁྱེད་རང་ཁོང་གི་ཞིང་ཁམས་སུ་ཁྲིད་པ་དོན་ལ་ལས་འབྲས་རེད་ཟེར་ནས་བཤད་ན། ཁྱོད་ཀྱིས་ལན་ཇི་ལྟར་འདེབས། ཁྱོད་ཀྱིས་བཤད་པའི་རྒྱུ་མཚན་གཉིས་ཀ་ཚང་བསྡད་ཡོད་པ་རེད།
ཟླ་མེད་ལགས། ང་རང་གཉིས་བར་གྱི་བསམ་ཚུལ་དེ། གཞན་ལ་བཤད་ནས་རྡོར་བརྡུང་གཟེད་ཀར་རྒྱུགས་ངས་ལབ་མེད་དོ། དགེ་སྡིག་བླང་དོར་བྱེད་སྟངས་ཆ་འདྲ་བ་ཡོད་པ་དང་། དག་སྣང་སྦྱོང་ཚུལ་རང་གི་ཉམས་མྱོང་ཙམ་བཤད་པ་ཡིན། ཐབས་མི་མཁས་པའི་ཤོད་ས་ནོར་བའི་རྒྱག་བརྡུང་ང་ཡང་གཟེད་འདོད་མེད་དོ།
བར་འདི་ནས་དགེ་བཤེས་ཟླ་མེད་དང་ཀརྡོ་བ་གཉིས་ལ་དྲི་བ་འདི་དྲིས་ན་ཏག་ཏག་རེད་བསམས་སོང་། ཁ་ཆེ་བ་ཆོས་དམག་བརྒྱབ་སྟེ་རང་དང་གསོད་བྱ་གཉིས་ཀ་ཨ་ལའི་དྲུང་དུ་འགྲོ་ཐུབ་པའི་དམ་བཅའ་བརྟན་པོ་ཡོད་མཁན་ཞིག་གིས་འབར་རྫས་ཤིག་བཀད་དེ་དུས་གཅིག་ལ་མི་ལྔ་བཅུའི་སྲོག་བཅད་ཚར་བའི་རྗེས་སུ་མི་དེ་ཁོ་རང་ཚོའི་སྣང་ངོའི་ཨ་ལའི་དྲུང་དུ་སྐྱིད་པོ་གཏོང་གི་འགྲོ་བ་རེད་དམ། ནང་པའི་ཆོས་ནས་བཤད་པའི་དམྱལ་བ་ལ་སྡིག་པོ་མྱོང་གི་འགྲོ་གི་རེད་དམ།
འདི་ལ་ཁ་ཆེ་བའི་སྣང་ངོར་ཨ་ལའི་དྲུང་དུ་འགྲོ་བ་དང་། ནང་པའི་སྣང་ངོར་དམྱལ་བར་འགྲོ་བ་ཡིན་ཟེར་དགོས་སམ། དེ་ལྟར་འགྲོ་ན་ཨ་ལའི་དྲུང་དུ་འགྲོ་མཁན་གྱི་གང་ཟག་ཅིག་དང་དམྱལ་བར་འགྲོ་མཁན་གྱི་གང་ཟག་གཉིས་ཡོད་པ་རེད་དམ།
དེ་བཞིན་ཡེ་ཤུ་བ་ཡེ་ཤུའི་ཆོས་ལ་དད་པ་ལྡན་པ་དག་ཤི་བའི་རྗེས་སུ་གང་དུ་འགྲོ ཁོ་ཚོའི་དཀོན་མཆོག་གི་དྲུང་དུ་འགྲོ་འམ། ཡང་ན་ནང་པས་ཁས་ལེན་པའི་འགྲོ་བ་རིགས་དྲུག་ཏུ་འཁྱམ་དགོས། ཡང་མིན་ན་གོང་དུ་བཤད་པ་ལྟར་ཁོ་ཚོའི་དཀོན་མཆོག་གི་དྲུང་དུ་འགྲོ་མཁན་ཞིག་དང་ནང་པའི་ལུགས་ལ་འཁོར་བར་འཁོར་མཁན་གྱི་གང་ཟག་གཉིས་ཡོད་དམ། དེ་ཡོད་ན་ཕྱི་ནང་གི་ལུགས་ཀྱི་ཟླ་མེད་གཉིས་དང་ཀརྡོ་གཉིས་ཡོད་པར་མི་འགྱུར་གྲང་།
