རྟ་ནག་སྐལ་བཟང་ལུང་རིགས།
སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོའི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ཧྲན་ཧེ་ ཀོན་འགག་སྒོ་རུ་ཧེ་ཙི་ལྷིང་འཇགས་ཀྱི་ངང་ནས་ལྕགས་ལམ་དུ་འཕྲེད་ཀྱིས་ཉལ་སོང་ལ། ཁོང་གི་ལུས་སྟེང་དུ༼དམ་པའི་གསུང་རབ༽ཀྱི་ཁ་ཕྱེ་ནས་ཡོད། མེ་འཁོར་ཞིག་ལྡིར་སྐད་དང་བཅས་ཏེ་རྒྱང་རིང་ནས་བསླེབས་སོང་། སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་སྙན་ངག་པ་ཞིག་འདི་ལྟར་འཇིག་རྟེན་གཞན་ཞིག་གི་ཁམས་སུ་བསྙེགས་སོང་ངོ་།།
ཧེ་ཙིའི་གཉུག་གནས་ཀྱི་མིང་ལ་ཁྲ་ཧེ་ཧྲིན་དང་། ཨན་ཧེ་ཁྲ་ཝན་གྱི་མི་ཡིན་སྐད་དོ།། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་བཞི་ལོའི་ཟླ་གསུམ་པར་སྐྱེས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་བཞི་ལོ་སྟེ་རང་ལོ་བཅོ་ལྔར་སོན་པའི་ལོ་དེར་པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཚན་དུ་ཞུགས་ཤིང་། རྗེས་སུ་རྒྱ་ནག་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་ལས་བགོས་བྱས། ང་ཚོས་ཁོང་གི་སྐྱེ་འཆིའི་ལོ་ཚིགས་ལ་ཕྱོགས་བསྡོམས་ཤིག་བྱས་ཚེ་འདི་ལྟར་མངོན་འོང་སྟེ། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་བཞི་ལོའི་ཟླ་གསུམ་པར་སྐྱེས་ཤིང་། གཤེགས་པའི་དུས་ཚོད་ནི་ཟླ་གསུམ་པའི་ཚེས་ཉེར་དྲུག་དང་། འཚོ་གཞེས་ཀྱི་དུས་ཚོད་ཀྱང་བགྲང་བྱ་ཉེར་དྲུག་འབའ་ཞིག་ཡིན་པས། མངོན་གྱུར་བའི“ཉེར་དྲུག”འདི་གཉིས་ནི་མ་བགྲོས་རང་འགྲིག་གིས་འཁོར་འོང་བ་ཞིག་མ་རེད་དམ།
ཧེ་ཙི་ནི་སྔོན་རྟོགས་མངའ་བའི་སྙན་ངག་སྨྲ་བ་བོ་ཞིག་སྟེ། ཁོང་ གི་ལུས་སྟེང་དུ་ལུང་བསྟན་རང་བཞིན་དང་། བློ་འབྱེད་རང་བཞིན་གྱི་དངོས་པོ་དག་ཆད་མེད་ཀྱིས་གྲུབ་པས་རྨོངས་པ་དག་ལ་ཤེས་ རབ་བསྐྱེད་པའི་གོ་ཆོད་པ་ཡིན་སྟེ། འདི་ནི་ཧེ་ཙི་ལྷ་སྒྲུང་དུ་གྲུབ་པའི་རྒྱུ་རྐྱེན་འགངས་ཆེ་བ་ཞིག་རེད་དོ།། ཧེ་ཙིས་སྙན་ངག་ནི་ཚེ་སྲོག་ཏུ་ལྟ་ལ། སྙན་ ངག་གིས་ཁོང་གི་ཚེ་སྲོག་གི་དོན་དངོས་འབྲི་བ་དང་། ཚེ་སྲོག་གི་དོན་དངོས་མཚོན་པ་དང་། ཚེ་སྲོག་གཞོམ་པར་མཛད་པ་དང་། ཚེ་སྲོག་མཇུག་སྒྲིལ་བྱེད་ཀྱང་སྙན་ངག་ཏུ་ལྟའོ།། ཁོང་ གི་སྙན་ངག་ཁྲོད་དུ་ང་ཚོས་ཁོང་གི་ཚེ་སྲོག་གི་རྒྱུ་བ་སྟོར་བའི་ཆེས་མཐའ་མཇུག་ གི་འཆི་བའི་འདུ་ཤེས་དང་། འཆི་བའི་སྣང་ཚུལ་གསལ་བོར་རྙེད་ཐུབ་པ་ཙམ་དུ་མ་ཟད། འཆི་བའི་འདུ་ཤེས་དང་སྣང་ཚུལ་དག་ནི་དེ་འདྲའི་གསོན་ཉམས་མངའ་བ་ཞིག་དང་བབ་བརླིང་ཟོལ་མེད་ཅིག་ཡིན་པ་དེའོ།། ཁོང་འཚོ་གཞེས་སྐབས་སུ་སྐྱེ་བོ་རྣམས་རྨོངས་གཉིད་ལས་བསླངས་པར་སུས་ཀྱང་ཡིད་གཟབ་བགྱི་བ་མི་སྲིད་ལ། མཚམས་ལན་རེར་ཡིད་གཟབ་བགྱིད་པའི་དབང་དུ་བཏང་ནའང་ཁོང་གི་འཆི་བའི་སྣང་ཚུལ་ལ་དོགས་ཟོན་བྱས་པ་མེད་དོ།། དེ་ལྟ་ནའང་། ད་ ཆ་སྐྱེ་བོ་དག་གི་དྲན་ངོར་ཁོང་གི་འཆི་བའི་སྣང་ཚུལ་དག་ཝ་ལེ་ཝ་ལེར་འཁོར་འོང་ བའི་སྐབས་ཉིད་དུ་སྙན་ངག་པ་ཁོང་ཕྱིར་མི་ལྡོག་པའི་ལམ་དུ་ཆས་སོང་ངོ་།། ཚེ་ཚེ་རབས་རབས་སུ་ཕྱིར་འོང་བ་མེད་དོ།།
