བདག་གིས་ཕྲད་སླ་བཅོས་གི་སྐོར་བསམ་ཚུལ་བྲིས་པ་དེར་དྲ་གྲོགས་རེ་ཟུང་གིས་དོ་སྣང་ཆེན་པོ་བྱས་ནས་རང་རང་གི་བསམ་ཚུལ་བརྗོད་པར་དགའ་བོ་བྱུང་། ལྷག་པར་རབ་འབྱོར་ལགས་གིས་ང་ལ་མདའ་ལན་གསུམ་གནང་བྱུང་བ་དེ་ནི་ཕན་ཚུན་ལ་དགའ་མི་དགའི་རྩོད་ལན་བྱེད་གི་ཡོད་པ་ཞིག་མིན་པར་བོད་གི་བརྡ་སྤྲོད་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་རྟགས་ཡིན་པ་རེད། རྩ་བའི་ངེད་གཉིས་ལ་བསམ་ཚུལ་མི་མཐུན་པ་ཡོད་པ་རེད། ཡིན་ན་ཡང་། ཁོང་གིས་ཡང་་བརྡ་སྤྲོད་གི་འགྲོ་སྟངས་ལ་འགྱུར་བ་ཅིག་གཏོང་དགོས་པའི་དགོངས་ཚུལ་བསྟན་པ་དེ་ངས་གནད་ཆེན་པོར་མཐོང་སོང་། དེ་མིན་བསྟན་འཛིན་ལགས་གིས་ཡང་དུང་དཀར་བློ་བཟང་འཕྲིན་ལས་གི་གསུང་དྲངས་ནས་དུས་ཚོད་གི་འགྱུར་བ་དང་བསྟུན་བོད་གི་བརྡ་སྤྲོད་ལ་ངེས་པར་འགྱུར་བ་གཏོང་དགོས་པའི་དགོངས་ཚུལ་ནན་པོ་བཏོན་སོང་། འདིར་ཁོང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སླར་ཡང་དེའི་སྐོར་གསལ་ཁ་བྱས་ནས་ཚིག་ཉུང་ཉུང་ཅིག་ཞུ་གི་ཡིན།
༡ འདི་ལྟར་བེད་སྤྱོད་བཏང་བ་དེས་ཕྲད་ཇེ་ཉུང་ལ་ཕྱིན་པ་མ་ཟད་རྗེས་འཇུག་གཞན་ལ་ལྟོས་མ་དགོས་པའི་ཕྲད་རང་དབང་ཅན་ཆེས་སྟབས་བདེ་ཅིག་ཆགས་པ་རེད། ༢ ཕྲད་ཇེ་ཉུང་ལ་བཏང་ན་ཡང་བརྗོད་བྱའི་ཚིག་དོན་ལ་འགྱུར་བ་ཕྲ་མོ་ཙམ་ཡང་མི་འགྲོ་བར་དོན་ཇི་བཞིན་སྟོན་ཐུབ་གི་ཡོད་པ་རེད། ༣ བོད་སྐད་གཅིག་གྱུར་ལ་ཡང་གནོད་པ་གང་ཡང་འགྲོ་གི་མེད་པ་མ་ཟད་ཕན་ཐོགས་བྱུང་ཡོད་པ་རེད། རྒྱུ་མཚན་འདི་ཚོ་ངས་སྔོན་མར་བརྗོད་ཡོད་པས་ད་ཡང་སྐྱར་མང་པོ་ཅིག་བརྗོད་དགོས་མ་མཆིས།
དེ་རིང་རྒྱུ་མཚན་གཞན་ཅིག་ཁ་གསབ་བྱ་རྒྱུ་ཡོད་པ་ནི། ང་ཚོར་ཁ་སྐད་ཅིག་དང་ཡིག་སྐད་ཅིག་གཉིས་ཡོད་པ་རེད། དེ་གཉིས་རྦད་དེ་མ་འདྲ་བའི་སྐད་གཉིས་རེད་ཟེར་ནས་བཤད་ན་ཡང་མ་འགྲིགས་པ་མི་འདུག ད་ལྟ་ཁ་སྐད་དང་ཡིག་སྐད་གཉིས་གཅིག་གྱུར་བྱེད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོང་གི་ཡོད་པ་རེད། འགའ་རེས་སྐད་ཡིག་གཅིག་གྱུར་དེ་ཡིག་སྐད་ཐོག་བྱེད་དགོས་རེད་ཟེར་སྲིད། བཤད་རྒྱུ་དེ་ལས་སླ་ཡང་དོན་ངོ་མ་དེ་ཁག་པོ་ཅིག་ཆགས་ཡོད་པ་རེད། དེ་ལྟར་ཡིན་ན་བོད་གི་བརྡ་སྤྲོད་ལ་ནང་བྱན་ཆུད་པའི་མཁས་དབང་ཅིག་ཡིན་ན་སྐད་ཆའི་ནང་་ཕྲད་ཡོངས་རྗོགས་བེད་སྤྱོད་གཏོང་ཐུབ་པ་ཅིག་དགོས་ཡང་དེ་ལྟར་མིན་པར་ཡང་དང་གི