ངས་དཔེ་ཆ་མི་ཤེས་པས་འདི་འདྲའི་རིགས་ཀྱིས་མགོ་ཉོག་འགྲོ་གིན་འདུག
གསད་བྱ་་་་
དེ་བཞིན་ནང་པའི་ཆོས་དང་བཤད་པའི་དག་ཞིང་དེ་འདྲ་ཡོད་པ་མ་གཏོགས། ཁ་ཆེ་དང་ཡེ་ཤུ་ཇུའུ་ཆོས་སོགས་ནས་བཤད་པའི་དཀོན་མཆོག་གི་ཞིང་ཁམས་དེ་འདྲ་ཞིག་མེད་ཅེས་ཁས་ལེན་བརྗོད་དགོས་སམ། གལ་སྲིད་དགོས་ན་རྒྱ་གར་ཚངས་པ་བ་སོགས་ཀྱིས་བརྗོད་པའི་ཚངས་པ་དང་དེའི་གོ་འཕང་འཐོབ་རྒྱུ་ཡོད་པ་དེ་ནང་པས་ཀྱང་ཁས་ལེན་པའི་རྒྱུ་མཚན་ག་རེ་རེད། ཚངས་པའི་གོ་འཕང་འཐོབ་རྒྱུ་ཡོད་ན། ཨ་ལ་དང་དཀོན་མཆོག་གི་དྲུང་དུ་འགྲོ་རྒྱུ་ཡོད་པའི་ཁ་ཆེ་དང་ཡེ་ཤུ་རྗེའུ་སོགས་ཀྱི་ཁས་ལེན་དེ་ཡང་བདེན་པར་ཁས་མི་ལེན་པའི་རྒྱུ་མཚན་ཡོད་དམ། ནང་པ་དང་རྒྱ་གར་ཕྱི་རོལ་བ་ཁ་ཅིག་གིས་དམྱལ་བར་སྐྱེས་ཀྱང་སྡིག་པ་དག་ཚར་ན་སླར་ཡང་བདེ་འགྲོའི་ལུས་རྟེན་འཐོབ་རྒྱུ་ཡོད་པ་འདི་བདེན་ནམ། ཡང་ན་ཁ་ཆེ་དང་ཡེ་ཤུ་བའི་འདོད་པ་བཞིན་དམྱལ་བར་སྐྱེས་ན་ནམ་ཡང་ཐར་རྒྱུ་མེད་པ་དེ་བདེན། དོན་ངོ་མར་དམྱལ་བ་ཞེས་པ་ཞིག་ས་འདིའི་འོག་ན་ཡོད་དམ་མེད། ལྷག་པར་དུ་གྲང་དམྱལ་ཞེས་པའི་འཁྱག་རོམ་གྱིས་ཁེངས་པའི་ཡུལ་གྲུ་དུས་རྟག་པར་ཁ་བ་འབབ་བཞིན་པའི་འཇིག་རྟེན་ཞིག་སའི་གོ་ལའི་ཁོག་པར་ཡོད་དམ། དེ་བཞིན་དམྱལ་བའི་གྲོང་ཁྱེར་དེ་ཡང་སའི་ཁོག་ཏུ་ཡོད་དམ།
ནང་པའི་ཆོས་ནས་བཤད་པའི་་་
ཀླུ་སྨྱོན་མཁས་དབང་ཁྱེད་ལྟ་བུས་མི་མཁྱེན་པ་མེད་ཀྱང་། ཁེངས་སྐྱུངས་ནས་ངས་དཔེ་ཆ་མི་ཤེས་གསུངས་པ་དང་། དེང་སང་མི་མང་པོའི་བསམ་བློར་དང་མཐུན་པ་འདི་ལྟར་དྲི་བ་འདྲི་བ་ལ་དགོས་པ་ལན་སྐབས་འཕྲལ་བློ་ལ་གང་ཤར་ཞིག་འབུལ་འདོད་པས།