ཧེ་ཙི་འཚོ་གཞེས་སྐབས་ཀྱི་གྲོགས་པོ་ཤིས་ཁྲོན་གྱིས་འདི་སྐད་དུ་སྨྲས་ཏེ། ཧེ་ཙི་ནི་འཆི་བ་དང་བརྩེ་བས་སྦྲེལ་ཡོད་པའི་མི་ཞིག་སྟེ། འཆི་བའི་འདུ་ཤེས་ནི་ཁོང་གི་སྙན་ངག་གི་བརྗོད་བྱ་འགངས་ཆེ་བ་དེ་ཡིན་པ་དང་། ཆེས་མཐའ་མཇུག་ཏུ་རང་སྲོག་སྟོར་བའི་འདུ་ཤེས་ཀྱང་སྙན་ངག་གིས་གསལ་བོར་མཚོན་ནས་ཡོད་པ་དེའོ།། ནེམ་ནུར་མི་དགོས་པ་ཞིག་ནི་ཁོང་མ་གཤེགས་པའི་སྔ་རོལ་ཏུ་བྲིས་པའི་སྙན་ངག་འགའ་ཞིག་གི་དུམ་བུ་ཞིག་སྟེ། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིར་བྲིས་པའི་༼དཔྱིད་ཀ ཧེ་ཙི་བཅུ༽རུ་འཁོད་པ་འདི་འདྲ་སྟེ། “དཔྱིད་ཀར། ཀླ་ཀློའམ་སྡུག་བསྔལ་གྱི་ཧེ་ཙི། ལྷག་སོང་བ་འདི་ནི། ཆེས་མཐའ་མཇུག་གི་འདི་ནི། འདི་ནི་མཚན་ལྗོངས་ཀྱི་བུས་པ་ཞིག་སྟེ། དགུན་གཞུང་དུ་གྱར་ཞིང་། འཆི་བ་ལ་སྨོན་པ་ཞིག་གོ།” ཧེ་ཙི་ཡིས་འདི་ལྟར་སོམ་ཉི་མི་དགོས་པའི་འཆི་བའི་བསྒྲགས་གཏམ་སྤེལ། འདི་ནི་སྡུག་བསྔལ་གྱི་ཧེ་ཙི་ཡིན་ལ། འཆི་བའི་སྐོབས་སུ་ཚུད་ཅིང་ནམ་ཡང་ཐར་བར་དཀའ་བ་སྟེ་འདི་ནི་རེ་ཐག་ཡོངས་སུ་ཆད་པའི་སྙན་ངག་པ་ཞིག་གོ། རྩ་ཐོར་དུ་ཕྱིན་པའམ་རེ་སྨོན་གང་ཡང་མེད་པའི་རྣམ་ཤེས་ཤིག་སྟེ། རླུང་ཆེན་ཤར་ནས་ནུབ་ཏུ་རྒྱུ་ཞིང་། བྱང་ནས་ལྷོ་རུ་རྒྱུ་ལ། ཅི་ཡང་མི་མཐོང་བའི་མཚན་ལྗོངས་དང་སྐྱ་རེངས། ཁྱེད་ཀྱིས་བསྙད་པའི་འོད་ཟེར་ཞེས་པ་དེ་ཡང་སྙིང་ཅི་ཞིག་ཡིན་ནམ།
ཧེ་ཙི་མ་གཤེགས་པའི་སྔོན་དུ་གྲོགས་པོ་རེ་འགའ་དང་བསྡོངས་ནས་རང་སྲོག་རང་གཅོད་ཀྱི་ཐབས་ལམ་ལ་དཔྱད་གླེང་སྤེལ་མྱོང་ལ། ལྕགས་ལམ་དུ་འཕྲེད་ཀྱིས་ཉལ་ནས་རང་སྲོག་དོར་བ་ནི་ཆེས་མཐའ་མཇུག་གི་བདམས་ཀ་ཡིན་པ་དེའོ།། ཧེ་ཙིའི་གྲོགས་པོ་ཤིས་ཁྲོན་གྱིས་བསྙད་པ་ལྟར་ན། “གནམ་གྲུ་ལས་མཆོངས་པ་ནི་ཕལ་ཆེར་ཡོང་མི་སྲིད་པའི་བདམས་ཀ་ཞིག་ཡིན་པས་རེད།” དེ་ལྟ་ནའང་། དོན་རྐྱེན་འདི་ལས་སླ་བོའི་སྒོ་ནས་ཚད་འདི་འདྲར་བསླེབ་མི་སྲིད་པ་ཡིན་པས། “ཕལ་ཆེར་ལྕགས་ལམ་དུ་འཕྲེད་ཀྱིས་ཉལ་བ་ནི་ཆེས་སྟབས་བདེ་དང་། ཆེས་དྭངས་གཙང་། ཆེས་གཟི་བརྗིད་མངའ་བའི་བྱེད་ཐབས་ཤིག་ཡིན་པ་དེའོ།།”
དེ་ལྟ་ནའང་ང་ཚོས་རྒྱུན་བསྲིངས་ནས་ཁོང་གི་སྙན་ངག་ལ་བལྟས་ཏེ་ཡོང་ན། ལྕགས་ ལམ་དུ་རང་སྲོག་དོར་བའི་འཆི་བའི་འདུ་ཤེས་དེ་རྙེད་ནས་འདུག་སྟེ། དེ་ནི་ཁོང་གི་སྙན་ངག་ཁྲོད་དུ་ལུ་གུ་རྒྱུད་དུ་འབྱུང་བཞིན་པའི་ལྷ་ཡུལ་ཞེས་པ་ དེའོ།། ཕལ ཆེར་རང་ཉིད་ཀྱི་ཚེ་སྲོག་མཇུག་སྒྲིལ་བྱེད་དུ་གྱུར་པའི་སྙན་ངག་སྟེ། ༼ཉིན་བྱེད༽ནི་མགོ་བརྩམས་དུས་ནས་བརྙན་རིས་ཤིག་སྟེ། ནམ་མཁའ་དང་ས་གཞིའི་བར་དུ་ལྷིང་འཇགས་ཀྱི་ཐེམ་སྐས་ཤིག་གིས་སྦྲེལ་ནས་ཡོད་པ་དེའོ།། ཧེ་ ཙི་ཡིས་གནམ་གྱི་ཐེམ་སྐས་ཞེས་བྱ་བ་དེས་བསམ་བློའི་བླ་སྲོག་གི་དོན་སྙིང་མཚོན་ པར་བགྱིས་ཡོད་ཅིང་། གནམ་གྱི་ཐེམ་སྐས་ནི་ལྷ་ཡུལ་དུ་བགྲོད་པའི་ལྡོག་མེད་ཀྱི་བཤུལ་ལམ་ཡིན་པར་ དགོངས་ཡོད་པའོ།། སྙན་ངག་པས་དངོས་གནས་གནམ་གྱི་ཐེམ་སྐས་སྟེང་དུ་སྙན་ངག་དབྱངས་ལ་གྱེར་བའི་འགོ་བརྩམས་ཟིན་ཏེ། “བུད་ཤིང་སྒྲུག་པོས་ཉིན་འདི་དག་ལ། མིའི་རིགས་ཀྱི་ཚང་ཚིང་དུ། ལྗོན་པ་དུམ་བུར་བགྱིས་ཏེ། ལྷ་ཡུལ་གྱི་ཐེམ་སྐས་རྙེད་ཟིན། དེ་རྗེས་ཐེམ་སྐས་ལ་ཞུགས་ཏེ་ལྷ་ཡུལ་དུ་བསྙེག་འགྲོ།” (༼ཉིན་བྱེད༽)
དངོས་གནས་སྙན་ངག་པ་གནམ་གྱི་ཐེམ་སྐས་སུ་བསྡད་དེ་ལྷ་ཡུལ་དུ་ཆས་སོང་བ་དེ་དང་། ལྷའི་གོ་འཕང་དུ་བསྙེགས་སོང་བ་དེ་དང་། ད་དུང་འཆི་བ་བོའི་ཚེ་སྲོག་གི་འདུ་ཤེས་ཁམས་སུ་བཞུད་སོང་བ་དེ་ཡིན་ཏེ། “ང་རང་གནམ་གྱི་ཐེམ་སྐས་སུ་འགྲེང་ནས་ཡོད། ཉིན་འདི་འགར་བདག་གིས་མཁའ་དབྱིངས་ཀྱི་ཕོ་ཉ་བ་མཐོང་ལ་ཉེ།” (༼ཉིན་བྱེད༽) སྙན་ངག་པས༼སྨག་གླུའི༽ཁྲོད་དུའང་གོང་མ་དང་གཅིག་མཚུངས་ཀྱི་བརྗོད་སྙིང་འདི་ལྟར་བསྟན་ནས་ཡོད་དེ། “གནམ་གྱི་ཐེམ་སྐས་སྟེང་གི་སྨག་གླུ། ལྷ་ཡུལ་གྱི་སྨག་གླུ། སྨག་གླུ་ཡིས་ཁོ་བོ་གླུ་རུ་བླངས་སོང་།”དེའི་རྐྱེན་གྱིས་སྙན་ངག་པས་ལྕགས་ལམ་དུ་རང་སྲོག་དོར་བར་གཏིང་ཟབ་པའི་དོན་སྙིང་ཞིག་ཡོད་པ་བསྙད་མ་དགོས་སོ།།
