གཡང་སྐྱབས་རྒྱལ།
———————-
འདས་པའི་རེས་གཟའ་སྤེན་པ་ཉིན་ཨ་རིའི་ཨ་རི་ཛོ་ན་མངའ་སྡེར་བྱུང་བའི་གོད་ཆག་དེས་ ད་བར་གྱི་གསར་འགྱུར་གྱི་བརྒྱུད་ལམ་བཟུང་སོང་། བརྒྱུད་ལམ་དེའི་ནང་ནས་ང་ལ་རྨི་ལམ་གྱི་ཟློས་གར་ལྟ་བུའི་ལྟད་མོ་ཞིག་བསྟན།
ཡོང་རྐྱེན་ངོ་མ་ནི། སེམས་ཁམས་འཁྲུགས་པའི་ཕོ་གསར་ལོ་ ༢༢ ཅན་ཞིག་གིས་མེ་མདའ་སྤྱད་ནས་གྲོས་ཚོགས་འཐུས་མི་གཅིག་དམར་གསོད་བྱེད་དུ་ཕྱིན་སྐབས། གྲོས་ཚོགས་འཐུས་མི་དེའི་མགོར་མདེའུ་ཐེབས་ནས་ མདེའུ་དེ་མགོའི་ཕྱོགས་གཅིག་ནས་ཕྱོགས་གཞན་དུ་བརྟོལ་ཏེ་ཐོན་པ་དང་། གཞུང་གི་ཁྲིམས་དཔོན་ཞིག་དང་བུ་མོ་ལོ་དགུ་ཅན་བཅས་པའི་མི་དྲུག་བསད། གཞན་མི་ ༡༢ རྨས་སྐྱོན་ཕོག་ཏུ་བཅུག ཉེས་ཅན་པ་ནི་ས་ཆ་དེ་རང་དུ་འཛིན་བཟུང་བྱས་པ་དེ་རེད།
དེང་སང་འཛམ་གླིང་ལ་མཚོན་ན་མི་ ༦ ལ་འཆི་བ་བྱུང་བ་ནི་གྲངས་ཀ་དང་འཆི་ལུགས་སོགས་གང་ཅིའི་ཐད་ནས་ཧ་ཅང་རྒྱུན་ལྡན་ཞིག་རེད། འོན་ཀྱང་འདི་ལ་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་དབུ་འཁྲིད་དེ་མྱ་ངན་ཞུ་བ་དང་གདུང་སེམས་མཉམ་བསྐྱེད་བྱེད་པ། ཆབ་སྲིད་ཚོགས་པ་མི་གཅིག་པའི་འགལ་ཟླའི་མི་སྣ་དག་ཀྱང་ཤོག་ངོས་གཅིག་ལ་སླེབས་ནས་ཆིག་སྒྲིལ་གྱི་རེ་བ་སྤར་བ། འདི་འདྲའི་ཆེན་པོ་ཞིག་བྱས་སོང་།
ཧང་། རྒྱུ་མཚན་གང་ཡིན་ནམ།
སྲིད་འཛིན་གྱི་གསུང་བཤད་ཁག་ཏུ་འདི་ནི་ གྲོས་ཚོགས་འཐུས་མི་རྣམས་མི་མང་གི་ཁྲོད་དུ་ཕེབས་ནས་མི་མང་གི་བསམ་ཚུལ་ལ་ཉན་ཞིབ་བྱེད་པའི་རང་དབང་གི་འདུ་འཛོམས་ལ་ཐུབ་ཚོད་བཏང་བ་ཞིག་རེད་གསུངས། མེ་མདའ་རྒྱག་མཁན་དེ་ནི་སྲིན་པོའི་སེམས་ཡོད་པའི་སྨྱོན་པ་ཞིག་རེད་ཟེར། མེ་མདའི་མདེལ་བར་ནས་ཕན་ཚུན་སྐྱོབ་རོགས་བྱས་པའི་ཕོ་མོ་འདས་གསོན་ཚང་མ་ནི་དཔའ་བོ་རེད་ཟེར། ཨ་མི་རི་ཀའི་དམངས་གཙོ་དང་ཆིག་སྒྲིལ་ལ་ཐུབ་ཚོད་བཏང་ན་སུས་ཀྱང་བཟོད་སྒོམ་མི་བྱེད་པ་དང་། ཨ་རིའི་མི་མང་རྣམས་གནད་དོན་འདི་འདྲ་ལ་ཐུག་སྐབས་ ཚང་མ་སྤུན་ཟླ་ཡིན་ལ་ཚང་མ་ཆིག་སྒྲིལ་ཡིན་ཟེར།
