རྩོམ་པ་པོ: Anonymous ཚེས: 01/12/2011 – 00:59
ལོ་རབས་བརྒྱད་ཅུ་བ་ནས་བོད་ས་ཁྱོན་ཡོངས་ལ་དུས་ཡུན་ཐུང་ངུའི་ནང་སྒོར་མོ་མང་ཙམ་རེ་ལག་འབྱོར་ཡོང་བའི་ཐབས་ལམ་ཞིག་རྙེད་པ་ནི་དབྱར་རྩྭ་རྒུན་འབུ་བརྐོ་ཤེས་པར་གྱུར་པ་འདི་ཡིན་ལ། སྨན་རྩྭ་འདི་བརྐོ་ཤེས་པ་ནས་བོད་ཀྱི་རིག་གནས་མང་པོ་ཞིག་ལ་གོད་ཆག་འབྱུང་མགོ་ཚུགས་ཡོད་པ་ནི་ད་དུང་ཡང་ངོས་ཟིན་མཁན་དཀོན་པོར་གྱུར་ནས་ལུས་ཡོད།
སྐབས་དེ་ནས་སྒོར་མོ་མང་པོ་སྤྲད་དེ་སློབ་གྲྭར་འགྲོ་བ་ལས་དབྱར་རྩྭ་དགུན་འབུ་བརྐོས་ཏེ་ཡུལ་ནས་བསྡད་ན་ལེགས་པར་འདོད་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་སློབ་བྱོལ་བྱེད་པ་དང་སློབ་གྲྭ་འགྲོར་འཇུག་མི་འདོད་པའི་ཁྱིམ་བདག་མང་པོ་བྱུང་སྟེ་བོད་ཀྱི་སློབ་གསོའི་འཚར་རྒྱས་ལ་ངན་རྐྱེན་ཆེན་པོ་ཞིག་བྱུང་། དེ་ལྟར་ལོ་རབས་བརྒྱད་ཅུ་བ་ནས་ད་ལྟའི་བར་གྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་པའི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་སྒོ་དེས་གྲོང་གསེབ་པ་མང་ཆེ་ཤོས་ཀྱི་འཚོ་བར་ཁ་ཕྱོགས་མེད་པར་གྱུར་པ་ནི་འདི་ལྟ་ལྟེ། ཤིང་བཟོ་ཤེས་པ་དག་གིས་ཤིང་ལས་བཞག་སྟེ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། མགར་ལས་ཤེས་པ་དག་གིས་མགར་ལས་བྱེད་རྒྱུའི་ཚབ་ཏུ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། ལྷ་བྲིས་པ་དག་གིས་ལྷ་འབྲི་བ་ལས་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། ཞིང་ལས་པ་དག་གིས་ཞིང་ལས་བཞག་སྟེ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། འབྲོག་པ་དག་གིས་ཕྱུགས་ལས་བཞག་སྟེ་དབྱར་རྩྭ་དགུན་འབུར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། འཚེམ་བཟོ་ཤེས་པ་དང་འཕྲུལ་རིགས་བཟོ་བཅོས་བྱེད་པ་སོགས་ཡོང་འབབ་ཧ་ཅང་མི་བཟང་བའི་ལས་རིགས་གཉེར་མཁན་སུ་དང་སུ་ཡིན་ཡང་སེམས་ལ་དབྱར་རྩྭ་དགུན་འབུའི་གདོན་ཞུགས་པ་མ་ཟད། སློབ་མ་དག་གིས་སློབ་གྲྭ་བཞག་ནས་དབྱར་རྩྭ་བརྐོས་ཁར། དགེ་རྒན་འགའ་རེས་ཡང་དུས་ཚིགས་དེར་གནངས་པ་ཞུས་ཏེ་དབྱར་རྩྭ་བརྐོ་བའམ་དེའི་ཚོང་གཉེར་ལ་ཞུགས། ལས་བྱེད་འགའ་རེས་ཀྱང་ལོ་གཅིག་གི་ཟླ་ཕོགས་ནི་ཟླ་གཅིག་ལ་དཀའ་ལས་རྒྱབ་ན་ཐོབ་པར་འགྱུར་བས་དེ་ཉིད་ལེགས་པར་བསམ་ནས་དབྱར་རྩྭ་བརྐོ་བ་དང་དབྱར་རྩྭའི་ཚོང་གཉེར་ལ་ཞུགས། སྨན་པ་དག་ཀྱང་རི་མགོར་ཉུལ་ཏེ་དབྱར་རྩྭ་བརྐོས། དགོན་པ་འགའ་རེའི་གྲྭ་བ་དག་ཀྱང་དབྱར་རྩྭ་བརྐོ་བ་དང་དབྱར་རྩྭའི་ཚོང་གཉེར་ལ་ཞུགས། དབྱར་རྩྭ་ཡོད་པ་ནས་