གལ་སྲིད་མི་རེ་འགའ་སྨག་ཁྲོད་ཀྱི་མེ་འཁོར་ལ་ཞུགས་ཡོད་ཚེ་ཁོ་ལ་ངེས་ཅན་དུ་འདི་འདྲའི་མྱོང་བ་ཞིག་བདོག་པའི་སྲིད་པ་ཡོད་དེ། ཐག་ཉེ་བའི་གློག་འོད་གཤམ་དུ་རྒྱང་རིང་རྒྱང་རིང་ལ་བལྟས་ཚེ་མཐའ་མི་བདོག་པའི་ལྕགས་ལམ་ནི་ས་གཞི་ནས་ནམ་མཁར་འཕགས་ཤིང་། ནམ་མཁའི་པང་དུ་གདན་དུ་བགྱིས་འདུག་ལ། ཤིང་གི་སྐས་རིམ་རེ་རེ་ནི་མི་རྣམས་ཀྱི་སྔས་ཤིང་དུ་འོས་ཤིང་འཚམས་པ་དེའོ།། དེ་བས། ལྕགས་ལམ་དུ་ཤི་བའི་སྣང་ཚུལ་ནི་ལྷ་ཡུལ་གྱི་ཐེམ་སྐས་ཡིན་པར་སྙན་ངག་པས་སྙན་ངག་ཁྲོད་དུ་བསྟན་ཡོད་པར་མ་ཟད། དོན་དངོས་སུའང་ཁོང་གི་འཆི་བའི་འདུ་ཤེས་ཀྱི་བྱེ་བྲག་ཅིག་བསྟན་ཡོད་པ་དེའོ།།
སྙན་ངག་པས་ལྕགས་ལམ་དུ་རང་སྲོག་དོར་བ་ལ་ད་དུང་འགངས་ཆེ་བའི་བསམ་བློའི་ཡུལ་ལྗོངས་གཞན་ཞིག་གདའ་སྟེ། དེ་ནི་གས་ཆག་གི་གཟུགས་ཕུང་དེའོ།། ཧེ་ཙི་མ་གཤེགས་སྔོན་གྱི་ཤིན་ཏུ་ནས་རིང་བའི་དུས་ཚོད་ཁྲོད་དུ་བསམ་བློ་གས་ཆག་གི་ཕྱོགས་སུ་ཤོར་ཞིང་། རྗེས་སུའང་བསམ་བློ་གས་འཐོར་གྱི་ནད་གཞི་ཇེ་དྲག་ཏུ་ཕྱིན་པ་རེད་དོ།། (འདི་ནི་ཧེ་ཙི་མ་གཤེགས་ཡར་སྔོན་དུ་ཁྱིམ་ལ་བཞག་པའི་ཁ་ཆེམས་དེབ་ལས་རྙེད་ཐུབ་པ་གདའ་སྟེ། ཁ་ཆེམས་དེབ་ཏུ་བྲིས་པ་ལྟར་ན་མི་ཁ་ཤས་ཀྱིས་ཁོང་ལ་དོ་བསྡོ་བ་དང་མཐོ་འཚམས་པ་རེད་པས། ཁྱིམ་མི་དག་གིས་ཁོང་གི་སླད་དུ་དགྲ་ཤ་བརྩད་པའོ།།) དེར་བརྟེན། ཁོང་གི་སྙན་ངག་ཁྲོད་དུ་འཐོར་བ་དང་། ཆད་པ་དང་། ཆག་པ་སོགས་ནི་ཁོང་གི་སྙན་ངག་ཁྲོད་དུ་མར་ལ་ཏིལ་བཞག་ཟོལ་གྱིས་ཐིམ་ནས་ཡོད་དོ།། ཁོང་གི་སྙན་ངག་གིས་མངོན་པར་མཚོན་པ་ཞིག་ནི་ཁོང་གི་འཆི་བ་དང་དམ་དུ་སྦྲེལ་ནས་ཡོད་པའི་གས་ཆག་གི་གཟུགས་ཕུང་དེ་ཡིན་ཏེ། “ཡང་བསྐྱར་གས་འཐོར་དུ་ཕྱིན་པའི་ལུས་པོ། ཁངས་ཆར་བཞུར་སྟེ། ཟླ་བ་གཉིས་པར་མིག་ཆུ་འཐོར།” (༼སྐྱ་རེངས༽) “བདག་གིས་སྔ་ས་ནས་གླེང་མྱོང་། མགོ་བོ་གཏུབས་ནས་ཁྲག་དམར་བཞུར་བ་ནི་ཉིན་བྱེད་དོ།”(༼ཐོ་རངས༽) “ཆེས་ལྕི་བའི་མཁའ་དབྱིངས་ནས་ལྷུང་སྟེ། སྐམ་སའི་ས་གཞི་ལ་བརྡུངས་པས། མགོ་བོ་འདི་རྐང་ལག་བཞི་རུ་གྱེས་སོང་ངོ་།”(༼ཁམ་བུའི་མེ་ཏོག་གི་དུས་ཚིགས༽) “ཁྱེད་རང་རྨེག་མེད་དུ་གཞོམ་པའི་ན་ཟུག་དེས་ས་ཆེན་བྱིངས་ཀྱིས་མནན་སོང་།”(༼དཔྱིད་ཀ ཧེ་ཙི་བཅུ༽)
ང་ཚོས་མཐོང་ཐུབ་པ་ཞིག་སྟེ། གྱ་དགུ་ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ཀྱི༼སྐྱ་རེངས༽ནས་གྱ་དགུ་ལོའི་ཟླ་གསུམ་པའི་ཚེས་བཅུ་བཞིའི༼དཔྱིད་ཀ ཧེ་ཙི་བཅུའི་༽བར་དུས་ཡུན་ཤིན་ཏུ་ནས་ཐུང་བའི་ཉིན་ཉི་ཤུ་ལྷག་གི་ནང་དུ། “ཡན་ལག་དང་ཉིང་ལག་གཏུབས་ཤིག”དང་། “མགོ་བོ་གཏུབས་ཏེ་ཁྲག་དམར་བཞུར”། “རྨེག་མེད་དུ་གཞོམ་པའི་ན་ཟུག”སོགས་འཆི་བ་བོའི་འདུ་ཤེས་ཀྱི་ཁམས་དང་འབྲེལ་བའི་གསང་བ་སྣ་ཚོགས་ཤིག་སྙན་ངག་པའི་སེམས་སུ་གསལ་ལེར་ཤར་ཞིང་། སྙན་ངག་ཁྲོད་དུ་དྲག་ཏུ་རྒྱུ་བས་ང་ཚོས་ཡིད་ཆེས་བྱས་ན་ཆོག་པའི་གཏན་ཚིགས་ཤིག་རྙེད་པ་ནི། སྙན་ ངག་པའི་གས་ཆག་གི་གཟུགས་ཕུང་དང་འཆི་བ་བའི་བསམ་བློའི་ཡུལ་ལྗོངས་སུ་བདམས་པའི་ ལྕགས་ལམ་བཅས་ཀྱི་བར་དུ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བས་བཟུང་ཡོད་པ་དེ་ཙམ་ དུ་མ་ཟད། འཆི་བའི་སྔོན་བརྡ་རེད་ཅེས་ཀྱང་བཤད་ཆོག་པ་དེའོ།།
