ཤར་ཕྱོགས་ཀྱི་འོད་སྣང་ནས།
ཀ་མད་སུམ་ཅུའི་མུ་ཏིག་རྒྱན་ཕྲེང་་་
ཁ་བའི་མདོག་འདྲའི་ལྷག་བསམ་ལྡན་པའི་་་
ག་བུར་དབང་པོའི་བཞིན་རས་ཅན་ལ་་་
ང་ཡི་བརྩེ་སེམས་མཚོན་བྱེད་དུ།།
ཅ་དངོས་ཕུན་ཚོགས་ཡིད་དུ་འོང་བའི་་་
ཆ་རྐྱེན་ཀུན་འཛོམས་བདག་ལ་མེད་ཀྱང་་་
ཇ་རོ་ལྟ་བུའི་སྙིང་མེད་མ་ཡིན་་་
ཉ་གང་ཟླ་འདྲའི་ལྷག་བསམ་གྱིས།།
ཏ་ཐཱ་ག་ཏའི་རྗེས་འཇུག་ཡིན་ཕྱིར་་་
ཐ་དད་ཡུལ་གྲུ་སོ་སོར་གནས་ཀྱང་་་
ད་རེས་སྤུན་གྱི་འདུ་ཤེས་བཞག་སྟེ་་་
ན་མཉམ་ཁྱེད་ལ་སྙིང་གཏམ་ཞིག །
པ་ཊུའི་གསུང་ལས་ལྷག་པ་མེད་ཀྱང་་་
ཕ་ཡུལ་གཅིག་པའི་གྲོགས་སུ་བསམས་ཏེ་་་
བ་སོའི་ཕྲེང་ལྟར་བསྒྲིགས་ནས་འབུལ་ལོ་་་
མ་ཡེངས་རྩེ་གཅིག་གསན་པར་ཞུ།།
ཙ་རེ་བ་ཡི་སྡུག་བསྔལ་གསུམ་པོ་་་
ཚ་གྲང་སོགས་ཀྱི་རྣམ་གྲངས་མང་པའི་་་
ཛ་དྲག་ཅན་གྱི་འཁོར་བའི་མེ་འོབ་་་
ཝ་ལམ་ཅན་འདྲའི་གྲོང་ཁྱེར་ན།།
ཞ་ལུ་སྐྱེས་འདྲའི་ལུས་སེམས་འདི་ཉིད་་་
ཟ་ཟི་ཆོས་བརྒྱད་བཙོན་དུ་མ་བཅུག་་་
འ་ཅག་ལུས་རྟེན་འདི་ཡི་ཐོག་ནས་་་
ཡ་མུ་ན་ཡི་སྤུན་མཆེད་འོག །
ར་མདའ་དཀོན་མཆོག་གསུམ་དང་འགྲོགས་ཏེ་་་
ལ་ལུང་རིགས་དྲུག་གཡང་འདིར་མི་སྡོད་་་
ཤ་ཁྲག་ལུས་རྟེན་འདི་ཡི་ཐོག་ནས་་་
ས་བཅུའི་ཤུལ་ལམ་མྱུར་བརྒལ་ཏེ།།
ཧ་ཧ་བདེ་སྐྱིད་དགོད་སྒྲས་ཁེངས་པའི་་་
ཧ་ཅང་སྐྱིད་ལྡན་བདེ་ཆེན་ཞིང་དུ་་་
ཨ་མི་དེ་བ་མཇལ་བར་འགྲོ་འོ་་་
ཨ་རོགས་ཉམས་ལེན་ལམ་དུ་དོངས།།
ཨ་ཙི་ཁ་མཚར་རྩེད་མོ་མ་ལགས་་་
ཨ་མ་བུ་ཡི་སྙིང་གཏམ་འདི་ལ་་་
ཧ་ལམ་བདེན་པའི་དོན་རེ་མཆིས་ན་་་
ཧ་ཅང་བློ་རྩེ་བསྒྲིམས་ཏེ་སོམས།།
ས་མཐར་འཁྱམས་ཚེ་གྲོགས་ཁྱེད་དྲན་པས་་་
ཤ་ཚའི་བསྐུལ་མ་ཚིག་གསུམ་ཤོར་འདི་་་
ལ་རྒྱའི་གཏམ་དུ་གོ་བར་བྱོས་ལ་་་
ར་རོའི་ངག་མིན་ངེས་པར་གྱིས།།
ཡ་རབས་དམ་པའི་གཤེགས་ཤུལ་ཡིན་ནོ་་་
འ་འུར་གཞན་གྱི་ཟེར་སྒྲོ་མ་ཉན་་་
ཟ་ཉལ་འགྲོ་འདུག་ཆོས་ལ་བསྟུན་དང་་་
ཞྭ་ལྟར་ཀུན་གྱིས་གཙུག་ཏུ་བཀུར།།
ཝ་མོ་སྟག་བརྫུས་གདོང་འབག་གྱོན་ཏེ་་་
ཛ་ལང་སྤྱོད་པའི་ཟློས་གར་མ་ཁྲོབས་་་
ཚ་གྲང་དམྱལ་བའི་འབྲས་བུར་བསམ་སྟེ་་་
ཙ་རི་ལྟ་བུའི་དབེན་གནས་འགྲིམས།།
མ་བུ་གཉེན་ཚན་ལྷན་དུ་འཛོམས་ཏེ་་་
བ་ཉལ་མཛོད་གྲོད་འཚོ་བར་རོལ་ཀྱང་་་
ཕ་རོལ་འགྲོ་ཉིན་ཁེར་རྐྱང་ཡིན་ནོ་་་
པ་ཊུ་ཡིན་ན་དེ་དོན་སོམས།།
ན་ནིང་ཡོད་རྒུའི་ཕུན་ཚོགས་འཛོམས་ཀྱང་་་
ད་ལོ་ལག་སྟོང་གཅེར་བུར་འགྲོ་བའི་་་
ཐ་ཤལ་སྤྲང་པོས་ས་སྟེང་གང་བས་་་
ཏ་ལེར་སྙིང་མེད་དོན་དུ་སོམས།།
ཉ་གང་ཟླ་འདྲའི་ལངས་ཚོ་འདི་ཡང་་་
ཇ་ཡུན་ཙམ་ལས་རྟག་བརྟན་མིན་པས་་་
ཆ་འཇོག་བློ་གཏད་བྱེད་ས་མིན་ནོ་་་
ཅ་ག་མ་མང་འཆི་བ་སོམས།།
ང་གཉིས་ཚེ་གཅིག་མཉམ་འཕྲད་དཀའ་བས་་་
ག་གཤེད་ཡུལ་ནས་ཆོས་གྲོགས་ཁྱེད་ལ་་་
ཁ་ཞེ་གཉིས་མེད་འཕྲིན་བསྐུར་ཡོད་དོ་་་
ཀ་ཡེ་སྙིང་གི་དབུས་སུ་སྟིམས།།
ཤར་ཕྱོགས་ཀྱི་འོད་སྣང་ལགས་ཀྱི་ཀ་རྩོམ་བཀླགས་ཟིན།དངོས་གནས་ཀློག་ན་འདོད་ནི་ཅིག་དང་ཀློག་རིན་ཡོད་ནི་ཅིག་བྲིས་འདུག་པས་མུ་མཐུད་དུ་འདི་ལྟ་བུ་མང་པོ་དྲ་ཐོག་འཇོག་པའི་རེ་བ་དང་སྐུལ་མ་ཡོད།
༈ སྐྲས་མཐོང་སྔོན་མོའི་ལོ་རྒྱུས་ངན་དང་གཅིག།
བཀྲ་འདུས་ལོ་ན་རྒན་པས་དུད་དང་གཉིས།།
ད་ལྟའི་གནས་བབ་ཁེ་ཉན་ཆེ་དང་གསུམ།།
དེ་བརྟེན་བོད་མིའི་མི་རྗེ་བློ་སེང་མཆོག།