ཤར་ཕྱོགས་ཁུག་རྟ།
༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོས་བླུན་པོ་ཉལ་ས་ནས་བསླངས་ཏེ། མི་ཤེས་ཤེས་ཁུལ་གྱིས་ཁྲག་གི་རྡོ་རིང་ཞེས་པའི་དེབ་ཞིག་པར་དུ་བསྐྲུན། རང་ཉིད་ནག་ཁུངས་ཡིན་པའི་སྲིད་དོན་རིགས་པ་དང་ཁྲིམས་ཀྱི་ཤེས་ཚད་དེས། ན་མཉམ་ཚོའི་ཁྲོད་ནས་སྨྲ་བརྗོད་རང་དབང་ཟེར་བ་ལྟ་བུའི་ཁྲིམས་ལུགས་ཀྱི་ཚིག་འདི་དག ཚོར་བ་ཤུགས་ཆེན་ཡིན་པའི་རྩོམ་མམ་ཡིག་ཚོགས་སུ་འབྲི་རྒྱུའི་ཞེད་སྣང་བྱས། ཞེད་སྣང་གིས་ཡུན་རིང་ལྷགས། ད་དུང་ལྷགས་འདུག་ཀྱང། སྐབས་དེར་དེབ་དེའི་ཟུར་སྦྱར་དུ་རྒྱ་ནག་གི་རང་སྐྱོང་བཅའ་ཁྲིམས་ཤིག་བཀོད་ཁར། མཇུག་གཏམ་ནང་སྲིད་དང་ཁྲིམས་ཀྱི་ཤེས་བྱ་ལས་ཚོར་སྣང་མཆོག་ཏུ་འཛིན་པའི་འཐབ་རྩོད་དང། གཏམ་བརྗོད་རྣམས་ཉུང་དུ་འགྲོ་རྒྱུའི་སྨོན་ལམ་བཏབས་པ་ཡིན།
ཡིན་ནའང། ནག་ཁུངས་ད་དུང་ཆེ་རུ་ཕྱིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རང་དབང་དང་འགན་ཁུར། གཏམ་བརྗོད་དང་འགན་ཁུར་མཉམ་ཏུ་ཁྱེར་དགོས་ཞེས་པའི་ཤོད་སྲོལ་དེའང་རྙིང་པར་གྱུར།
རང་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་ཁ་ཕྱེས། ཤོག་བུ་གཡས་རྗོགས་གཡོན་རྫོགས་བྱས་མཐར། དོན་ཚན་བཅུ་གཉིས་པའི་ནས་གསེས་གཉིས་པ་གཏམ་བརྗོད་ཅེས་པའི་ཚིག་དེ་རྙེད། བསམ་བློ་བཏང། ཁྲིམས་ཡིག་གི་གོ་བ་ལེན་སྟངས་ལ་ཚོར་སྣང་བསྲེས་མི་ཉན་པས་སྐྲག བཅའ་ཁྲིམས་གཏན་འབེབས་སྐབས་ཀྱི་འབྲུ་དོན་འགྲེལ་བཤད་ཀྱི་ཟིན་བྲིས་ཡོད་མེད་ཀྱི་དོགས་པ་སྐྱེས། གྲོས་ཚོགས་ཀྱི་ཟུར་ཉན་ནས་གོ་བ་འདབ་བརྒྱ་མ་ཁ་ཤས་ཐོས་པ་དག་དྲན་ལམ་དུ་སླེབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་སྨྲ་བརྗོད་རང་དབང་གི་ས་མཚམས་ཤོག་བུ་དཀར་པོར་ཡིག་འབྲུ་ནག་པོ་བྲིས་པ་ཞིག་མ་རྙེད།
ཡང་བསྐྱར་དོན་ཚན་བཅུ་གཉིས་པ་བཀླགས། བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་འདོམ་བྱ་དགོས་པ་གང་དག་ཡིན་ནམ་བསམ་ནས་ཀླད་པ་དཀྲུག སོ་སོས་འདོད་ཚུལ་གྱིས་འཕྲལ་ཕུགས་ཀྱི་རྩ་དོན་ལ་གནོད་རིགས་གང་ཡིན་མིན་བྲིས་ན་བསམ་ཡང། སྡེ་སྲིད་མགོ་ལེབ་དང་སྡེ་བ་གཞུང་གི་གཏམ་རྒྱུད་དྲན། སོ་སོས་སོ་སོར་གད་མོ་ཤོར།