ཧེ་ཙི་ཧྲན་ཧེ་འགག་སྒོར་འགྲོ་བའི་དུས་ཉིད་དུ་གླེགས་བམ་བཞི་ཞིག་བསྣམས་ནས་ཡོད་དེ། ༼དམ་པའི་གསུང་རབ༽དང་། ཟོ་ ལ་ཡི༼ནགས་ཁྲོད་ཀྱི་འཚོ་བ༽ཧེ་ཡ་ཏའར་གྱི༼གདུང་གྲུ་ཁེར་རྐྱང་རྒྱ་མཚོར་ཞུགས་པ༽༼ ཁང་ལ་ཏིའི་བརྩམས་སྒྲུང་བདམས་སྒྲིག༽བཅས་སོ།། གླེགས་བམ་དེ་དག་ལས་ཤིན་ཏུ་ནས་འགངས་ཆེ་བ་ནི༼དམ་པའི་གསུང་རབ༽ཡིན་པ་ནི་བསྙོན་ དུ་མེད་དེ། སྙན་ངག་པའི་ཚེ་མཇུག་ཏུ་ཀློང་བརྡོལ་བའི་རིག་པ་དང་བསམ་པའི་ཁམས་ཡོད་ཚད་ཀྱང༼དམ་པའི་གསུང་རབ༽ལ་བརྟེན་ནས་བྱུང་བས་སོ།། དེ་ལྟ་ནའང་། ང་ཚོས་སྙན་ངག་པའི་སྙན་ངག་ཁྲོད་དུ་རྙེད་ཐུབ་པ་ཞིག་ནི། གསང་བ་ལྐོག་གྱུར་གྱི་༼དམ་པའི་གསུང་རབ༽ཏུ་བསྟན་པའི་འཆི་བའི་འདུ་ཤེས་ཀྱི་ཁམས་ནི་ཇི་འདྲའི་སྐྱི་གཡའ་བ་ཞིག་རེད་དེ། “གསུང་རབ་ཀྱི་སྔ་དུམ་ནི་བདག་གི་སྒྲོ་གཤོག་སྟེ། འོད་ཟེར་དཔག་ཏུ་མེད་དོ།། སྐབས་རེར་ནག་ཐིབ་ཐིབ་དང་མཚུངས་པའི་དེ་རིང་། གསུང་རབ་ཀྱི་ཕྱི་དུམ་ནི་དབྲེ་བོའམ་སྤྲོ་སྣང་སྟེ། བདག་གི་སྒྲོ་གཤོག་ལ་རྨ་ཁ་བརྟོལ་སོང་བ་ལྟ་ག་ལ་ཞིག ཡོ་ འཁྱོམས་ཆེ་བའི་སྟོང་ཁམས་ཀྱི་ས་གཞི་དང་། སྔ་དུམ་དང་ཕྱི་དུམ་མཉམ་སྡེབ་ཀྱིས་གྲུབ་པའི་དམ་པའི་གསུང་རབ་ནི་བཅད་ཅིང་ གཏུབས་པའི་བདག་གི་ཡན་ལག་རེད་དོ།།” (༼སྐྱ་རེངས།༽) འདི་ ཡིས་སྔ་དུམ་དང་ཕྱི་དུམ་གྱི་ཁྱད་པར་ལ་གསལ་བཤད་བགྱིས་པ་ཙམ་དུ་མ་ཟད། སྔ་དུམ་དང་ཕྱི་དུམ་གྱིས་གྲུབ་པའི་གསུང་རབ་ནི་དངོས་གནས་འཆི་བ་བོ་ཡིན་པར་ བསྟན་འདུག་སྟེ། “ཡན་ལག་གཏུབས་ཤིང་བཅད་པའི་བདག”ཅེས་པའོ།། འདི་ལྟར་གསུང་རབ་ཀྱི་འཆི་བའི་སྣང་ཚུལ་བསྟན་པ་ལས་གཞན་ད་དུང་། ལྕགས་ལམ་དུ་རང་སྲོག་དོར་བའི་འཆི་བའི་སྣང་ཚུལ་ཡང་མངོན་པར་མཚོན་པར་བགྱིས་པ་དེའོ།། དེ་ལྟ་ནའང་། མི་རྣམས་ལ་དོགས་པ་བསྐྱེད་སོང་བ་ཞིག་ནི་སྙན་ངག་པས༼དམ་པའི་གསུང་རབ༽ཀྱི་གསང་བ་ལྐོག་གྱུར་ལ་སྡང་སེམས་བཟུང་ཡོད་པ་འདྲ་སྟེ། དམ་པའི་གསུང་རབ༼སྤྲོ་སྣང་ངམ་དབྲེ་བོ༽ཞེས་པས་སོ།།
གསང་བ་ལྐོག་གྱུར་བ་འདི༼ཉིན་བྱེད༽ཁྲོད་དུ་དེ་ལས་གསལ་བོར་བསྟན་ཡོད་དེ། “དབྲེ་བོ་ཡི་གླེགས་བམ། ལག་དམར་གྱི་གླེགས་བམ་འདི་བདག་གི་མགོ་བོར་བསྣམས་ནས་ཡོད་པས། གཏིང་རིང་བའི་བརླན་ཁྲག་ལས་བདག་གིས་གཞན་ཅི་ཡང་མི་མཐོང་ངོ་།།” ད་དུང་གཤམ་གྱི་འདི་དག་གིས་དེ་ལས་ཀྱང་ངེས་ཤེས་འདྲོངས་ནུས་ཏེ། “གསུང་རབ་ཀྱིས་མི་འཆི་ལམ་དུ་འདེད། འཆི་བའི་མཇུག་འབྲས་ནི་བརླན་ཁྲག་འཕྲེད་ཀྱིས་བཞུར་བས། ཡང་བསྐྱར་རྒྱང་རིང་མཐོང་མི་ཐུབ་པ་དེའོ།།”
ཧེ་ཙི་ཡིས་ཧྲན་ཧེ་འགག་སྒོ་འཆི་སར་བདམས་ཀ་བྱས་པའི་ཚུལ་ལ། དེང་དུས་རྩོམ་རིག་དཔྱད་བརྗོད་པ་ཀྲོའུ་མོ་ཁིས་དམིགས་བསལ་གྱི་དོན་སྙིང་ཞིག་བཟུང་ནས་ཡོད་དེ། “རྒྱ་མཚན་ནི་འདི་ལྟ་སྟེ། ཧྲན་ཧེ་འགག་སྒོ་ནི་ལྕགས་རི་རིང་བོའི་འགོ་འཛུགས་ས་ཡིན་པ་དེ་དང་། ཆེས་ ཆེ་བའི་མི་རིགས་ཤིག་གི་སྒོ་ཆེན་ཡིན་པ་དེ་དང་། ལོ་རྒྱུས་སྟེང་ཆེས་ཆེ་བའི་སྲིད་དབང་སྒེར་སྤྱོད་ཀྱི་གོང་མའི་དབང་ཆ་དང་འབྲེལ་ ནས་ཡོད་པས་སོ།།” དེ་བས་ཧེ་ཙིའི་རང་སྲོག་རང་གཅོད་ནི་སྙིང་སྟོབས་ཀྱི་དམར་མཆོད་ཅིག་རེད་སྐད་དོ།།
དེ་ལྟ་ནའང་། ཤིས་ཁྲོན་གྱིས་བཤད་སྟངས་ནི་དེ་དག་སྣང་མེད་དུ་བཞག་པ་ཞིག་དང་། ཞྭ་དཔེ་ལྷམ་འགེབས་ཤིག་ཏུ་སྙམ་ནས་ཡོད་དེ། “དོན་དངོས་སྟེང་། ཧེ་ཙི་ཡིས་ཧྲན་ཧེ་འགག་སྒོ་ནི་འཆི་སར་བདམས་ཀ་བྱས་པ་གཞར་ནས་མ་ཡིན་ཏེ། ཧྲན་ཧེ་འགག་སྒོ་དང་ལུང་ཅ་ཡིན་བར་གྱི་མེ་འཁོར་དལ་ལམ་དེ་བདམས་ཀ་བྱས་ཡོད་པས་སོ།།” དེ་ལྟ་ནའང་། ཀྲོའུ་མོ་ཁིའི་གཟུགས་འདས་ཀྱི་ལྟ་ཚུལ་ཐལ་དྲགས་པ་དང་། ཤིས་ཁྲོན་གྱི་ལྟ་ཚུལ་ཡང་གུ་དོགས་པའི་ལམ་དུ་སོང་བ་རེད་དེ། འདི་ནས་མངོན་གསལ་དུ་མཐོང་བ་ཞིག་ནི་ཧྲན་ཧེ་འགག་སྒོ་ནི་ལོང་ཅ་ཡིན་གྱི་ས་གནས་སུ་གཏོགས་པས། ཧེ་ཙི་ཡང་གོ་དོན་དེའི་ཕྱོགས་སུ་བསྙེགས་པ་རེད་དོ།། དེ་དང་དུས་མཉམ་དུ་ཧེ་ཙི་ཡིས་ཧྲན་ཧེ་འགག་སྒོ་བདམས་པ་ལ་ངེས་པར་དུ་ཁ་ཕྱོགས་ཤིག་ཡོད་ལས་ཆེ་སྟེ། པེ་ ཅིན་དུ་ལྕགས་ལམ་དེ་འདྲའི་མང་བོ་ཞིག་བདོག་པ་དེས་སོ།། གལ་སྲིད་ཁ་ཕྱོགས་ངེས་ཅན་ཞིག་མི་ལྡན་ཚེ་ཧྲན་ཧེ་འགག་སྒོར་འཆི་དགོས་པའི་ངེས་པ་ ག་ལ་ཡོད་དེ་གཏན་ནས་མེད་དོ།། འདིས་ཀྱང་ང་ཚོ་ལ་གཏིང་ཟབ་པའི་བསམ་གཞིགས་ཤིག་གི་གཏིང་ལ་འཐེན་པར་བྱེད་པ་སྟེ། སྙན་ངག་པའི་སྙན་ངག་ཁྲོད་དུ་རི་རྒྱུད་དང་རྒྱ་མཚོ་ཞེས་པ་མང་དུ་གདའ་འོ།།