གྲོས་ཚོགས་འཐུས་མི་དེ་ནི་ད་ཆར་ཡང་སྨན་ཁང་དུ་སྨན་བཅོས་འོག་ཡོད་པ་དང་། མདེའུས་ཁོང་གི་ཀླད་པ་ལ་རྨས་སྐྱོན་བཏང་བ་དེ་གཤག་བཅོས་ཀྱིས་ཁ་སང་གཞི་ནས་ནད་པ་དེས་མིག་ཕྱེས་སོང་ཟེར། མགོ་ལ་མེ་མདའ་ཕོག་ཀྱང་ད་དུང་གསོན་པོར་བཞུགས་པའི་རྫུ་འཕྲུལ་དེ་ལ་བརྟེན་ནས་ མི་ཚང་མ་ རེ་བ་དང་ཆིག་སྒྲིལ་ ལ་ཐིམ་འདུག
བུ་མོ་ལོ་དགུ་ཅན་དེ་ཅིའི་ཕྱིར་དམར་གསོད་ཐེབས་པའི་སྐོར་འཆད་སྐབས་འདི་ནི་ “ལིས་ཧུ་ལིན་”ལྟ་བུའི་རྒྱལ་གཅེས་ཀྱི་དཔའ་མོ་ཞིག་ཆགས་པ་དང་། མོའི་རྨི་ལམ་ནི་དམངས་གཙོའི་རང་དབང་གི་ལོངས་སྤྱོད་དེ་ལ་འཛད་མེད་ཀྱིས་ལོངས་སྤྱོད་བྱེད་རྒྱུ་དེ་ཡིན་པར་འགྲེལ།
དམངས་གཙོའི་རྒྱལ་ཁབ་ཀྱི་རྣམ་འགྱུར་འདི་དང་ཟློས་གར་འདིས་ངའི་ཡིད་དབང་དྲངས་སོང་། ངའི་ཡིད་དབང་དེའང་སྨོན་པ་ཞིག་གི་སྟེང་དུ་དྲངས་སོང་། རྒྱལ་གཅེས་ཀྱི་དཔའ་བོ་༧པཎ་ཆེན་ཐམས་ཅད་མཁྱེན་པའི་སྐོར་ནས་མགོ་བཙུགས་ཏེ། ད་ལྟ་བཙོན་ཁང་ལ་འགྲོ་བཞིན་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་དག་ལའང་འདི་འདྲའི་གོ་སྐབས་ཤིག་བྱུང་ན་ཅི་མ་རུང་དྲན།
གངས་ལམ་ཕྲ་མོ་འཕྲེད་དུ་འཐེན་པ་དེའི་སྟེང་ན་ བོད་མི་བཅུ་གྲངས་ཤིག་ བང་སྒྲིག་སྟེ་ གཅིག་མཇུག་གཉིས་མཐུད་ཀྱིས་བསྐྱོད་བཞིན་འདུག ག་ལེར་བསྐྱོད་བཞིན་འདུག པར་ཆས་དེ་ཐག་རིང་སྟབས་ བོད་མིའི་བང་དེ་ནི་ ཧ་ཅང་ཆུང་ཆུང་ཞིག་ཏུ་མཐོང་། ཡིན་ན་ཡང་། མདུན་ཕྱོགས་སུ་བསྐྱོད་བཞིན་པ་དེ་གསལ་པོར་མཐོང་། “བྷང་།” མདུན་གྱི་མི་དེ་ས་ལ་རིལ་སོང་། མི་ཚོགས་ཁ་འཐོར་པ་འདྲ་མོད། མུ་མཐུད་ནས་མདུན་དུ་བསྐྱོད། “བྷང་།” པར་པ་དེས། “ཨོ་ཙི་ འདི་ཚོས་ མི་ལ་ཁྱི་ཇི་བཞིན་མེ་མདའ་རྒྱག་གི་འདུག” ཅེས་གསུངས་སོང་། ང་ཚོའི་དབུ་འཁྲིད་རྣམས་འཇམ་ཏིང་ངེར་བཞུགས་པ་རེད། ང་ཚོའི་སྤྱི་ཚོགས་ཀྱིས་ ་་་་
རྨི་ལམ་གྱི་ཟློས་གར་འདི་ནི་ཇི་འདྲའི་ཆ་མེད་ཡ་དོ་ཞིག་རེད་ཨང་།