ཅིག་སོགས་ཕྲད་ཉུང་ངུ་ཅིག་མ་གཏོགས་ཕྲད་གཞན་རྣམས་སྐད་ནང་བེད་སྤྱོད་གཏོང་ཐུབ་གི་མེད་པ་དེ་ལྟར་རེད། ངས་བལྟས་ན། སྐད་དང་ཡི་གེ་གཉིས་གཅིག་གྱུར་གི་གོ་རིམ་ནང་ཡིག་སྐད་ཁ་སྐད་ཅན་ལ་བསྒྱུར་བ་དང་། ཁ་སྐད་ཡིག་སྐད་ཅན་ལ་བསྒྱུར་བའི་ཐབས་ལམ་གཉིས་ཟུང་འབྲེལ་བྱས་པ་ཡིན་ན་སྟབས་བདེ་བ་དང་ལས་སླ་བར་སེམས། མ་གཞི་ཕྲད་གི་ནང་ཡིག་སྐད་ཁོ་ནའི་ནང་བེད་སྤྱོད་གཏོང་བའི་ཕྲད་སྐོར་ཅིག་དང་ཁ་སྐད་དང་མཐུན་པའམ་མཐུན་ཚབ་ཆེ་བའི་ཕྲད་སྐོར་ཅིག་ཡོད་པ་རེད། གང་ལྟར་ངའི་འདོད་པ་ལྟར་གི་ཕྲད་སླ་བཅོས་འདི་དག་ཡིག་སྐད་དང་ཡང་མི་མཐུན་པ་མེད་ལ་ཡི་གེ་མི་ཤེས་མཁན་ཅིག་ཡིན་ན་ཡང་ལས་སླ་པོར་ངག་ལ་འབྱོར་བདེ་བ་ཅིག་ཡོད་བསམ་གི་ཡོད།
ངས་འདི་ལྟར་བསམ་ཚུལ་མི་མཐུན་པ་ཅིག་བརྗོད་ཡོང་ན་མི་མང་པོ་ཅིག་གི་སེམས་ལ་ཕོག་ཐུག་འགྲོ་གི་ཡོད་པ་དེ་ངས་གསལ་པོར་ཤེས་གི་ཡོད། ཡིན་ན་ཡང། ངས་བསམ་བཙུགས་ནས་བོད་གི་རིག་གཞུང་ལ་གཏོར་བཤིག་བཏང་བ་ཅིག་མིན་ལ། མ་ཤེས་ཤེས་མདོག་བྱས་པ་ཅིག་ཡང་མིན་ཅེས་གསལ་བཤད་བྱེད་འདོད་བྱུང་། སྔོན་མ་རྒྱ་གར་ནང་གི་བོད་ཡིག་སློབ་དེབ་དྲུག་པ་དང་བདུན་པའི་ནང་གི་སུམ་རྟགས་གི་སྐོར་ཚང་མ་ནང་སྦྱོང་དང་བཅས་པ་ང་རང་གཅིག་པོས་ཟླ་ཤས་ནང་ཚར་བཅུག་པ་ཡིན། དེའི་སྐབས་དེ་ནས་བཟུང་ངས་བོད་གི་བརྡ་སྤྲོད་ཁྲིད་སྟངས་ལ་བསམ་བློ་ཡང་ཡང་གཏོང་དགོས་བྱུང་། བར་སྐབས་ཅིག་ནས་ཕྲད་བྱེ་བྲག་རེའི་སྐོར་གླེང་མོལ་མང་ཙམ་བྱས་པའི་རྐྱེན་བྱས་ནས་ཡང་སྐྱར་བསམ་བློ་ནན་ཙམ་བཏང་ནས་ཁ་སྔོན་གི་བརྡ་སྤྲོད་སྐོར་གི་རྩོམ་དེ་བྲིས་པ་ཡིན། མདོར་ན་ལོ་བཅོ་ལྔར་བསམ་བློ་ནར་མར་བཏང་མཐར་ཕྱིར་སྐྱུག་པ་ཅིག་ཡིན། ཀུན་སློང་གཙང་མ་ཡིན། ཉེ་སྔོན་ནས་་ངས་ཚོད་ལྟའི་ཚུལ་དུ་་ཕྲད་གཞན་དབང་ཅན་ཚོའི་ནང་ནས། ཡང་དང་འང། དེ། གི་དང་འི། གིས། ཅིང་། ཅིག ཅེས་སོགས་ཁོ་ན་མིང་སྔ་མའི་རྗེས་འཇུག་ལ་ལྟོས་མ་དགོས་པར་རང་དབང་ངང་བེད་སྤྱོད་བཏང་བ་ཡིན་ཡང་། སྔོན་མའི་སྐབས་བརྗོད་པ་ལྟར། ཚུལ་དུ། གསལ་དུ། ཤིན་ཏུ། ཡོངས་སུ་ལྟ་བུ་ཕྲད་གཞན་གིས་ཚབ་བྱེད་མི་ཐུབ་པ་རེ་ཟུང་ལས་ཐུག་མ་བྱུང་། ད་རུང་མུ་མཐུད་ནས་ངས་འདི་ལྟར་འབྲི་གི་ཡིན། དགའ་ན་དགའ་བའི་བསྟོད་གླུ་ང་མི་དགོས།། སྡང་ན་སྡང་བའི་ཚིག་མཚོན་འཁུར་ཆོག་ཡིན།། ནོར་བར་རྒྱུ་མཚན་བགྲང་ན་ཉན་རྐྱང་ཡིན།། མི་ཤེས་རྨོངས་བཤད་བྱས་ན་གཤེ་རྐྱང་ཡིན།། མདའ་ཚན་མདའ་མོའི་འཕེན་རྩལ་རྫོགས་ནས་ཡོད།། མདའ་མོའི་ཆར་བ་ཕབ་ཡང་སྐྲག་དགོས་མེད།།
ཨ་མདོའི་ལོ་སར་དེ་རིང་རེད་ཟེར། ངས་ཨ་ཞང་ལ་ཁ་པར་བཏང་བ་ཡིན། རེབ་གོང་ཁུལ་ན་ལོ་གསར་ཞེས་ཤོག་སྤག་རྒྱག་གི་མི་འདུག་ཟེར། ལྷ་ས་ནས་མི་བསད་པའི་རྐྱེན་གྱིས་མྱ་ངན་བྱེད་དགོས་པ་ལས་ལོ་གསར་རྒྱས་པ་བཏང་མི་འོས་ཞེས་ཕན་ཚུན་ལ་ལན་བསྐྱལ་གི་འདུག་ཟེར།
དེ་ཕྲད་ཀྱི་སྐོར་ལ་སང་ཉིན་འབྲི་གི་ཡིན།