སྙན་ངག་པས༼ཐོ་རངས༽ཁྲོད་དུ་འདི་ལྟར་བྲིས་ཡོད་དེ། “སྐེ་གཅོད་སྟེགས་བུ་ནི་སྙིང་རྩ་ཡོད་ཚད་རྒྱུ་བའི་ས་ཆ་ཡིན། ང་དང་མཉམ་དུ་འགྲོ། ཀ་པ་ལ་གཡུག་ཞོག ཆང་གིས་སྦགས་པའི་རླངས་ཁྲག་སྟེ། སྐྱ་རེངས། ཉི་མ་གསར་བ་ཞིག་བསླེབ་ལ་ཉེ།” རྒྱ་མཚོ་དང་སྦྲེལ་ནས་བཤད་ན། སྙན་ངག་པས་རང་ཉིད་ནི་རྒྱ་མཚོའི་བུས་པ་ཡིན་པར་བསྙད་དེ། (མཚོ་སྐྱེས海生)ཞེས་པའོ།། དེ་དང་མཉམ་དུ༼ཞི་བདེ་རྒྱ་མཚོ་ལ་ཕུལ་བ༽ཞེས་པའི་སྙན་ངག་ཁྲོད་དུ། “དཀོན་ཅོག་གིས་སྡུག་ལ་སྦྱར་བའི་བག་གསར། ཁྱེད་རང་ཉིད་ཁྲག་གིས་བྱུགས་སོང་། ནམ་མཁའ། ཁྱེད་ཀྱི་ནང་རོལ་ནི་ཁེར་རྐྱང་གི་རྒྱ་མཚོའོ།།” འདི་ན་རྒྱ་མཚོ་རུ་འཆི་བའི་འདུ་ཤེས་ཀྱི་སྣང་ཚུལ་བདོག་ལ། གོང་དང་སྦྲེལ་ནས་བཤད་ན་ས་འཛིན་གྱི་པང་དུ་འཆི་བའི་འདུ་ཤེས་ཡོད་ཕྱིར། ཧྲན་ཧེ་འགག་སྒོ་ཡིས་གནས་ལུགས་ཀྱི་ཟུར་ཞིག་གསེད་དགྲོལ་བྱས་ནས་ཡོད་དེ། འདི་ནི་ཧྲན་ཧེ་འགག་སྒོ(བོད་སྐད་དུ་བསྒྱུར་ན་རི་མཚོ་འགག་སྒོ) བདམས་པའི་རྒྱུ་རྐྱེན་གཅིག་དེ་རེད་སྙམ་མོ།། དེ་ལྟ་ནའང་། འགྲེལ་བཤད་འདི་ལ་ཕལ་ཆེར་བཙན་འགྲེལ་གྱི་ཉམས་ཤིག་ཅིས་ཀྱང་ཡོད་ཨང་།
ཟླ་ གསུམ་པའི་ཚེས་ཉེར་ལྔ་ཉིན་སྙན་ངག་པ་ཧྲན་ཧེ་འགག་སྒོ་རུ་སྔ་དྲོ་གཅིག་དང་ཕྱི་ དྲོ་གཅིག་ལ་ཕར་འགྲོ་ཚུར་འོང་བྱས་ཤིང་། དེའི་རྗེས་ཀྱི་ཚེས་ཉེར་དྲུག་ལ་གཞི་ནས་འཕྲེད་ཀྱིས་ཉལ་སའི་ལྕགས་ལམ་ཕྱོགས་སུ་ སོང་སྟེ། ཆེས་མཐའ་མའི་དུས་ཚོད་ནི་ས་སྲོས་ཡིན་པ་དེའོ།། ང་ཚོས་ཀྱང་ཁོང་གི་སྙན་ངག་ཁྲོད་དུ་འཆི་བའི་སྣང་ཚུལ་དང་དུས་ཚོད་མཐོང་ཐུབ་པ་ཡིན་ཏེ། “དངོས་ གནས་ས་སྲོས་ཀྱི་དུས་ཚོད་རེད། མགོ་བོ་མེད་པའི་དཔའ་རྒོད་ཀྱི་མཛུབ་མོ་ཉི་མའི་གདན་དུ་ལྷུང་སོང་། མཛུབ་མོ་ཉི་མའི་གདན་དང་མཁའ་ཡི་ལམ་དུ་ལྷུང་སོང་། མིག་ལ་ཁྲག་དང་རྡུལ་གྱིས་ཁེངས།” (༼ཉིན་བྱེད༽) འདི་ནི་ཅི་འདྲའི་གསོན་ཉམས་ལྡན་པའི་འཆི་བའི་མགུར་གླུ་ཞིག་རེད་ཨང་། ད་དུང་ཅི་འདྲའི་གདུག་རྩུབ་ཆེ་བའི་འཆི་བའི་སྔོན་བརྡ་ཞིག་རེད་ཨང་།
མཚམས་འདིར་བསླེབས་པའི་མོད་ལ། ང་ཚོས་སྙན་ངག་པའི་སྙན་ངག་ཁྲོད་དུ་ཁོང་གི་ཆེས་མཐའ་མའི་འཆི་བའི་སྣང་ཚུལ་ཡོད་ཚད་བྱིངས་ཀྱིས་རྙེད་སོང་ངོ་།། འདི་དག་ནི་ཕལ་ཆེར་འབྲེལ་མེད་བཙན་གྱིས་སྦྱར་བ་ཡིན་ཡང་སྲིད་ལ། ལྟས་དབང་གིས་རང་འགྲིག་ཏུ་གྱུར་བ་ཡིན་ཡང་སྲིད་མོད། ང་ཚོས་ཡིད་ཆེས་བྱས་ཆོག་པ་ཞིག་ནི་སྙན་ངག་པའི་རང་ཉིད་ལྷ་ཡི་བརྡ་རྟགས་སུ་བགྱིས་ཡོད་པ་དེ་དང་། རང་ཉིད་རྨེག་མེད་དུ་གཞོམ་པར་ཇུས་འགོད་འཐུས་ཚང་དུ་བྱས་འདུག་པ་དེའོ།། ཅི་སྟེ་སྙན་ངག་པ་གང་འདྲ་ཞིག་ཏུ་གྱུར་ནའང་། ང་ཚོས་ཚེ་ཚེ་རབས་རབས་སུ་བྱིངས་ཀྱིས་བསྙེལ་དུ་མི་རུང་བ་ཞིག་ནི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་སྙན་ངག་པའི་གཟུགས་བརྙན་ཏེ། ཁེར་རྐྱང་། ཐེ་ཚོམ། ཡངས་ཤིང་དབེན་པ། བཞིན་མདངས་ཉམས་པ། སྐྱོ་བས་སྡུག་ལ་སྦྱར་བའམ་རེ་ཐག་ཡོངས་སུ་ཆད་པ་དེའོ།། ང་ཚོས་དེ་ལས་ཀྱང་ཡིད་ཆེས་བྱས་ན་ཆོག་པ་ཞིག་གདའ་སྟེ། སྙན་ངག་པས“སྙན་ངག་གི་སླད་དུ་སྲོག་གཏོང་བ”དང་། ད་དུང་། “འཆི་བའི་ཕྱིར་དུ་སྲོག་གཏོང་བའོ།།”