སྨྱོན་པ་དེས་བསད་པའི་བུ་མོ་ལོ་དགུ་ཅན་དེའི་པར་མཐོང་དུས་སེམས་སྐྱོ་ནས་ངུས་པ་ཡིན། མོ་ཕྲུ་གུ་བསམ་མེད་ཅིག་རེད། འཇིག་རྟེན་འདིར་སླེབས་ནས་རིང་པོར་མ་ཕྱིན་པར་འཇིག་རྟེན་འདི་ནས་མཇུག་འགྲིལ་བ་རེད།
ཀུན་གཟིགས་པཎ་ཆེན་བཅུ་གཅིག་པ་མཆོག་དང་། ནང་པ་ལར་བསད་པའི་བུ་མོ་ཆུང་ཆུང་དེའི་གནས་ཚུལ་དེ་ཚོ་མཐོང་དུས་འཛམ་གླིང་འདིའི་མི་ཚང་མར་འགྲོ་བ་མིའི་རིགས་ཀྱི་ཐོབས་སྟང་འདྲ་མཉམ་ཡོད་ཀྱང་། ཁོང་གཉིས་ལ་ཐོབས་སྟངས་དེ་མེད།
མཉམ་འབྲེལ་རྒྱལ་ཚོགས་སྟོབས་ཆེན་དཔུང་གིས་དབང་།
འགྲོ་བ་མི་ཡི་ཐོབས་སྟངས་རི་བོང་རྭ།
དེ་བས་འཛམ་གླིང་འདི་ཉིད་འབྱུང་བ་ཆུ་བོ་ཡིས།
མྱུར་དུ་འཇིགས་པའི་རེ་བ་ང་ཡི་བྱེད།
བསྟན་འཛིན་བསྐལ་ལྡན། མ་རབས་ཁྱོས་སྨོན་ལམ་ལོག་པ་དེ་འདྲ་མ་བཏབ་དང་། ང་ནི་གཞི་ནས་སྐྱིད་པོ་གཏོང་རྒྱུ་ཡིན།
ལར་ནས་བོད་མིར་དབང་བ་ནི་ནང་ཁུལ་ཕྲག་དོག་དང་། གནོད་སེམས། གཉའ་གནོན་བཅས་ཡིན་པ་ལས་གཅིག་སྒྲིལ་དང་། གདུང་སེམས་མཉམ་བསྐྱེད་ཟེར་བ་ནི་ཚིག་སྐམ་ཞིག་ལས་དོན་དངོས་སུ་རྨི་ལམ་གྱི་ཟློས་གར་རང་རེད།
ཆབ་སྲིད་ཀྱི་གཡོ་གར་ཞིག་གི་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མུན་པའི་བཙོན་དུ་བཞུགས་དགོས་བྱུང་བ་དང་། ནང་པ་ལའི་འདབས་ཀྱི་བོད་མི་བྲོས་བྱོལ་བའི་ལས་དབང་དེ་དག་ནི་བཙན་བྱོལ་དུ་ཡོད་པའི་བོད་མི་དག་གི་དེང་དུང་དར་བཟོའི་ཆབ་སྲིད་ཀྱི་ལས་འགུལ་ནང་ལག་ཆ་མེད་དུ་མི་རུང་བ་རེད། ད་དུང་སྐབས་དེ་དག་ཏུ་ཆབ་སྲིད་ལས་འགུལ་ཚོགས་པ་ཟེར་བ་ཁག་དབར་སུ་ཐོབ་ཀྱི་རྩོད་རྙོག་ཡང་བྱུང་ཡོད། ད་ཡལ་སོང་། ནམ་མཁའི་འཇའ་ལྟར་ཡལ་སོང་། བོད་གཞུང་གི་ལས་བྱེད་དང་ཆབ་སྲིད་ཚོགས་པ་ཁག་འཇམ་ཐེང་ངེར་བཞུགས་སོང་། ཁ་ཡང་གྲགས་རྒྱུ་མི་འདུག གྲོས་ཆོད་རྫིག་པོ་དེ་དག་ཚང་མ་ཁྱེད་ཀྱི་རྨི་ལམ་གྱི་ཟློས་གར་དང་ཐིམ་སོང་།
བོད་གཞུང་གི་ལས་བྱེད་དང་ཆབ་སྲིད་ཚོགས་པ་ཁག་འཇམ་ཐེང་ངེར་བཞུགས་སོང་། ཁ་ཡང་གྲགས་རྒྱུ་མི་འདུག གྲོས་ཆོད་རྫིག་པོ་དེ་དག་ཚང་མ་ཁྱེད་ཀྱི་རྨི་ལམ་གྱི་ཟློས་གར་ནང་ཐིམ་སོང་།