ཕྲད་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་ནས་ཁྱེད་ཀྱིས་བསམ་ཚུལ་མང་ཙམ་སྤེལ་སོང་། བསམ་ཚུལ་དེ་དག་ལ་དགག་བྱ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་བྱུང་སོང་།
དེ་ནི་ཡོད་དགོས་བ་ཞིག་རེད། ཁྱེད་ཀྱིས་འདི་འདྲ་ཞིག་གསུངས་འདུག ཡིག་སྐད་ཁ་སྐད་ཅན་ལ་བསྒྱུར་བ་དང་ཁ་སྐད་ཡིག་སྐད་ཅན་ལ་བསྒྱུར་བའི་ཐབས་ལམ་གཉིས་ཟུང་འབྲེལ་བྱེད་དགོས་ཀྱི་འདུག་ཟེར། དེས་ན། ཡིག་སྐད་གང་དག་ཁ་སྐད་ཅན་ལ་བསྒྱུར་དགོས་བ་དང་ཁ་སྐད་གང་གི་རིགས་ཡིག་སྐད་ཅན་ལ་བསྒྱུར་དགོས་སམ། འདི་ལ་ཚད་དང་མཚམས་ཤིག་ཡོད་དམ་མེད། འདི་གྲིས་གཏུབས་པ་ནང་བཞིན་གཏུབས་ཆོག་ཆོག་ཞིག་ཡིན་ནམ་མིན། ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ན་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ལ་ཞིབ་འཇུག་གཏིང་ཟབ་ཞེས་བའི་དཔྱད་གཞིའི་ཡིག་ཆ་ཁ་གསལ་ཞིག་ཡོད་དམ་མེད།
ཕྲད་ཀྱི་རྣམ་གཞག་སྐོར་ལ་མདའ་ཚན་པས་གང་གསུངས་རོབ་ཙམ་བཀླགས་པ་ཡིན། ངེད་ཀྱིས་དུས་ཡུན་རིང་མོ་ཞིག་ལ་བསམ་བློ་ཞིབ་ཚགས་པོ་མང་པོ་བཏང་མྱོང་། ངེད་ཀྱི་བསམ་བློ་ནི་མདའ་ཚན་པ་གཅིག་པ་ཞིག་མིན། ད་ལྟ་གཞུང་ལུགས་སུ་ཡོད་པའི་ཕྲད་ཀྱི་རྣམ་གཞག་རྣམ་དབྱེ་བརྒྱད་དང་བཅས་པ་འདི་དག་མུ་མཐུད་ནས་གནས་དགོས། ཤེས་ཀྱང་རུང་། མ་ཤེས་ཀྱང་རུང་། འདི་དག་ནི་བོད་སྐད་ལ་མཁོ་བ་ཤ་སྟག་ཡིན་སྟབས་འདི་ལ་འགྱུར་བ་གཏོང་དགོས་པ་གང་ཡང་མི་འདུག་བསམས་ཀྱིན་ཡོད།
ད་ནི་དགོས་པ་ཁག་གཅིག་སྟེ། སྐད་ཀྱི་ནང་དུ་ཡོད་ཅིང་བརྡ་སྤྲོད་གཞུང་ལུགས་ཀྱི་འགྲེལ་བཤད་ད་ལྟ་མེད་པའི་རིགས་དེ་ཚོ་ཁ་སྐོང་བྱེད་དགོས་ཀྱིན་ཡོད། འདི་ནི་ལེགས་སྦྱར་ལ་བསྟུན་ཀྱང་རུང་། ཧིན་དིའི་ལ་བསྟུན་ཀྱང་རུང་། རྒྱ་སྐད་ལ་བསྟུན་ཀྱང་རུང་། དབྱིན་ཡིག་ལ་བསྟུན་ཀྱང་རུང་། གང་ལྟར་ཁ་གསབ་དགོས་པ་དག་ཁ་གསབ་རན་ནས་ཡོད། ཡི་གེའི་ཁོངས་མིང་དབྱུངས། མིང་གིས་ཁོངས་ནས་ཚིག་དབྱུངས། ཚིག་གིས་དོན་རྣམས་སྟོན་པར་བྱེད།། ཅེས་གསུངས་པའི་ “ཚིག་”གི་རྣམ་གཞག་ད་ལྟ་ང་ཚོ་ལ་མེད་པ་རེད། “མིང་”གི་རྣམ་གཞག་མེད་པ་རེད། དཔེར་ན།
མིང་གི་ཁྱད་ཆོས་རྗེས་ལ་སྦྱོར།། ༼དཔེར་ན། བུ་མོ་མཛེས་མ་༽
བྱ་བའི་ཁྱད་ཆོས་མདུན་ལ་སྦྱོར།། ༼དཔེར་ན། མགྱོགས་པོར་རྒྱུགས།༽
ཐེ་ཚོམ་ཅན་གྱི་རྗོད་པ་ལ།།
ལས་ཚིག་མཐའ་ལ་དྭོགས་པའི་ཕྲད། ༼དཔེར་ན། ཁོང་ བླ་མ་ཡིན་ས་རེད།༽
འདི་དག་གི་རྣམ་གཞག་ནི་ངེས་པར་དགོས་པ་ཞིག་རེད། དེ་ཙམ་ཡིན།
སྐར་ཆེན།