སྙན་ ངག་ནི་སྙན་ངག་པའི་སྲོག་ཏུ་གྲུབ་ཡོད་པ་དེ་དང་། སྙན་ངག་པའི་དཀོན་ཅོག་ཏུ་གྲུབ་ཡོད་པ་དེ་དང་། སྙན་ངག་དང་འཆི་བའི་བར་དུ་ཐུན་མོང་གི་དོན་སྙིང་ཞིག་བདོག་པ་དེ་ཡིན་ཏེ། “བདག་གི་མགོ་བོ་ནི་སྲེག་ཟ་དང་། དད་ཡུལ་ནི་བདག་གི་བེམ་པོའོ།།”ཞེས་པ་དེས་སོ།། སྙན་ངག་པའི་འཆི་བའི་བསྒྲགས་གཏམ་གྱིས་ལོ་རབས་བརྒྱད་ཅུ་བའི་དྭངས་གཙང་གི་སྙན་ངག་མཇུག་སྒྲིལ་བ་དང་དུས་མཉམ་དུ། ལོ་རབས་དགུ་བཅུ་བའི་མི་སྡུག་པ་དང་སྐྱུག་བྲོ་བའི་སྙན་ངག་གི་འཇིག་རྟེན་ཞིག་རྒྱང་རིང་དུ་གྱེས་སོང་ངོ་།།
སྙན་ངག་པ་སྡུག་བསྔལ་གྱིས་མནར་བ་དག་འཚོ་གཞེས་དུས་སུ་སུས་ཀྱང་ཡིད་འཇོག་མ་བྱས་ཤིང་། སུས་ཀྱང་ཁས་ལེན་བྱས་མ་སོང་ལ། དབེན་འཇགས་དང་ཁེར་རྐྱང་གི་ངང་ནས་ཕར་འགྲོ་ཚུར་འོང་གི་མཐའ་མཚམས་ཀྱི་རྣམ་པ་དེ་སུས་ཀྱང་དང་དུ་ལེན་མ་ཕོད་དོ།། དེ་དང་མཐུད་ནས་སྤེལ་བའི་སྙན་ངག་དག་ཀྱང་ཤིན་ཏུ་ནས་ལེགས་པར་མ་གྲུབ་པས་སྙན་ངག་པ་ཤི་ཡང་མི་འཛུམ་པར་གྱུར་ཏོ།། དེ་ལྟ་ནའང་། འདི་ལྟ་བུའི་སྐྱོ་གར་འཇིག་རྟེན་ལ་མང་དུ་བྱུང་མྱོང་བས། སྙན་ངག་པས་ཀྱང་ཁྱད་འཕགས་ཀྱི་དགེ་མཚན་དེ་ལ་བརྟེན་ནས་ཕྱི་རབས་པ་དག་དུས་གཏན་དུ་ཡིད་ཆེས་བྱས་ཆོག་པའི་མཛད་རྗེས་ཤིག་བསྐྲུན་སོང་བ་ཡིན་ནོ།། སྨག་རིམ་ཁྲོད་དུ་ང་ཚོས་རྒྱང་རིང་གི་ནམ་མཁར་བལྟས་ཚེ་ངེས་པར་དུ་སྐར་མའི་ཚོགས་མཐོང་སྲིད། དེ་མིག་ཤེས་ཀྱི་ཚབ་ཏུ་སྤྱད་ནས་རང་ཉིད་ཀྱི་རྣམ་ཤེས་ལ་ཞིབ་བལྟ་བྱོས་ཤིག
སྙན་ངག་གི་ཆེད་དུ་ཚེ་སྲོག་དོར་བའི་སྙན་ངག་པའི་ཕྱིར་དུ་ང་ཚོས་མེ་ཧན་ཏོན་གྱི་སྙན་ངག་ཅིག་གིས་འདས་མཆོད་བྱ་སྟེ། “ཅི་སྟེ་སུ་ཞིག་ལྔ་ལམ་དུ་དེངས་ཀྱང་། ང་ལ་རང་ཉིད་ཀྱི་ཆ་ཤས་ཤིག་འཆི་ལམ་དུ་ཕྱིན་པའི་ཚོར་བ་སླེབ་ཀྱིན་འདུག རྒྱུ་མཚན། བདག་ནི་མིའི་རིགས་ཞེས་པའི་ཐ་སྙད་དེའི་ཁོངས་སུ་གཏོགས་པས་སོ།། དེར་བརྟེན་ང་ཚོས་མྱ་ངན་གྱི་དྲིལ་བརྡ་དེ་སུའི་ཆེད་དུ་ཞེས་མ་འདྲི་ཞིག ཁོ་ནི་བདག་གི་སླད་དུ། ད་དུང་ཁྱེད་ཀྱི་ཕྱིར་དུའོ།།”
༢༠༡༡། ༡། ༡༤། རང་མལ་དུ་ཡོངས་སུ་བསྒྱུརད།
སྒྱུར་མཁན་གྱི་གཏམ་ཐུང་ངུ། མ་ཕྱིའི་རྩོམ་མཁན་གྱི་མཚན་ལ་གསལ་ཁ་དེ་ཙམ་མེད་པས་ཀོད་མེད། སྙན་ངག་གི་དཔྱད་པ་བརྗོད་ལུགས་ཅུང་མ་འདྲ་བ་ཞིག་བདོག་པ་འདྲ་བས་འགྱུར་བའི་ཁུལ་དུ་བྱས་པ་ཡིན། འོན་ཀྱང་། ཧེ་ཙི་སྙན་ངག་ནི་གོ་དཀའ་བ་ཞིག་ཏུ་ངོས་འཛིན་པ་མང་དུ་ཡོད་ན་བོད་དུ་འགྱུར་བ་ལའང་ནོངས་པ་ཆེ་ཙམ་ཡོད་ལས་ཆེ་བས། དགོངས་དག
དྲ་ཚིགས་འདི་ལས་བཤུས་ཏེ་བསྒྱུར། http://zhidao.baidu.com/question/476926
ཁྱེད་ཀྱིས་སྔོན་འགྱུར་བའི་བྷར་མའི་ཨ་ཅག་གི་སྐོར་དེ་སོགས་ལས་འདི་ནི་དཔག་ཚད་གཅིག་གིས་བླ་རུ་འཕགས་པ་དང་ལྷོད་དུ་ཕྱིན་པ། མནའ་སྲོལ་ཅན་གྱི་ཐུན་མིན་གྱི་འགྱུར་གཤིས་དང་གོ་བདེ་ཀློག་བདེའི་ཁྱད་ཆོས། ད་དུང་ཚིག་བརྗོད་རྨད་དུ་བྱུང་བའི་སྒེག་དཔལ་གྱི་ཉམས་བཅས་གཞི་གཅིག་ཏུ་གྲུབ་འདུག་སྙམ་མོ། །
བཀྲ་ཤིས་བདེ་ལེགས།
ཁྱོད་ཀྱི་བསམ་དོན་ལྟར་ཀུན་གྱིས་ལག་ཆ་ལེན་ཐུབ་པའི་རེ་བ་སྙིང་ནས་ཞུ་ལ། བདག་ནི་བཀའ་བསྟན་འགྱུར་ཕར་སྒྱུར་མཁན་དག་ལས་རྟ་ནག་དང་ཆུང་ཚེ་རིང་ལྟ་བུའི་མི་ལ་རྟ་ནག་གི་ཚིག་སྦྱོར་ལྟར་བྱས་ན་ཤིན་ཏུ་རབ་ཏུ་དགའ་འོ་ཉེ་འོ། ཁྱེད་ཅག་གི་སྨྱུག་རྩལ་ལྷ་ཡིས་སྒུལ་བར་ཤོག
ཁ་བརྡ་མཆོག་ལ་ཆེད་ཞུ། འདིའི་ནང་དབྱིན་ཡིག་བྲིས་ཡོང་མཁན་ཁག་ཅིག་འདུག དང་པོ་རང་ནས་བཀག་འགོག་གནང་རོགས། འདི་ཡག་རྟགས་ཤིག་རྩ་བ་ནས་མ་རེད། བོད་སྐད་ལ་མཐོང་ཆུང་བརྙས་བཅོས་དང་རྣམ་པ་མི་འདྲ་བའི་བཙན་འཛུལ་རེད། མི་འདི་ཚོ་ལྟས་ངན་སྔོ་ལོའི་ངོམ་གསོ་ཞེས་པ་དེ་རེད།་
