མྱི་ལྟིག
ས་མཐའི་མི་ཡི་རང་གཤིས་ཤེས་ཐལ།།
འཛུམ་མདངས་བཅོས་མའི་རིན་ཐང་རྟོགས་ཐལ།།
ཞེ་སའི་ཚིག་གི་རྫུ་བག་མཐོང་ཐལ།།
བས་མཐའི་འཚོ་བའི་ཉམས་མྱོང་ལོན་ཐལ།།
དུས་རབས་གསར་བའི་ཁ་ཕྱོགས་བརྩད་ཐལ།།
མི་རབས་གསར་བའི་དགོས་མཁོ་བཤད་ཐལ།།
སྐད་ཡིག་གསར་བའི་རིན་ཐང་གླེང་ཐལ།།
ཁ་བ་ཅན་གྱི་ལས་སྐལ་བརྗེད་ཐལ།།
སྐྱབས་བཅོལ་མི་ཡི་མིང་བྱང་བོར་ཐལ།།
སྤྲིིན་ཚོམ་གསེབ་ནས་ནུབ་ལ་འཕུར་ཐལ།།
དགའ་བ་འབུམ་གྱིས་གཡོག་ལ་ཆས་ཐལ།།
རྒྱལ་ཁབ་ཤོར་བ་གཏིང་ནས་བརྗེད་ཐལ།།
རང་ཚུགས་ལྡན་པའི་མི་བུ་བཞུད་ཐལ།།
རང་ལྟ་མཆོག་འཛིན་བྱེད་མཁན་ཐོན་ཐལ།།
རང་སེམས་ངོགས་ནས་རང་རིགས་བརྗེད་ཐལ།།
རང་སྐད་བསྐྱུར་ནས་གཞན་སྐད་སྦྱངས་ཐལ།།
མྱི་ཁ་རྒོད་པོའི་རི་སུལ་ལོབས་ཐལ།།
མྱི་འགའི་དམིགས་འབེན་རྗེན་པར་མཐོང་ཐལ།།
མྱི་ལུས་བླངས་རུང་སྟོན་རྒྱུ་མེད་ཐལ།།
མྱི་ལྟིག་འཁྱམ་པོའི་ལེའུ་རྫོགས་ཐལ།།
ལས་དབང་སྐྱུར་མོར་ལས་བརྡ་མ་བྱེད།།
ནུབ་ཏུ་བཞུད་ལ་ཁོང་ཁྲོ་མ་ལངས།།
རང་གིས་རང་ལ་ཐོངས་ཆུང་མ་བྱེད།།
ལྟོས་དང་འཛམ་གླིང་རང་གི་ས་རེད།།
མྱི་ལྟིག་ལོ་ལོ།།
སེམས་པ་མ་སྐྱོ།།
ཁུ་བྱུག་འདྲ་བའི།།
མཛའ་མོ་ཞིག་གིས།།
མཉེན་འཇམ་ལག་པ།།
ཁྱོད་ཕྱོགས་གཡུགས་ནས།།
འདི་རུ་ཤོག་ཅེས།།
ནམ་ཞིག་ལོས་འབོད།།
སྙན་མོ་སྙིང་གཏམ།།
ཁྱོད་ལ་བཤད་ནས།།
ཚེ་གཅིག་སྐྱ་ཡ།།
ཨེ་ཡོང་ལོས་འདྲི།།
ས་མཐའི་མི་ཡི་སེམས་ཁམས་ཤེས་ཐལ།
རང་ཡུལ་དྲན་པའི་སེམས་ཚོར་དེ་དང་།
བོད་པ་ཡིན་པའི་སྤོབས་པ་དེ་ཡིས།
འཛམ་གླིང་ཀུན་གྱིས་བསྔགས་པ་བྱེད་ཐལ།
རང་རིགས་རང་ལ་སྡང་བའི་ཝ་སྐྱེས་དེར།
ཁ་བའི་བུ་ཞེས་བསྔགས་ན་ཆེད་ཐལ་བས།
ཤེས་མེད་ཀླད་སྨྱོན་བྱོལ་སོང་རྒྱ་མི་ཞེས།
ས་ཡ་དྲུག་གིས་དམོད་ན་ཆོག་པ་ལགས།
སྣང་མཛེས་ཁུ་བྱུག་ཡིན་མིན་མ་ཐོས་ཀྱང།།
མྱི་ལྟིག་ངག་འདི་ཁུ་བྱུག་མིན་ནམ་ཞེས།།
རང་སྐྱོང་གླིང་གི་ཁུ་ཡུག་མྱི་ལྟིག་ལ།།
རྣ་ལ་བབས་སོ་ཟེར་ནས་བསྐུར་དང་ཐལ།།
སེམས་པ་སྐྱོ་ཆོག་ལ་དགའ་ཡང་ལོས་ཆོག་
འོན་ཀྱང་
སེམས་སྟོབས་ཉམས་མི་ཆོག་ལ་རྒུད་དེ་བས་་ག་ལ་ཆོག་
དེ་ལས་ལོག་ན
ང་ཚོ་ལངས་ཐུབ་པའི་ཉིན་མ་ནམ་ཡིན་ནམ་