ཁོང་ཡེ་སླེབས་བྱུང་། ཁོ་ར་སླེབས་སོང་ཟེར་བ་ལྟ་བུ་ཁ་སྐད་རེད། ཁོང་ཡང་སླེབས་བྱུང་། ཁོང་ཡང་སླེབས་སོང་ལྟ་བུ་ཡིག་སྐད་རེད། འདི་ལྟ་བུ་སྐད་གཅིག་གྱུར་ལ་དམིགས་ནས་ཡིག་སྐད་དེ་ཁ་སྐད་ལ་གོམས་ཐབས་བྱེད་དགོས། ཕྲད་སླ་བཅོས་བྱས་ཡང་གཅིག་པོ་བེད་སྤྱོད་བཏང་ན་ཁ་སྐད་ཡིག་སྐད་ལ་འགྱུར་བར་ལས་སླ་རུ་ཕྱིན་པ་རེད། དེ་མིན་ཀྱང་འང་ཡང་གསུམ་རྗེས་འཇུག་སྔོན་མར་ལྟོས་ནས་སྦྱར་དགོས་ན་ཡིག་སྐད་ཁ་སྐད་ལ་འགྱུར་བར་དཀའ་ལས་ཁག་པོ་རེད། ཡི་གེ་ཤེས་མཁན་ཚོར་དེ་ལྟར་བཤད་པར་གོམས་གི་མེད་ན་ཡི་གེ་མི་ཤེས་མཁན་ཅིག་ལ་ཡོང་ཐབས་དེ་བས་མེད་པ་རེད། དེ་བས་ཕྲད་གཞན་དབང་ཅན་དེ་ཚོ་ཁ་སྐད་དང་ཡིག་སྐད་གཅིག་གྱུར་བྱེད་པའི་གེགས་སུ་འདུག
ཁ་སྐད་ཡིག་སྐད་ལ་བསྒྱུར་བ་ཟེར་བ་ནི་ཁ་སྐད་ནང་ཡོད་ན་ཡང་ད་སྔ་ཡིག་ཐོག་ལ་འབྲི་སྲོལ་བྱུང་མེད་པའི་ཐ་སྙད་ལྗིད་ཁོག་ཅན་ཧ་ཅང་མང་པོ་ཡོད་པ་དེ་ཚོར་ཟེར་གི་ཡོད།
རབ་གསལ། བརྡ་སྤྲོད་ནང་མེད་པ་དེ་ཚོ་ཁ་གསབ་བྱེད་དགོས་པའི་སྐོར་འུ་གཉིས་བསམ་ཚུལ་གཅིག་པ་རེད། སྔོན་བྱོན་གི་མཁས་དབང་རྣམ་པས་ཡང་ཁ་གསབ་བྱེད་གི་བྱེད་གི་ཡོང་པ་རེད། དེའི་སྐོར་ཁ་སྔོན་ཡང་ཟུར་ཙམ་གླེང་ཡོད།
ཕྲད་སླ་བཅོས་བྱས་པ་ཡིན་ན་ཡང་རྣམ་དབྱེ་བརྒྱད་སོགས་མུ་མཐུད་གནས་གི་ཡོད་པས་དེ་ལ་ཁྱེད་རང་སེམས་ཁྲལ་བྱེད་དགོས་མི་འདུག ཡིན་ན་ཡང་། ཕྲད་དགའ་ཆེན་ཇེ་ཉུང་ལ་ཕྱིན་པ་རེད། ངས་ཕྲད་ལྷག་མ་དེ་ཚོ་མཁོ་མེད་ཡིན་པར་མཐོང་གི་ཡོད། ཁྱེད་རང་གིས་ ་་བོད་སྐད་ལ་མཁོ་བ་ཤ་སྟག་ཡིན་སྟབས་འདི་ལ་འགྱུར་བ་གཏོང་དགོས་པ་གང་ཡང་མི་འདུག་་་ ཟེར། ངས་ད་བར་དེ་ཚོ་མཁོ་མི་མཁོའི་སྐོར་བསམ་བློ་མང་པོ་བཏང་ཡང་མཁོ་མེད་ལྷག་མ་ཡིན་པ་མ་ཟད་ཕྲད་སྦྱོར་ཚུལ་དེ་ཡང་དཀའ་ངལ་ཅན་ཅིག་ལ་མཐོང་སོང་བ་ལས་མཁོ་བའི་རྒྱུ་མཚན་གང་ཡང་རྙེད་མ་སོང་། ད་དེ་རིང་ངས་ཁྱེད་རང་གི་རྩ་ནས་དེ་ཚོ་མཁོ་བའི་རྒྱུ་མཚན་ངསབློས་མ་རྙེད་པ་ཅིག་རྙེད་རྒྱུ་ཡིན་པའི་རེ་བ་དང་བཅས་སྒུག་བསྡད་ཡོད་ན་གསལ་བཤད་ཡོང་བ་ཞུ།
ཡིན་ན་ཡང་སྔོན་མའི་དཔེ་ཆ་རྣམས་ཀློག་བདེ་བའི་ཕྱིར་འབྲིང་རིམ་སློབ་གྲྭའི་སྐབས་ཅིག་ནས་ཕྲད་གི་སྦྱོར་སྟངས་ཙམ་ངོ་སྤྲོད་བྱེད་དགོས་པར་མཐོང་།
ངས་ད་བར་ཕྲད་ལྷག་ཚང་མ་དོར་ནས་བྲིས་ན་ཡང་ཕྲད་དེ་ཚོ་མེད་ན་འབྲི་ཐབས་མེད་པའི་དཀའ་ངལ་གང་ཡང་འཕྲད་མ་སོང་། དེར་བརྟེན་ང་ཕྲད་དེ་ཚོ་མཁོ་མེད་ཡིན་པར་ངེས་ཤེས་ཇེ་ཆེ་ནས་ཇེ་ཆེར་འགྲོ་གི་འདུག ངེས་པར་སྟོན་དགོས་པའི་བསྟན་བྱ་ཅིག་སྟོན་མ་ཐུབས་ན་གནས་ཚུལ་ལོགས་ག་རེད། ངས་དེ་ཚོ་མཁོ་བའི་རྒྱུ་མཚན་ད་རུང་མི་ཤེས་གི ཁྱེད་རང་གིས་ངར་བྱིས་པར་ཀ་ཁ་བཞིན་གསལ་བཤད་བྱས་ནས་ངས་དེ་ཚོ་མཁོ་བའི་རྒྱུ་མཚན་ཤེས་པ་ཡིན་ན་ལམ་ནོར་ཟློག་ཤེས་བྱེད་གི་ཡིན། དེ་ཙམ་ཡིན།
མདའ་ཚན་པ་ལགས།