ཡང་བསྐྱར་བསམ་དུས། བཅའ་ཁྲིམས་ཀྱི་ཁུངས་མ་ཆེ་ཤོས་རྒྱ་གར་རྩ་ཁྲིམས་ཡིན་པ་དྲན། མི་གསོད་ཁྲག་སྦྱོར། རྐུན་རྒྱབ་ཇག་བཅོམ། བཙན་གཡེམ་ནག་ཚོང། ས་ཁང་བཙོང་བསྒྱུར་༼རྒྱ་གར་བའི་ས་ནས་བོད་མི་སྒེར་གྱིས་ཉོས་རིགས་ཀྱི་ཁ་མཆུ་ལ་ཟེར།༽རྣམས་གནས་ཡུལ་ཁྲིམས་ཁང་གིས་ལེན་གྱི་ཡོད་པའང་ཤེས།
གྲོགས་པོ་ཁྲིམས་རྩོད་པའི་མཉམ་དུ་གླེང་མོལ་བྱས། སྐད་ཆ་རྣམས་འཁོར་ནས་སྨྲ་བརྗོད་རང་དབང་གི་སྟེང་དུ་བབས། ཚིག་གི་ལོ་མ་གཡུག་ནས་རྩ་ཁྲིམས་ནང་འཁོད་པའི་སྨྲ་བརྗོད་རང་དབང་གི་ས་མཚམས་ལ་བཀའ་འདྲི་ཞུས། ལས་བཟང་ནས་སྨྲ་བརྗོད་རང་དབང་གི་སྐོར་ལ་ཅུང་ཙམ་ཐོས། དེའང་ཁྱེད་ཚོར་བཤད་འདོད་བྱུང། ད་དུང་དེ་ལས་མང་པོ་ཤེས་འདོད་སྐྱེས།
རྒྱ་གར་གྱི་ཕྱི་ནང་གང་སར་གནས་པའི་ཡུལ་མི་ཐམས་ཅད་ལ་གཞན་གྱི་ཐད་སྨྲ་བརྗོད་དང་གནས་ཚུལ་བསྡུ་རུབ་བྱ་རྒྱུའི་ཐོབ་ཐང་ཡོད། རྩ་ཁྲིམས་སུ་སྨྲ་བརྗོད་རང་དབང་ནི་ས་བབ་གནས་སྟངས་ཀྱི་བཅད་མཚམས་གང་རུང་ལ་ལྟོས་མི་དགོས། འོན་ཀྱང་རྩ་ཁྲིམས་དོན་ཚན་ ༡༩ པའི་འོག་སྨྲ་བརྗོད་རང་དབང་ལ་གཤམ་གྱི་གནད་དོན་རྣམས་ཀྱིས་ས་མཚམས་བཟོས་པར་གསུངས།
༡ རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་འཚབ་བཟོ་པའི་གཏམ་བརྗོད་བྱས་མི་ཆོག དཔེར་ན་དམག་འཁྲུག་གི་རྐྱེན་སློང་འབྱུང་སྲིད་པའི་རང་བཞིན་དང་ཕྱིའི་དྲག་རྒོལ་ལྟ་བུ།
༢ ཕྱིའི་རྒྱལ་ཁབ་དང་མཉམ་དུ་རྒྱ་གར་གྱི་འབྲེལ་ལམ་ཉེན་ཁའི་ནང་སྐྱེལ་སྲིད་པའི་གཏམ་བརྗོད་བྱས་མི་ཆོག
༣ མང་ཚོགས་ཀྱི་བདེ་འཇགས་དང་ཞི་བདེར་འགོག་རྐྱེན་བཟོ་བའི་གཏམ་བརྗོད་བྱས་མི་ཆོག
༤ གལ་སྲིད་ཚུལ་དང་མི་མཐུན་པ་དང། བག་མེད་རང་བཞིན་གྱི་གཏམ་བརྗོད་བྱས་ཚེ། སྐྱོན་ཡོན་གྱི་ཚད་གཞི་དེ་གཅིག་ནས་གཅིག་དང་དུས་ནས་དུས་སུ་ཁྱབ་འགྲོ་བས། སྤྱི་ཚོགས་ཀྱི་བདེ་འཇགས་ལ་ངེས་པར་དུ་ཐུགས་སྣང་གནང་དགོས།