དང་པོ། ་་་་”ཁ་ཆེ་བ་ཆོས་དམག་བརྒྱབ་ སྟེ་རང་དང་གསོད་བྱ་གཉིས་ཀ་ཨ་ལའི་དྲུང་དུ་འགྲོ་ཐུབ་པའི་དམ་བཅའ་བརྟན་པོ་ཡོད་ མཁན་ཞིག་གིས་འབར་རྫས་ཤིག་བཀད་དེ་དུས་གཅིག་ལ་མི་ལྔ་བཅུའི་སྲོག་བཅད་ཚར་བའི་ རྗེས་སུ་མི་དེ་ཁོ་རང་ཚོའི་སྣང་ངོའི་ཨ་ལའི་དྲུང་དུ་སྐྱིད་པོ་གཏོང་གི་འགྲོ་བ་ རེད་དམ། ནང་པའི་ཆོས་ནས་བཤད་པའི་དམྱལ་བ་ལ་སྡིག་པོ་མྱོང་གི་འགྲོ་གི་རེད་དམ།”
རང་ཅག་ནང་པས་ནི། འབར་རྫས་པ་འུ་ཐུག་སྙིང་གཅེས་རྒྱུ་ཁོང་། ཨལ་ལྰ་དང་ཨལ་ལྰེའི་ཞིང་ཁམས་ཀྱི་རྒྱུ་ངོས་བཟུང་རྒྱུ་མེད་པས་འབྲས་བུ་ནམ་མཁའི་མེ་ཏོག་སྐྱེས་ས་ལ་ཁོ་སྐྱེ་མི་ཐུབ་པས། དེ་ཡི་སྐྱེ་བ་ཕྱི་མ་དེ་མ་ཐག་ཏུ་ནང་ཆོས་ནས་བཤད་པའི་དམྱལ་བ་འགྲོ་བའི་ངེས་པ་ཡང་མེད་དེ། ཉེ་བ་གང་དང་གོམས་པ་གང་། །སྔ་མ་སྔ་མ་རྣམ་སྨིན་རྒྱུ། །ཞེས་གསུངས་པ་ལྟར། ལས་འབྲས་བང་རིམ་གྱི་ཆོག་མཆན་དང་བསྟུན་དགོས།
མཆན་བུ་༤༨པའི་ལན་དུ།
རྒྱུ་མེད་རང་འབྱུང་འཇིག་རྟེན་བཀོད་པོ་འདོད་ཕྱིན་ཆད། དེ་ཡི་གཞུང་ལུགས་ལས་ཐོན་པའི་ཞིང་ཁམས་དང་དམྱལ་བ་ནི། རང་སྡེས་བལྟས་ན། དོན་འགྱུར་གྱི་ཐེ་ཚམ་ཙམ་དུ་སོང་བའི་ཆོས་གཏམ་ཞིག་ལས་ཁུངས་ཐུབ་བཤད་ཐུབ་མེད།
ཚངས་པའི་འཇིག་རྟེན་ནི། གོང་དང་མི་འདྲ་སྟེ། ལས་ལ་གསུམ་ལས། བསོད་ནམས་མ་ཡིན་པ་དང་། བསོད་ནམས་ཀྱི་ལས་གཉིས་ལས། འགྲོ་བ་རིགས་དྲུག་དང་། མི་གཡོ་བའི་ལས་ཀྱི་འབྲས་བུར། ལྷ་ཚངས་པ་དང་ཚངས་པའི་འཇིག་རྟེན་གཉིས་ཀར་མི་གཡོ་བའི་ལས་ཀྱི་འབྲས་བུ་ཡིན་པས་སོ། མདོར་ན། ཚང་པ་ནི་གཟུགས་ཁམས་ཀྱི་ལྷ་དམའ་ཤོས་ཡིན་པ་དང་། གཟུགས་གཟུགས་མེད་གཉིས་ཀ་མི་གཡོ་བའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །
དེ་ཡང་༧རྗེ་ཡི་དབུ་མ་དགོངས་པ་རབ་གསལ་ལས། ་་་ སེམས་གཙོ་བོ་ཡིན་པ་འདི་ཉིད་བསྟན་པའི་ཕྱིར་བཤད་པ་དེ་ལ་སེམས་ཅན་གྱི་འཇིག་རྟེན་ནི་རང་གི་སེམས་ཀྱི་བསགས་པའི་ལས་དང་ཉོན་མོངས་པས་བདག་གི་དངོས་པོ་རྙེད་པ་ཡིན་ལ། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་ནི་སེམས་ཅན་དེ་དག་ཁོ་ནའི་སེམས་ཉིད་ཀྱིས་བསགས་པའི་ཐུན་མོང་མ་ཡིན་པའི་ལས་ཀྱིས་འགོད་པ་སྟེ་སྐྱེད་དེ། རླུང་གི་དཀྱིལ་འཁོར་ནས་འོག་མིན་གྱི་སྣོད་ཀྱི་མཐར་ཐུག་པའོ། །
འོ་ད་དམག་འཁྲུག་གི་སྐོར་ནས་བཤད་ན་ཆོས་ལུགས་མང་ཆེ་ཤོས་གཅིག་པ་རེད། ཐབས་མཁས་པ་ཡོད་མིན་ཙམ་ཞིག་རེད། ཨ་རི་དང་ཨེ་རཀ་གཉིས་ཀས་དང་པོ་ལོ་ངོ་བཅུའི་སྔོན་དུ་དམག་ཤོམ་སྐབས་སུ། ས་ཏི་ཧུ་སན་ནས་རལ་གྲི་ལག་ལ་བཟུང་སྟེ། ང་ཚོ་ཁ་ཆེ་ཆོས་ལུགས་ཀྱི་བསྟན་དགྲ་ཁོ་ཚོ་ལ་སྲོག་ཕར་བསྔོས་བྱས་ཏེ་འཛིང་གི་ཡིན། གང་གི་ཆེད་དུ་ན། ང་ཚོ་ཁ་ཆེ་དང་ཁ་ཆེའི་ཆོས་ལུགས་ཀྱི་ཆེད་དུ་འཛིང་གི་ཡིན། ཨལ་ལྰ་ནས་དཔང་པོ་དང་མགོ་སྐྱབས་གནང་རོགས་ཞེས་ཨལ་ལྰ་ལ་བོས་ནས་དམག་བཤམས། དེ་བཞིན་དུ་སྲིད་འཛིན་བྷི་ཤི་ནས་ཀྱང་དམ་ཆོས་བྷ་ཡེ་བྷོལ་ལག་ཏུ་བཟུང་ནས། བསྟན་དགྲ་དྲག་སྤྱོད་པ་དེ་ཚོ་ལ་འཛིང་ཐག་ཆོད་ཡིན། གྷ་སྒྲི་ནས་མགོན་སྐྱབས་གནང་རོགས་ཟེར་ནས་དམ་བཅའ་བཞག་ནས་དམག་བཤམས།
ཕྱོགས་གཉིས་ཀའི་ཆོ་ཀ་བཤམས་སྟངས་ལ་བལྟས་ན་ཆོས་ལུགས་ཀྱི་ཆེད་དུ་ཡིན་པ་སྨྲོས་མེད་རེད། དེ་ལྟར་དམག་བཤམས་ནས་དམར་བསོད་ག་ཚོད་བཏང་བ་ཚང་མ་རང་རང་གི་དག་ཞིང་དུ་སོང་བ་རེད་དམ། ཡང་ན་སྲོག་ཤོར་བའི་ཁ་ཆེ་ཡོད་ཚད་དང་། སྲོག་ཤོར་བའི་ཡེ་ཤེ་ཡོད་ཚད་པོ་གྷ་སྒྲིའི་ཞིང་ཁམས་སུ་སོང་བ་རེད། ཡང་ན་ཚང་མ་ཨལ་ལྰ་ཡོད་ས་སོང་བ་རེད་ཅེས་འདྲི་ན། ངས་བལྟ་ཚུལ་བྱས་ན་ཆོས་ལུགས་དེ་གཉིས་ཀའི་ནང་དུ་ཆོས་ཕྱིར་དེ་ལྟར་དམག་རྒྱག་དགོས་པ་ཡོད་ཀྱི་མ་རེད་བསམ། ཆོས་ཕྱིར་དམག་བརྒྱབ་ན་རང་རང་གི་ཐར་བ་གྲུབ་འགྲོ་བ་དེ་ནི་རྗེས་རབས་པའི་བཅོས་པའི་གྲུབ་མཐའ་ཙམ་ཡིན་རྒྱུ་རེད་བསམ། རྒྱུ་