ཐོག་མར་ངས་ཞུས་པ་འདི་དག་སངས་རྒྱས་ལ་ཀ་ཁའི་དཔེ་ལྟར་མིན་པར་སྨོན། དེ་ནས་གི་ཀྱི་གྱི་འི་ཡི་ལྔ་པོ་འདི་གཅིག་པུའི་ཐོག་ནས་ཞུ། འདི་དག་འདོར་མི་རུང་བའི་རྒྱུ་མཚན་གཉིས་ཤིག་དྲན་པ་གཤམ་གསལ་ལྟར་ཡིན།
སྒྲ་གདངས།
འབྲེལ་སྒྲའི་ཕྲད་འདི་དག་གི་སྒྲ་གདངས་གཅིག་པུའི་ཐོག་ནས་བལྟས་ཚེ་ཡང་། འདོར་རུང་བ་ཞིག་ཡིན་མིན་ཆ་མི་འཚལ། ཁྱེད་ཀྱི་དེབ་དེ་ཁོང་གི་མ་རེད་ལྟ་བུའི་རྗོད་པའི་ནང་འབྲེལ་སྒྲའི་སྒྲ་གདངས་ལ་ཁྱད་པར་ཡོད། འོན་ཀྱང་ཁ་སྐད་དུ་དེ་ལ་ཁྱད་པར་མེད་ཟེར་ན། ཁ་སྐད་ཚང་མར་ང་ཚོ་ལ་ཆ་རྒྱུས་མེད་ལ། ཁ་སྐད་ཁག་གཅིག་རྒྱུ་མཚན་དུ་བྱས་ནས་གཞན་ཡལ་བར་འདོར་བ་ཡང་མི་རུང་བ་ཞིག་རེད།
ལུགས་སྲོལ།
“ངེད་ཀྱི་ལུག་གི་རྒྱབ་ཀྱི་བལ་དེའི་མདོག” ཟེར་བ་ལྟ་བུའི་ཕྲད་དང་རྗེས་འཇུག་གི་འདྲེན་ཚུལ་དེ་དག་ནི་སྲོལ་རྒྱུན་དུ་འཇགས་ཡོད་ཅིང་། ལུགས་སྲོལ་འདི་མགོ་ནག་བོད་ཀྱི་ས་ཁུལ་ཡོངས་ལ་གཅིག་གྱུར་དུ་ཁྱབ་ཡོད། ལུགས་སྲོལ་འདི་དག་བེད་སྤྱོད་ཡོད་ལ་ལག་ལེན་ནང་འགྲོ་བཞིན་ཡོད། དེ་ལ་དགོས་མེད་ཀྱི་གསར་བཅོས་ཤིག་ཨེ་དགོས་སྙམ་པ་ཡིན་ལ། དེ་ལ་དམིགས་ནས་བོད་སྐད་ལ་མཁོ་བ་ཞེས་བྲིས་པ་ཡིན།
ཡི་གེ་གཅིག་པ་ལའང་སྒྲ་གདངས་གི་ཁྱད་པར་མིང་སྔ་མའི་ཀློག་ཤུགས་ལ་ལྟོས་ནས་འགྱུར་འགྲོ་བ་དེ་འདྲ་ཡོད་པ་རེད། དེ་སྒྲ་གདངས་གི་ཁྱད་པར་ལས་གཟུགས་འགྱུར་མེད་པ་རེད། བལྟ་ག འགྲོ་ག ཟེར་ནས་རྗེས་འཇུག་མེད་པའི་རྗེས་གི་ག་དང་། ཡང་ག གསལ་ག་ཟེར་བའི་རྗེས་གི་ག་གཉིས་ལ་སྐད་གི་ནང་སྒྲ་ལ་ཁྱད་པར་ཡོད་པ་རེད།
རྟ་གི་རྒྱབ་དང་སྒང་གི་མི་གཉིས་གི་སྒྲ་ལའང་ཁྱད་པར་ཡོད་པ་རེད།
༄༎ འབ྄ོག་པའི་ལོ་གསར་བཏང་སོང་།
གངས་ཅན་པ་ཚོ་ངུ་ངག་དང་ཁྲག་གི་མིག་ཆུ་ཟུང་དུ་འདྲེས་པའི་གླུ་བ་གླུ་མས་རང་དབང་མེད་པའི་ཕ་ས་དྲོ་མོ་འདི་ནས་དགའ་སྐྱོ་ཡིས་ལོ་གསར་བ་ལ་བསུ་སྐྱེལ་བྱས་སོང་གྲང་ངར་དང་རླུང་ཚུབ་ཇི་ལྟར་ཆེ་ཡང་ཞུམ་པ་མེད་པའི་མགོ་ནག་རྩམ་ཟན་ཡོངས་སྨོན་འདུན་ཞུས་སོང་ཨ་ཙི་ ཇི་འདྲི་ངོ་མཚར་ལྡན་ལ་གངས་ཕྲུག་གི་སྤོབས་པ་སླར་ཡང་བསོད་་གངས་ཅན་པ་ང་ཚོ་ལ་གསོན་ཤུག་གསར་བ་ཞིག་ལུས་ཡོད་ ང་ཚོ་ཕ་ས་ནས་རྫ་ཆུ་འཐུང་བཞིན་གོམ་ཁ་སྤོ་དགོས་ད་ལྟ་རྫ་ཆུ་རྐམ་མེད་ དྲ་གྲོགས་ཚོ་རྫ་ཆུ་འཐུང་ལ་ཕེབས་ཤོག་ང་ཚོའི་རྫ་ཆུ་ནི་ཕ་མའི་ཡང་མི་ཡིས་རྫ་ཆུ་བསིལ་མ་འདི་དུག་རྫས་དང་ཤར་ཕྱོགས་རླུང་ཚུབ་ཀྱི་དུས་ནམ་ཡང་བསྲུབ་མི་ཐོབ་ ང་ཚོ་ལ་བདེན་བ་ཡོད་ ང་ཚོ་ལ་ལོ་རྒྱུས་ཡོད་ བོད་རྒྱལ་ལོ།་ ཕྲད་དང་འབྲེལ་བ་རྗེས་སུ་
all of you very good and nict to debat with this case.
so plx never give up with all.
thasnk
རབ་གསལ་དང་མདའ་ཚན་པ་ལགས།
ཁྱེད་གཉིས་ནས་འོག་གི་རྟགས་འཇུག་གི་ཚིག་བཅད་འདི་ལ་འགྲེལ་བ་རེ་རྒྱག་རོགས།
ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར།།
མ་ནིང་གཉིས་ཀ་ད་ལྟར་ཆེད།།
མོ་ནི་བདག་ད་མ་འོངས་ཕྱིར།།
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།
ཐུགས་རྗེ་ཆེ།
༄། ཕྲད་གྱི་སྐོར་ལ་བློ་ཡི་རྨོངས་འཆར་།
དྲ་གྲོགས་ཚོ་ཡིས་ཕྲད་བདེ་སྤྱོད་ཇི་ལྟར་གཏོང་དགོས་མིན་གྱི་སྐོར་ལ་མང་པོ་ཞིག་བྲིས་འདུག་ད་དུང་མུས་མཐུན་འབྲི་གནང་ཡོང་བ་ཞུ་ གང་ལ་ཞུས་ན་བསམ་བློ་གཏང་སའི་གཞི་འདུག་བསམས། ད་ལྟའི་ཆ་ལ་བོད་ཀྱི་བརྡ་སྤྲོད་རིག་བའི་གཞུང་ལ་བཟོ་བཅོས་དང་གསར་བཟོ་རྒྱབ་དགོས་མི་འདུག་ད་ལྟ་ཡོད་བ་འདི་བེད་སྤྱོད་བྱེད་ཐུབ་བ་ཞིག་གནང་དགོས་བསམས། ཁ་སྐད་དང་བརྡ་སྤྲོད་ཀྱི་གཞུང་གཉིས་ལ་ཕྲད་བེད་སྤྱོད་བྱེད་སྟངས་མི་འདྲ་ཡང་། གཙོ་བོ་ཁ་སྐད་ལ་བརྟེན་ནས་བརྡ་སྤྲོད་བྱུང་བ་ཞིག་ཡིན་མོས་། མ་འོངས་པར་འགྱུར་བ་འགྲོ་མི་སྲིད་པ་མིན། བོད་ཡོངས་ལ་གཅིག་སྒྱུར་གྱི་སྐད་གཅིག་མ་འབྱུང་གི་བར་དུ་བཞུགས་དགོས་སོ།་ ཁ་སྐད་དང་ཡིག་སྐད་གཉིས་མི་འདྲ་བ་མང་པོ་ཞིག་འདུག་མུས། ངས་ཟ་གི་ཡོད་། ང་ཕྱིན་པ་ཡིན་ ངས་ཕྱིན་ཡིན་སོགས་མང་དག་ཞིན་མཆིས་ཀྱང་ད་ལྟ་འདིར་མ་བྲིས་།
མདའ་ཚན་པས་བཤད་པ་ལྟར་མང་པོ་ཡོད་ན་མི་བཟང་བས། མདའ་ཚན་པ་ལ་མིག་གཉིས་ཡོད་སྲིད་ཀྱང་དོན་ངོས་སུ་མིག་གཅིག་གིས་ཀྱང་ཁྱེད་ལ་ལམ་ཁ་རྙེད་ཐུབ་ཙམ་འབྱུང་ངེས་པས། ཁྱེད་ལ་མིག་གཉིས་མང་དྲགས་པ་རེད། དེའི་ཕྱིར་མིག་གཅིག་བཀོག་བཞག་ན་ཡག་པོ་ཡོད་པ་རེད་བསམ།
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ལ།
ཁྱེད་རང་གིས་དྲངས་པའི་དྲི་བ་དེའི་སྐོར་ངས་སྔོན་མ་ནས་བསམ་ཚུལ་ཞིག་ཞུ་དགོས་བསམ་བསྡད་ཡོད། དེ་རིང་ཁྱེད་རང་གིས་ཏག་ཏག་ཚིག་དེ་དྲངས་ནས་དྲི་བ་བཀོད་འདུག་པས་ངས་དེའི་སྐོར་བསམ་ཚུལ་ཉུང་ཟད་བརྗོད་གི་ཡིན། དང་པོར་འགྲེལ་བཤད་དང་དེ་ནས་ཚིག་འདི་དག་དོན་ལ་གནས་མིན་ཐད་ཅུང་ཟད་བརྗོད་འདོད་བྱུང་།
སྔོན་འཇུག་ཕོ་ཡིག་བ་ཡིག་ནི་དུས་གསུམ་ལས་དུས་འདས་པ་དང་བདག་གཞན་གཉིས་ལས་གཞན་སྒྲུབ་པའི་ཕྱིར་འཇུག་ཅེས་པའི་དོན་རེད། དཔེར་ན། སྒྲུབ་ལྟ་བུར་མཚོན། བསྒྲུབ་བྱ། བསྒྲུབ་པར་བྱ། བསྒྲུབ་པར་བྱ་བ་ལྟ་བུ་གཞན་ལ་འཇུག་པ་དང་། དུས་གསུམ་གི་ནང་། བསྒྲུབས་ཅེས་དུས་འདས་པ་ལ་འཇུག་པའི་དོན་ནོ། གཞན་ལ་འཇུག་པའི་རྒྱུ་མཚན་གིས་མ་འོངས་པ་ལའང་འཇུག་པ་ནི་ཞོར་ལ་ཤེས་ཐུབ་པ་ཅིག་རེད།
མ་ནིང་གཉིས་ཀ་ད་ལྟར་ཆེད་ཅེས་པའི་དོན་ནི་སྔོན་འཇུག་མ་ནིང་ག་ད་གཉིས་ཀ་བདག་གཞན་གཉིས་དང་ད་ལྟར་འཇུག་པའི་དོན་ཡིན་པར་འགྲེལ། དཔེར་ན། བདག་ལ་འཇུག་པ་ནི་གཅོད་པོ་པོ། གཅོད་བྱེད། གཅོད་པར་བྱེད་ལྟ་བུ་དང་། གཞན་ལ་འཇུག་པ་ནི་གཅད་བྱ། གཅད་པར་བྱ། གཅད་པར་བྱ་བ་ལྟ་བུའོ། ད་ལྟ་བ་ལ་འཇུག་པ་ནི་གཅོད་ལྟ་བུ་རེད།