Kelsang la,
(Tibetan Language is not available on my laptop-sorry)
Jesus has been preaching the story of creator and creation through his Bible, The whole holy teaching of Bile is involving around, the issue of soul and permanent creator, which are predicted through the “God-Nature”, by Pope Banetic_XIV.”God-Nature” is the only Christian teaching, which narrated the detail of “Death”
Bile and God-Nature are respectively giving teachings of “Birth” and “Death” By combining these books, you will know the whole teaching of Christianity.See the detail of teaching on this link $ http://www.versebyverseministry.org
བི་བི་སི་ལགས་དང་པོ་ཁྱེད་རང་གི་མིང་དེ་བོད་ཡིག་འབྲི་རོགས་དེ་ནས་གཞན་ལ་ལབ་རོགས་། ཧཧཧཧཧཧ
རྟ་ནག་སྐལ་བཟང་ལུང་རིགས་ལགས་ཡག་པོ་བྲིས་འདུག་།
ཧེ་ཙི་ལགས་ཀྱི་སྙན་ངག་ལ་གཟིགས་འདོད་ཚེ་འདིར་ཕེབས། http://www.tianyabook.com/haizi
རང་སྲོག་མ་བཅད་སྔོན་ལ་སྙན་ངག་འདི་བྲིས་པ་རེད་ཟེར། http://www.tianyabook.com/haizi/chunuanhuakai.htm
སྐུ་མཁྱེན། དབྱིན་སྐད་ཐ་རེ་ཐོ་རེ་དང་། ཐ་སྙད་ཚང་ལ་མ་ཚང་ལ་དེ་ཚོ་མིའི་མིག་མདུན་དུ་ངོམ་ས་མ་རེད་གྲོགས་པོ། བོད་ཡིག་གི་ཚེ་སྲོག་ལ་བསམས་ཏེ་དབྱངས་གསལ་སོ་བཞིའི་ཕ་སྐད་གཙང་མ་རེ་བཀོལ་སྤྱོད་གྱིས་དང་། དངོས་ནས་གཟི་བརྗིད་ཆེ་ཡོང་།
(Tibetan Language is not available on my laptop sorry) ཞེས་པའི་ཚིག་འདི་དངོས་གནས་བློ་ལ་འཐད་མ་སོང་། དེང་སང་འཛམ་གླིང་གང་དུ་ཕྱིན་ཀྱང་དྲྭ་རྒྱའི་མཐུན་རྐྱེན་ཡོད་ཚེ་བོད་ཡིག་གི་མཉེན་ཆས་རྣམས་རིན་མེད་ཐོག་ཕབ་ལེན་ག་ཚོད་བྱས་བྱས་མ་རེད་དམ། དྲང་པོ་ཞུས་ན་ཁ་བརྡའི་དྲྭ་རྒྱ་འདིའི་གཡས་གཡོན་ཚང་མ་བོད་ཡིག་ཁམས་གཙང་ཡིན་པའི་ཁྲོད་ན་ཁྱེད་ཀྱིས་བཞག་པའི་མཆན་བུ་དབྱིན་ཡིག་མ་དེ་ངོ་གནོང་དགོས་པ་ཞིག་རེད་ཡ། ཟུར་གྱི་དཀར་ཆག་ཏུ་གཟིགས་དང་། སྐུ་ཉིད་ཀྱི་ལག་ཐོགས་རྩིས་འཕྲུལ་ནང་བོད་ཡིག་གི་ཆ་རྐྱེན་མེད་ན་༼གློག་ཀླད་ཤེས་བྱ་༽ཞེས་པའི་ལེ་ཚན་དེ་བརྒྱུད་དེ་སྨོན་ལམ་བོད་ཡིག་སོགས་རིན་མེད་ཕབ་ལེན་གྱིས་བེད་སྤྱོད་གནང་ཆོག་ཆོག་འདུག་པས་དགོངས་མངའ་འཚལ། དགོང་དྲོ་བདེ་ལེགས།
ཁྱེད་རང་ཚོ་བསམ་བློ་ག་རེ་གཏོང་གི་ཡོད། ངའི་མིང་བོད་ཡིག་ཐོག་བྲིས་ཡོད། ད་དུང་མཐོང་མ་སོང་ངམ། ངའི་མིང་གི་མིང་གཞི་འདི་བོད་ཀྱི་སྐད་ཡིག་ནང་གི་གསལ་བྱེད་སུམ་ཅུའི་སྡེ་པ་བཞི་པའི་གསུམ་པ་དང་། དེ་ལ་དབྱངས་དང་པོ་ཞུགས་པ་དང་། དེ་ཉིས་གྱུར་གྱི་རྗེས་སྡེ་བདུན་པའི་བཞི་པ་ལ་དབྱངས་ཀྱི་དང་པོ་ཞུགས་པ་ལས་གྲུབ་པ་ཞིག་རེད། དོན་ལ་འདྲ་མིན་སྣ་ཚོགས་ཡོད། དེ་བཞིན་པདྨ་དང་སེང་གེ ཙན་དན་སོགས་ཀྱང་བོད་སྐད་དུ་ཁས་ལེན་མི་དགོས་སམ། ངས་བོད་ཡིག་བྲི་རོགས་ལབ་པ་ལས་དོན་དང་སྒྲ་ཡི་བྱིངས་ཚང་མ་བོད་སྐད་དང་མཐུན་དགོས་ཞེས་ནམ་ཡང་བརྗོད་མེད། དེ་ལྟར་ན་ཧ་ཅང་ཐལ་བར་འགྱུར་རོ།།སྔགས་ཡིག་ཚང་མ་བོད་ཡིག་ཐོག་བྲི་རོགས་ཞེས་སྔོན་གྱི་འཇིག་རྟེན་མིག་རྣམས་ལ་ཀླན་ཀ་འཚོལ་དགོས་སམ། ལན་མེད་དོ། ལྐུགས་པས་ལྕང་གཅོད་བྱེད་པ། །མངོན་གསལ་གཞན་ལས་དོད་པ། །ཞེས་སོགས་ཀྱིས་འཐུས་པར་བྱས་སོ།།