མཚན་གཅིག་ནི་གལ་ཏེ་ཡེ་ཤེ་མ་ཤི་ཀས་ཆོས་ཕྱིར་དམག་རྒྱག་དགོས་ཚེ། ཁོ་རང་བཞུགས་པའི་སྐབས་སུ་དམག་རྒྱབ་པ་ཡིན་ན། རྗེས་འཇུག་མང་པོ་ལ་དེ་སྐབས་སུ་ཤུགས་རྐྱེན་ངེས་ཅན་ཡོད་ན་ཡང་། ཁོང་གིས་ཆོས་ཕྱིར་དམག་རྒྱག་པའི་གྲ་སྒྲིག་མ་བྱས་པར། ཆོས་ཕྱིར་རང་གི་སྲོག་བཏང་བའི་མཛད་པ་གནང་བ་རེད། དེ་བཞིན་དུ་ཁ་ཆེའི་མོ་ཧ་མོ་ཏི་རང་གི་དགོངས་པ་དངོས་ན་ཡང་ཆོས་ཕྱིར་དམག་རྒྱག་པ་དེ་ཡོད་མིན་མི་ཤེས། འོན་ཀྱང་རྗེས་རབས་པ་དག་གིས་རང་རང་གི་ཆོས་ལུགས་ཀྱི་ཆེད་དུ་དམག་རྒྱབ་པ་ཨལ་ལྰས་ལག་པ་ནས་ཁྲིད་དེ་དག་པའི་ཞིང་ཁམས་སུ་འགྲོ་བ་ལྟ་བུ་ཞིག་བཟོས་པ་ཡིན་རྒྱུ་རེད་བསམ།
ཀླུ་སྨྱོན་ནས་༼གལ་སྲིད་དགོས་ན་རྒྱ་གར་ཚངས་པ་བ་སོགས་ཀྱིས་བརྗོད་པའི་ཚངས་པ་དང་དེའི་གོ་འཕང་འཐོབ་རྒྱུ་ཡོད་པ་དེ་ནང་པས་ཀྱང་ཁས་ལེན་པའི་རྒྱུ་མཚན་ག་རེ་རེད། ༽ ཅེས་དྲི་བ་འདི་ལ་བརྟག་པར་བྱ་སྟེ། ནང་པས་བཤད་པའི་ཚངས་པའི་གནས་ལ་སྐྱེས་པ་ནི་གོང་དུ་ཀརྡོ་ནས་བཤད་པ་དེ་ཀ་རེད། གཟུགས་ཁམས་གནས་རིགས་བཅུ་བདུན་ནང་གི་ཚངས་པའི་གནས་དེ་རེད། འོན་ཀྱང་དེ་ནི་ཚངས་པ་པས་བཤད་པའི་ཐར་བ་དེ་མ་རེད། ཚངས་པ་པས་བཤད་པའི་ཐར་བ་ནི། ཕྱི་ནང་སྦྱིན་སྲེག་ལམ་དང་འཛག་བདེ་ཐར།། གསུངས་པ་ལྟར་ནང་གི་སྦྱིན་བསྲེག་སྟེ། འཛག་པའི་བདེ་བ་ཐར་བར་བརློམ་བཞིན་པ་དེ་ག་རེད། དེ་བས་ནས་ཚངས་པ་པ་ཟེར་བའི་གྲུབ་མཐའ་པའི་ཐར་བ་དང་། ནང་པའི་གཞུང་ལུགས་ནས་བཤད་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་ནང་གི་ཚངས་པའི་གནས་གཉིས་ཀ་མ་ནོར་བ་གནང་དགོས་སྙམ། འོན་ཀྱང་ཚངས་པ་པའི་ཆོས་ལུགས་འབྱུང་སའི་ཚངས་པ་དང་། ནང་པས་བཤད་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་ནང་གི་ཚངས་པའི་གནས་ཀྱི་གཙོ་བོ་ཚངས་པ་གཉིས་གང་ཟག་གཅིག་གམ་ཐ་དད་ཅེས་འདྲི་ན། གཅིག་ཡིན་ནམ་སྙམ། གང་ཡིན་ཟེར་ནས་མཛོད་ནས་ཚངས་པའི་གནས་སུ་སྐྱེས་པའི་གང་ཟག་དང་། ལྷ་ཚེ་རིང་པོར་སྐྱེས་པའི་གང་ཟག་རྣམས་ནི་མི་ཁོམས་པའི་གནས་ཡིན་པར་བཤད་འདུག་ལ། ཚངས་པའི་གནས་མི་ཁོམས་པ་ཡིན་སྟངས་གནས་དེར་སྐྱེས་པ་ཙམ་ནས་གང་ཟག་དེའི་རྒྱུད་ལ་ལྷན་སྐྱེས་ཀྱིས་རང་ཉིད་དང་རང་ཉིད་ཀྱི་གནས་ཡོད་ཚད་ཚངས་པས་བཅོས་སོ་སྙམ་པའི་འདུ་ཤེས་ནི་ལྷན་སྐྱེས་ཀྱི་མངོན་ཤེས་ལྟ་བུ་ཞིག་སྐྱེས་རྒྱུ་ཡོད་པར་བཤད་འདུག་གོ
# ༢༠༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༩ གི་ཆུ་ཚོད་ ༢༠ སྐར་མ་ ༢༨
རྒྱང་འཕེན་པ་རྙིང་ པའི་རྒྱུན་འཛིན་ཡོད་མེད་མི་ཤེས་ཀྱང་། རྒྱང་འཕེན་གསར་པ་ཚན་རིག་པས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ཆེ་ཤེལ་བཟོ་ ཐབས་བྲལ་བ་དང་། ང་ཚོ་བཙན་བྱོལ་བོད་རིགས་མང་ཆེ་བ་ཚངས་པར་མཆོད་མཁན་རྒྱ་གར་ཡུལ་ལ་ཚར་ལོང་བྱུང་ ཙང་ལྷ་ཚངས་པའི་སྐོར་ཅུང་ཟད་སྤྲོས་ན།
མངོན་པའི་གཞུང་ནང་ལ། འཇིག་རྟེན་འདི་མེ་དང་ཆུ་དང་རླུང་གིས་འཇིག་ཚུལ་ཅིག་གསུངས་པའི་ཐད་དུ། མེས་འཇིག་དུས་བསམ་གཏན་དང་པོ་མན་ཆད་དུ་འཇིག་པའི་རྒྱུ་མཚན་ལ་རྟོག་དཔྱོད་མེད་ དང་འདྲ་བའི་རང་གི་ཏིང་ངེ་འཛིན་གྱི་སྐྱོན་དེ་ཡོད་ཀྱང་། འབྱུང་བ་མེ་དེ་ཡང་། དེ་ཡི་བར་དུ་ཁྱབ་ཐུབ་པ་ཅིག་གསུངས་འདུག
ཚངས་པའི་འཇིག་རྟེན་སླར་ གསར་དུ་གྲུབ་དུས། དང་པོ་གནས་ཞིང་ཁམས་གྲུབ་ཚར་བ་དང་། དེ་ནས་དང་པོ་ཚངས་པ་ཁོ་རང་དེ་རུ་གཅིག་པུར་སྐྱེས་པ་དང་། ང་རང་གཅིག་པུ་ཡིན་ངལ་ནས་འཁོར་ཅིག་བྱུང་ན་སྙམ་ནས་དེ་ཡི་རྗེས་སུ། ལས་ཀྱི་དབང་གིས་འཁོར་དང་པོ་རིམ་གྱི་སྐྱེས་ཀྱང་། ཚངས་པ་ཁོ་རང་རང་གི་འདོད་པའི་དབང་གིས་སྐྱེས་བྱུང་སྙམ་ནས། དེ་ནས་འཇིག་རྟེན་ཚངས་བྱས་པའི་ལྟ་བ་དར་སྟངས་དེ་ནས་འགོ་བཙུགས་པ་རེད།