༥ གལ་སྲིད་ཁྲིམས་ཁང་ལ་རྩིས་མེད་བྱེད་པ། དཔེར་ན་མང་ཚོགས་སར་ཁྲིམས་གཅོད་ཀྱི་འདྲི་རྩད་གཏོང་བ་འམ། མང་ཚོགས་སར་ཁྲིམས་དཔོན་གྱི་སྡེར་རྩོད་ལེན་བྱེད་པའི་གཏམ་བརྗོད་མི་ཆོག
༦ སྐྱེས་བོ་སྒེར་གྱི་ཆེ་མཐོང་ལ་གནོད་པའི་དམའ་འབེབས་མཐོང་ཆུང་གི་གཏམ་བརྗོད་མི་ཆོག
༧ རྒྱ་གར་གྱི་རང་དབང་གཙང་མའི་བདག་དབང་དང། དྲང་བདེན་ལ་ཁ་གཏད་དུ་ལངས་པའི་གཏམ་སྨྲས་ན་སྨྲ་བརྗོད་རང་དབང་གི་ཚིག་གིས་འགན་སྲུང་བྱེད་མི་ཐུབ་པར་གསུངས།
གྲོགས་པོས་གཞུང་ལུགས་ཀྱི་འགྲེལ་བཤད་འདིར་སླེབས་མཚམས་ངའི་ཉིན་ཐོའི་གསེབ་ལ་གསེར་ནག་རྡོག་རྡོག་ཅིག་ཐོབ། གྲོགས་པོས་དེ་དག་འགལ་རིགས་ཁྲིམས་སར་བསྐྱལ་རྒྱུ་རྗེས་ནས་གསུངས་རྒྱུ་བྱོས། དེ་རིང་ཞོགས་པར་ཉིན་ཐོ་བསྐྱར་དུ་བྲིས། ངས་གནས་ལུགས་དང་སྒྱུ་རྩལ། རྩོམ་རིག་སོགས་ཀྱི་མངའ་ཐང་ཡང་ཁྲིམས་ཀྱི་མདུན་སར་ཁྲིད་མ་ཤེས། སེམས་པ་དེ་བས་ནང་ཁུངས་སུ་བསྐྱལ། ཉིན་ཐོ་འདི་ཨ་ཁུ་རབ་གསལ་ལགས་ཀྱི་ཚིག་སྦྱོར་དུ་སྦྱོང་རྒྱུའི་མཛུབ་མོ་རྣམས་ཀྱང་འདར།།
༢༠༡༡ ། ༡། ༧། ཉིན།
བཀུར་འོས་སྤྱི་འཐུས་ཤིག་གིས་སྐབས་བཅུ་བཞི་པའི་སྐབས་མཐའ་མར་སྨྲ་བརྗོད་རང་དབང་ལ་ཁྲིམས་འཆར་འདི་ཁྱེར་གྱི་ཡིན་ཟེར།
ངས་༌༌༌༌༌དེར་དཀའ་ལས་རེད།དེ་བས་གཤམ་གྱི་བྱིན་རླབས་ཅན་གྱི་ཚིག་དེ་ཞལ་འདོན་གནང་རོགས་ཞུས་པ་ཡིན།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇིགས་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།
སྐུ་ངོ་སྐུ་ཁམས་བདེ་མོ་ཡིན་ནམ། མ་མཇལ་ཡུན་རིང་།
སྐུ་ཉིད་ཀྱི་བྲིས་པ་བཀླགས་ཟིན
སྨྲ་བརྗོད་རང་དབང་ལ་ཚད་གཞི་ངེས་ཅན་ཞིག་བདེན་པ་ཡོད་མེད་དེ་རེད་མ་གཏོགས་ཁྱེད་རང་དཔྱད་པ་བཞིན་ཡིན་མི་སྲིད།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇིགས་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇིགས་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇིགས་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།