ཧ་ཧ། རང་མྱང་དགོས་བྱུང་སོང་ང། ཁག་མེད། དངོས་གནས་ཁག་མེད། སྐྱོན་སྤོང་བྱེད་སྟངས་ལ་བལྟས་སྐབས་རང་འུ་ཞེ་དྲག་ཐུག་ཚར་བའི་རྣམ་པ་གསལ་འདུག ངས་གང་ནས་དཔྱད་ཀྱང་་རང་སྐྱོན་ངོས་ལེན་གནང་མི་ཐུབ་པའི་གཏམ་ཞིག་ལས་མ་མཐོང་། མ་ཟད་རང་གིས་བྲིས་པའི་སྐྱོན་སྤོང་དེ་ཞིབ་ཏུ་ཀློགས་དང་ནང་འགལ་ཤ་སྟག་རེད་འདུག ཕལ་ཆེར་འཚབ་སྣང་ཆེ་དྲག་དུས་བྲིས་པའི་བཟོ་འདྲ་འདུག གང་ལྟར་ཀྱང་རང་གི་མཚན་དེ་རྣམ་པ་བོད་ཀྱི་ཡིག་གཟུགས་ཐོག་དགོད་རོགས་ཞུ་རྒྱུ་ཡིན། གོང་དུ་བཤད་པ་ལྟར་ནས་༼བི་བི་སི་༽ཞེས་འབྲི་དགོས་པ་ལས་ BBC ཞེས་འབྲི་མི་རུང་། གོ་ཨེ་བྱུང་ཨ་རོགས། འོ་དེ་ལྟར་ཐུགས་ལ་ངེས་པ་གྱིས། དགོང་དྲོ་བདེ་ལེགས།
BBC ལགས། ཤར་ཕྱོགས་འོད་སྣང་གིས་བཤད་པ་ལྟར། ཁྱོད་ཀྱིས་གཡས་བསྐོར་གཡོན་བསྐོར་བརྒྱ་བྱས་ཀྱང་འགྲིག་གི་མི་འདུག དྲ་ངོས་འདི་བོད་ཡིག་གཅིག་པུའི་ལམ་ནས་བསམ་ཚུལ་སྤེལ་རེས་བྱ་དགོས་ན། མཐའ་ན་མིང་དང་བཅས་པ་བོད་ཡིག་ཐོག་ཡོད་དགོས་པ་གལ་ཆེ་བས། ཁྱོད་ཀྱི་མིང་ལ་ BBC ཞེས་བོད་ཡིག་ཐོག་བྷི་བྷི་སི་ཞེས་བྲིས་ན་ལེགས། སྤྱིར་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་གསལ་འགྱུར་ལས་ཁུངས་ BBC ཞེས་པ་ནི། British Broadcasting Corporation ཞེས་པའི་བསྡུས་མིང་ཡིན་པས། ཁྱོད་ཀྱི་དགོངས་ཚུལ་རྣམས་ལས་ཁུངས་དེ་ནས་ཐོན་པ་ནི་ཡིན་རྒྱུ་མ་རེད། ཨ་ལ་རྩེད་མོ་ཡིན། ་་་་། དྲ་ངོས་འདིར་ང་ཚོས་ངེས་པར་དུ་བོད་ཡིག་བེད་སྤྱོད་གཏོང་འདོད་ན་སྐུ་ཉིད་ཀྱི་མིང་དེའང་བོད་ཡིག་ཐོག་འབྲི་རོགས།
དྲུང་མུ་ལགས་སུ་ཆེད་ཞུ། དེ་ཚོ་ཚང་མ་ངས་ཤེས་ཀྱི་ཡོད། དགོངས་དག ངས་ཧོལ་རྒྱུགས་ཤོར་འདུག ངས་རང་མིང་བྷི་བྷི་སི་ཞེས་དྲིས་ཤག་ཡིན། འོན་ཀྱང་ད་བྱེད་དུས་BBC བྲིས་འདུག ད་ཆ་ཁ་བྱང་བསྒྱུར་ཐུབ་ཀྱི་མི་འདུག
བྷི་བྷི་སི་འདི་གསར་འགྱུར་དྲང་པོ་ཤོད་མཁན་གྱི་གསར་ལས་ཁང་ཞིག་ཡིན་དུས་དེ་རིང་མཚན་གྱི་གསར་འགྱུར་དེ་ཡང་དྲང་པོ་ཞིག་བཤད་སོང་རྗེས་སུ་ཡིད་རངས་ཡོད།
དྲ་གྲོགས་བྷི་བྷི་སི་ལགས། BBC ཞེས་པ་དེ་བོད་ཡིག་ཐོག་བྷི་བྷི་སི་རུ་བསྒྱུར་སྐབས། མིང་གཞུང་ནང་ཐོ་འགོད་སྐབས་ཁྱེད་ཀྱི་དབྱིན་མིང་བོད་ཡིག་ཐོག་བྲིས་ནས། གློག་འཕྲིན་ཁ་བྱང་དང་། དྲ་ཤོག་ངོས་སུ་མིང་གཞུང་གསར་པ་ཞིག་བྲིས་ནས་བསྐྱར་དུ་ཐོ་འགོད་བྱས་ན་འགྲིག་གི་འདུག དེ་ནི་ཁ་བརྡ་ཚང་གི་འཆར་གཞི་ལྡན་པའི་ཐོག་མའི་ལས་རིམ་ནང་མི་སོ་སོའི་ངོས་ནས་སྨྲ་བརྗོད་རང་དབང་གི་གོ་སྐབས་ལེན་ས་ཡོད་ན་མེད་ན་ད་རེད། ཡིན་ན་ཡང་སྐྱེ་བོ་སྒེར་ལ་དམོད་ཚིག་དང་འཐབ་འཛིང་བྱེད་མི་ཉན་པར་གསུངས། ཧཧཧཧ
རྟ་ནག་ལགས། ཀློག་ཚར་བ་ཡིན། ནང་དོན་དང་འགྱུར་གྱི་རྣམ་པ་གཉིས་ཀ་ལེགས་པོ་འདུག ད་དུང་ཤུགས་སྣོན་མང་ཙམ་རྒྱོབས། ཡིག་འགྱུར་ཐོག་ངེས་པར་ཤུགས་སྣོན་རྒྱག་དགོས་པ་འདུག དེ་སྔོན་ཞུས་ཞུས་ཡིན།
དེ་ནས་སྦྲ་རིགས་ཐོག་མེད་ལ་ཞུ་རྒྱུར། ཁྱེད་ཀྱི་གློག་ཀླད་ནང་ངོ་མ་བོད་ཡིག་མེད་སོང་བ་རེད་དམ། ད་ནས་བཟུང་ཁྱེད་ཀྱིས་བོད་ཡིག་འབྲི་ན་ངས་ཁྱེད་ལ་བོད་ཡིག་ཕབ་ལེན་བྱེད་ས་ངོ་སྤྲོད་བྱས་ཆོག། http://www.lobsangmonlam.org/ ཞེས་པར་མཛུབ་སྣོན་ཞིག་བྱོས་དང་། བོད་ཡིག་ཕབ་ལེན་བྱ་སའི་མཉེན་ཆས་མང་དག་ཅིག་ཡོད་ལ་དེར་བོད་དབྱིན་ཚིག་མཛོད་ཀྱང་ཡོད།
སྤྱིར་སྐད་ཡིག་གང་ཞིག་བེད་སྤྱོད་བཏང་རུང་དེ་ནི་ཁྱེད་ཀྱི་འདོད་མོས་ཡིན་པས་ཞུ་དགོས་དོན་གང་ཡང་མེད། འོན་ཀྱང་བོད་ཡིག་གི་བཀོལ་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་ང་ཡི་ངོས་འགན་ཡིན་ལ་ཁྱེད་ཀྱི་འོས་འགན་ཡང་ཡིན་པས། དེ་དོན་ནང་མོན་གྱི་ཚུལ་དུ་དྲན་སྐུལ་ཙམ་ཞིག་ཞུས་པ་ཡིན།