མོ་ནི་བདག་ད་མ་འོངས་ཕྱིར་ཅེས་པའི་དོན་ནི་སྔོན་འཇུག་མོ་ཡིག་འ་ཡིག་ནི་བདག་གཞན་གཉིས་ལས་བདག་དང་དུས་གསུམ་ལས་དུས་ད་ལྟ་བ་དང་མ་འོངས་པར་འཇུག་པའི་དོན་ལ་འགྲེལ། བདག་ལ་འཇུག་པ་ནི་འཆད་པ་པོ། འཆད་བྱེད། འཆད་པར་བྱེད་ལྟ་བུ་དང་། དུས་གསུམ་ལས་དུས་ད་ལྟ་བ་དང་མ་འོངས་པ་ལ་འཇུག་པ་ནི་དཔེར་ན། འཁུར་ལྟ་བུའོ།
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ་ཅེས་པའི་དོན་ནི་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི་དངོས་པོ་བདག་གཞན་གཉིས་ཀ་དང་དུས་གསུམ་ལ་མཉམ་པའམ་མཚུངས་པར་འཇུག་པའི་དོན་ལ་འགྲེལ། དཔེར་ན། མཁྱེན་པ་པོ། མཁྱེན་བྱེད། མཁྱེན་པར་བྱེད་ལྟ་བུ་བདག་དང་། མཁྱེན་བྱ། མཁྱེན་པར་བྱ། མཁྱེན་པར་བྱ་བ་ལྟ་བུ་གཞན། དེ་བཞིན་དུས་གསུམ་ལའང་མཉམ་པར་འཇུག་པའོ། འདི་དག་ནི་ཡོངས་གྲགས་གི་འགྲེལ་ཚུལ་ཅིག་རེད།
ད་འདིར་དོན་ལ་གང་ཞིག་གནས་གི་མེད་པ་རེད་ཟེར་ན། དུས་གསུམ་གི་བྱ་ར་མི་འདྲ་བ་ལྔ་དྲུག་ཅིག་མདུན་ལ་བཀྲམ་ནས་བརྟག་དཔྱད་ཅིག་བཏང་བ་ཡིན་ན་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་ཅེས་པ་དང་ཤིན་ཏུ་མོ་ནི་མཉམ་ཕྱིར་རོ་ཞེས་པ་གཉིས་དོན་ལ་གནས་སེ་ཡོད་པ་རེད།
ག་ད་གཉིས་མ་འོངས་པ་ལ་འཇུག་པ་ཤས་ཆེ་བ་ཡོད་པ་དང་འ་ཡིག་ད་ལྟ་བ་ལ་འཇུག་པ་ཤུགས་ཆེ་བ་ཡོད་པ་རེད། དེ་བཞིན་་བདག་གཞན་ལ་འཇུག་ཚུལ་གི་གནད་འགག་ཡང་དེ་ལས་ཤེས་ཐུབ། ཚིག་རྐང་འདི་ཚོར་འགྲེལ་རྒྱག་སྐབས་ཡོངས་གྲགས་ལྟར་འགྲེལ་འགྲོ་བ་ལས་ཞིབ་ཙམ་བྱས་ན་འགལ་བ་རི་ལྟར་སྤུངས། ཡང་ན་གནད་འགག་ཅིག་མ་ཤེས་པ་ཡིན་རྒྱུ་རེད། འདིར་ང་ལ་སུམ་རྟགས་སྐོར་གི་དཔེ་ཆ་གཅིག་གེ་མེད་པས་ལྟ་ས་མེད་ལ་འདྲི་སའང་མེད་པས་ཁྱེད་རང་གི་འདོད་བློ་སྐོང་ཐུབ་པ་མ་བྱུང་།
མདའ་ཚན་པས་བཀྲལ་བའི་འགྲེལ་བཤད་འདི་ནི་སུམ་རྟགས་འགྲེལ་བ་དག་ན་གང་ཡོད་པ་དེ་རང་ཡིན་པ་འདྲ། ངས་ལམ་སེང་ཨ་ལགས་ཞབས་དྲུང་ཚང་གི་གསུང་འབུམ་བསྔོགས་ནས་ཐོན་མིའི་ཞལ་ལུང་གི་ནང་དུ་ཡོད་པའི་འགྲེལ་བཤད་ལ་རོབ་ཙམ་བལྟས་པ་ཡིན། བྱ་ཚིག་གི་དུས་གསུམ་དང་། གཅོད་བྱེད་དང་གཅོད་བྱ་ལ་བདག་གཞན་གྱི་དབྱེ་བ་ཕྱེས་པ་དེ་ལས་ལྷག་མི་འདུག མདའ་ཚན་པས་བློ་ཐོག་ནས་འདི་འདྲ་ཞིབ་ཚགས་པོ་ཞིག་གསུངས་སྟབས་ང་དགའ་ནས་ཕྱག་འཚལ་གྲབས་ཤིག་བྱས་པ་ཡིན།
ངས་བལྟས་ན་གོང་གསལ་ཚིག་བཅད་དེ་དོན་ལ་ཏག་ཏག་ཅིག་གནས་གི་མི་འདུག ངས་སྔོན་མ་སློབ་དེབ་སྒྲིག་སྐབས་དུས་གསུམ་གི་བྱ་ར་ལྔ་དྲུག་ཅིག་མདུན་ལ་ཁ་ཕྱེ་ནས་དཔྱད་བསྡུར་ཅུང་ཟད་ཅིག་བྱས་པ་ཡིན།
གཞན་ཡང་ལས་ཟེར་བ་འདི་ཡང་། བྱ་བའི་ཡུལ་ལ་འཇུག་པའི་སྐབས་ཅིག་དང་། བྱ་ལས་བྱེད་ལས་ཟེར་ནས་བྱ་བ་ལ་འཇུག་པའི་སྐབས་ཅིག་གཉིས་ཡོད་པ་དེ་ཚོ་ཡང་ལེའུ་དང་པོ་བ་ཅིག་ལ་མཚོན་ན་རྨོངས་བར་བྱེད་པའི་རྒྱུ་ལས་མི་འདུག
དངོས་གནས་བཤད་ན། བརྡ་སྤྲོད་ཐོག་མར་སློབ་སྐབས་དུས་གསུམ་གི་དབྱེ་བ་དང་བྱ་བྱེད་ཐ་དད་མི་དད་གི་ཁྱད་པར་གལ་ཆེན་པོ་ཡིན་པ་ལས་བདག་གཞན་སྐོར་དེ་སློབ་གྲྭ་ཆུང་འབྲིང་ཚོར་དེ་འདྲའི་མཁོ་ཆེ་བ་ཅིག་མིན་པར་འདོད།