ངས་ལྷ་ཡུལ་དང་དམྱལ་བའི་ ཡུལ་ཡོད་མེད་དེ། ད་ལྟ་མི་ཡི་ལུས་འདི་གའི་སྟེང་ནས་དེ་ཡི་རྒྱུ་དགེ་སྡིག་སྟོབས་ཆེན་ཡོད་སྲིད་ དང་མི་སྲིད། སྲིད་ན་ཡར་ལྷ་ཡུལ་དང་མར་དམྱལ་བའི་ཡུལ་ཡོད་ངེས་པའི་ཡིད་ཆེས་རྙེད་ཐུབ།
ཡར་མར་ཞེས་པ་དེ་ཡང་གནམ་ སའི་མཐོ་དམའི་ཁྱད་པར་མིན་པར། དཔེར་ན། གཟུགས་མེད་བཞི་ཡི་ནང་གི་མཐོ་ཤོས་སྲིད་རྩེ་ཐོབ་པའི་དྲང་སྲོང་ཝ་ན་ཎ་སའི་ཤིང་ སྡོང་གཅིག་གི་འོག་གྲོངས་སོང་ན། གནས་དེ་ཉིད་དུ་སྲིད་རྩེ་འཇིག་རྟེན་གྱི་ཁམས་དེ་གྲུབ་མ་གཏོགས། ཁོང་གི་རྣམ་ཤེས་ནམ་མཁའ་ལ་ཡར་འཕུར་འགྲོ་བ་ཅིག་མེད་པར་གསུངས་འདུག
དེས་ན་ང་ཚོ་མི་ཡི་མིག་ གིས་མཐོང་བའི་ཤིང་སྡོང་གཅིག་པུ་དེ་ཡི་འོག་ཏུ། མི་དང་དུང་འགྲོས་མཉམ་དུ་ཡོད་ཆོག་པ་ལྟར། ལྷ་དང་ཡི་དྭགས་ཙམ་མ་ཟད་དམྱལ་བ་པའང་ཡོད་པ་ལ་ལུང་རིགས་དང་འགལ་བ་ཨ་ཡོད་སྙམ་པ་ ཅིག་འདུག དེས་ན་ལྷ་ཚངས་པའི་འཇིག་རྟེན་བསྲེག་པར་ནུས་པའི་མེ་དང་དམྱལ་མེ་གཉིས་པོ་དེ་དག་ ལ་སོགས་ང་ཚོ་མི་དང་དུད་འགྲོ་སྤྱོད་ཡུལ་དུ་ཡོད་མེད་མི་ཤེས་ཀྱང་། བེག་གཟུགས་ཕྲ་བ་དང་སེམས་ཅན་འགའ་ལ་ཚ་བའི་རེག་བྱ་སྤྲོད་ནུས་མེ་ཅིག་ཡིན་པར་ འདོད་དགོས་འདུག སྤྱོད་འཇུག་ལས། མོ་ཚོགས་དེ་དག་ཅི་ལས་འབྱུང་། །ཞེས་པ་དང་། ཡང་། མེ་ཚོགས་དེ་དག་ཅི་ལས་འབྱུང་། །ཞེས་པ་འགྲེལ་ཚུལ་མི་འདྲ་བ་གཉིས་ལ་དགོངས་པ་ཕྱོགས་ན། ལས་འབྲས་ལས་ལ་ངེས་པ་རྙེད་སླ།
འདིས་ཀླུ་སྨྱོན་ལགས་ཀྱི་དམྱལ་མེ་དག་གར་ཡོད་དང་། མེ་མཚན་ཉིད་པ་ཡིན་མིན་གྱི་དཔྱད་པ་འདི་རིང་འདི་ཙམ་གྱིས་འཐུས་པ་བྱས།
# ༢༡༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༩ གི་ཆུ་ཚོད་ ༢༠ སྐར་མ་ ༣༣
་་་སྐྱོན་དེ་ཡོད་ཀྱང་། དེ། ཡོད་ཙང་།