མདོར་དེད་ན་བདག་གཞན་གཉིས་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་གི་ཁྱད་པར་དབྱེ་བ་འབྱེད་གི་ཡོད་པ་ཙམ་རེད། དཔེར་ན་གཅོད་པ་པོ་གང་ཟག་དེ་བདག་དང་གཅོད་བྱེད་གི་ལག་ཆ་ཡང་གཅོད་པ་པོ་དང་འབྲེལ་བས་དེ་ཡང་བདག གཅོད་པར་བྱེད་པ་ཟེར་བའི་བྱ་བ་བྱེད་བཞིན་པ་དེ་ཡང་བདག་དང་འབྲེལ་བ་ཡོད་པས་བདག་གི་ཁོངས་ལ་བཅུག་པ་རེད། གཅད་བྱའི་དངོས་པོ་དེ་བདག་དང་འབྲེལ་མེད་པས་དངོས་པོ་གཞན་དང་། གཅད་པར་བྱ་ཟེར་ན་ཡང་མ་འོངས་པའི་བྱ་བ་ཞིག་སྟོན་གི་ཡོད་པ་དང་། དེ་ཡང་གཅད་བྱ་གཞན་དང་འབྲེལ་བ་ཅིག་ཡིན་པར་བརྟེན་གཞན་གྱི་ཁོངས་སུ་བསྡུས་པ་རེད།
འཕུལ་རྟེན་མིང་གཞིའི་རྟགས་གི་དབྱེ་བ་དེ་ཚོ་ཡང་ཧོར་ཁང་གིས་གསུངས་པ་བཞིན་དང་པོར་ཀློག་སློབ་པའི་སྐབས་སློབ་དགོས་ངེས་ཅིག་ཡོད་པ་རེད། ཀློག་བསླབས་ཚར་བའི་རྗེས་ལ་རྟགས་གི་དབྱེ་བ་དེ་ཚོས་ག་རེ་བྱེད་དགོས་རེད།
གདོང་དམར་བུའི་དཔེ་དེས་ང་ལ་དགོད་ཤོར་བཅུག་སོང་། འུ་གཉིས་གི་དཔེ་འཇོག་སྟངས་རྦད་དེ་ལོགས་ཀ་རེད། ངས་ཁྱེད་རང་ལ་མའོ་ཊ་ལྔ་ཡོད་པ་རེད། དོན་དངོས་མའོ་ཊ་གཅིག་མ་གཏོགས་དགོས་མཁོ་མེད་པ་རེད་ཟེར་གི་ཡོད་པ་རེད། ཡིན་ན་ཡང་། ཁྱེད་རང་གིས་ཨུ་ཚུགས་བརྒྱབས་ནས་ངེད་ཚང་སྔོན་མ་ནས་འདི་ལྟར་ཡོང་བ་རེད། ད་ལྟ་ཡིན་ན་ཡང་འདི་ལྟར་ཡིན་ཟེར་གི་ཡོད་པ་དང་གཅིག་པ་རེད་ཟེར་ནས་སྔོན་མའི་མཆན་ཅིག་ནང་བྲིས་ཡོད།
ཁྱེད་རང་གི་དཔེ་དེ་ཡང་མ་རེད་ཟེར་བ་མི་འདུག ཡིག་སྐད་རང་ལ་ལྟོས་ནས་བཤད་ན་བདེན་ཤས་ཆེ། ཁ་སྐད་དང་། ཁ་སྐད་དང་ཡིག་སྐད་གཅིག་གྱུར་ལ་ལྟོས་ནས་བཤད་ན་དཔེ་དེ་ལན་པོ་མི་འདུག
༄༎ དྲ་གྲོགས་བརྡ་སྤྲོད་མཁས་པ་གཉིས་ལ་ཞུ་རྒྱུ།
ཅ་དངོས་གསར་བས་མིང་ཚིག་གསར་བཟོ་བྱེད་དུས་དུས་ད་ལྟ་བ་བེད་སྤྱོད་བྱེད་ན་ལེགས་བ་ཡོད་ན་ཡང་ན་དུས་གསུམ་སྐུལ་ཚིག་གང་ནས་བེད་སྤྱོད་བྱེད་ན་ལེགས་བ་ཡོད་དམ།
དེའི་སྐོར་ལ་གསལ་བཤད་ཞིག་གནང་གིས།་ ཐུགས་རྗེ་ཆེ།
ང་ཚོའི་མིང་ཚིག་མང་པོ་ཅིག་བྱ་ཚིག་གིས་གྲུབ་ཡོད་པ་དང་། དེ་ཡང་དུས་འདས་པ། ད་ལྟ་བ། མ་འོངས་པ་ཅི་རིགས་གིས་གྲུབ་འདུག གངས་བུ་ལགས་གིས་གསུངས་པ་ལྟར། དུས་ད་ལྟ་བ་བེད་སྤྱོད་བཏང་ན་ཅུང་ཟད་སྟབས་བདེ་བོ་དང་ཡི་གེ་སོར་ཡང་བའི་ཁྱད་པར་འདུག་སྙམ།
ངས་གྲངས་ཀ་རྩིས་ནས་ཞིབ་འཇུག་བྱས་མ་མྱོང་ཡང་མཐོང་སྣང་ཅིག་ལ་ད་ལྟ་བས་གྲུབ་པའི་མིང་ཁྱབ་ཆེ་བ་ཡོད་པར་འདོད། ཡང་མཚམས་རེར་དུས་ད་ལྟ་བ་ལན་པོ་ཁྱོན་ནས་མེད་པ་དེ་འདྲ་ཡང་འདུག དཔེར་ན། གསུང་བཏུས། གསུང་བསྡུས་ལྟ་བུ་ལ་གསུང་བཏུ་དང་གསུང་སྡུད་ཟེར་ན་ཁྱད་མཚར་པོ་མ་རེད་དམ། མ་བདེ་བ་དང་མ་འཚམས་པ་དེ་འདྲ་མེད་ན་བྱེད་ཚིག་ད་ལྟ་བ་བེད་སྤྱོད་བཏང་ན་མ་ལེགས་པ་ཅི་ལ་ཡོད་སྲིད།
བརྡ་སྤྲོད་མཁས་པ་ཡིན་སྙམ་མེད་ན་ཡང་།། བརྡ་སྤྲོད་བགྲོ་གླེང་བྱེད་སར་སླེབས་པ་ན།།
རང་གི་ཕ་ས་སྨུག་པོར་སླེབས་སྙམ་ཤར།། ཡིད་གི་གདུང་བ་དར་ཅིག་སངས་སྙམ་ཤར།།