ལོ་ལོན་གོ་ཁ་ནས་འདུག་མི་བཟོད་ཅིང་། བྱིས་པ་རྩེད་ར་ནས་འདུག་མི་བཟོད་པ་ཞིག་ཏུ་གྱུར་ཅིང་། མདོར་ན་བོད་རིགས་ཚོང་ལས་འདྲ་མིན་གཉེར་མཁན་ཡོད་ཚད་ཀྱི་སེམས་ལ་དབྱར་རྩྭ་དགུན་འབུའི་གདོན་ཞུགས་ཏེ། སྐབས་རེ་ཡོད་ཡོད་འདྲ་ཞིང་། སྐབས་རེར་མེད་མེད་འདྲ་བའི་རྒྱུན་ལྡན་མིན་པའི་ཚོང་ལས་དེའི་གསེབ་ཏུ་གཞན་གྱི་ཚོང་བ་གྲིམ་པོ་རེ་སླེབས་ནས་དང་པོ་ཡིད་ཆེས་སྤྲད་དེ་བོད་པ་ཚོ་ལག་མགོར་དཀྲིས། བར་དུ་འཛུམ་མདངས་རེ་དང་ཁ་ཡག་ཅིག་གིས་བོད་པའི་ཚོང་བ་ཚོར་ཧམ་པ་བསླངས་རྗེས། མཐའ་མར་མ་རྩ་ཡོད་ཚད་རྩད་རྫོགས་བྱས་ཏེ་ཁ་གྱང་ལ་གཏད་པ་ཡང་མང་པོ་ཞིག་བྱུང་ཡོད་པ་སོགས་མདོར་ན་དབྱར་རྩྭ་དགུན་འབུས་བོད་ཀྱི་རིག་གནས་དང་དཔལ་འབྱོར་ལ་ཤུགས་བརྟན་མེད་པའི་གྱོང་གུད་གསབ་ཐབས་མེད་པ་སྤྲད།
གཞན་ཡང་། དབྱར་རྩྭ་དགུན་འབུ་བརྐོ་ཤེས་པ་ནས་བཟུང་ས་རྩོད་ཆུ་རྩོད་ཀྱི་རྣམ་པ་ཇེ་དྲག་ཏུ་གྱུར་ཅིང་། མི་ཤི་རྟ་འགྱེལ་གྱི་དོན་དག་ཀྱང་རབ་དང་རིམ་པར་བྱུང་སྟེ། ཐང་གི་རྩྭའི་དོན་དུ་གཅེས་པའི་སྲོག་ཤོར། ལག་གི་རྒྱུ་ཤོར་ཏེ་ཁྱིམ་ཚང་དང་སྡེ་བ་སྤྲང་ལ་གཏུགས་པ་སོགས་འུ་ཐུག་ཐབས་ཟད་ཀྱི་ལས་དེ་ཉིད་དངོས་སུ་མདུན་ལ་བསུས་པའི་ཉམས་མྱོང་དེ་ཤེས་བཞིན་དུ་སྡེ་བ་དང་སྡེ་བའི་བར། ལུང་ཚན་དང་ལུང་ཚན་བར་དམར་འཛིངས་བྱས་པས་དང་པོ་རྩྭ་རྩད་དེ་བྱུང་བའི་གྱོད་ཁ་རིམ་གྱིས་མི་གསད་པའི་སྙིང་ནད་དུ་གྱུར་ཏེ་ཕ་རིང་བུ་རིང་ལ་བརྣག་པའི་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར། དེ་བས་ད་ལྟའི་སྐབས་འདི་ནི་བསམ་བློ་བ་སྐོར་ཞིག་གི་ཚེ་སྲོག་མི་རིགས་ཀྱི་ཆེད་དུ་འབུལ་གྱིན་ཡོད་ལ། རྨོངས་འཐོམས་ཀྱིས་ལུས་པའི་གཞི་རིམ་པ་དག་ནི་ཐང་གི་རྩྭ་ཞིག་གི་ཆེད་དུ་ཤི་བཞིན་པ་ནི་ཆེས་བློས་མི་དཔོག་པའི་དོན་དག་ཅིག་རེད་ཨང་། ད་སྐབས་ཀྱང་དཔྱིད་ཀྱི་ལྗང་མྱུག་མིག་གིས་མཐོང་དུས་སྐྱེ་འགྲོ་ཀུན་དགའ་བདེའི་སྣང་བས་ཁྱབ་མགོ་ཚུགས་པའི་སྐབས་དེར། བྱང་སེམས་དང་སྙིང་རྗེ་ཅན་དུ་གྲགས་པའི་རང་ཅག་བོད་ཀྱི་ས་ཆ་འགའ་རེ་ན་དམག་ཚོགས་རྒྱབ་སྟེ་མདའ་ཁྲལ་རྟ་ཁྲལ་འཇོག་བཞིན་ཡོད་ལ། རི་ཁ་དང་སྡེ་འདབས་དག་སྨད་རྒྱའི་དམག་གིས་སྐོར་ནས་འདུག་དགོས་པར་གྱུར་ཡོད། འདི་ལྟར་འཛམ་གླིང་ཇེ་ཆུང་དུ་ཕྱིན་ཏེ་ནུབ་ཀྱི་རྒྱ་མཚོའི་ཁ་ནས་ཀི་བཏབ་ནས་ཤར་གྱི་གངས་རིའི་རྩེ་ནས་ལན་འདེབས་པའི་ཚན་རྩལ་ཡར་རྒྱས་ཀྱི་དུས་འདིར། མི་རྣམས་ཀྱིས་ཤེས་རིག་གི་བང་ཁ་འགྲན་བཞིན་པའི་སྐབས་སུ་ཡང་ནང་རིག་པའི་ཕྱོགས་ནས་གཞན་གྱི་དོ་ཟླར་མ་ཡོང་ཡང་། ཕྱིའི་སྤྱོད་ཚུལ་ཐད་ནས་ཀྱང་འཛམ་གླིང་མི་གྲལ་དུ་མགོ་བོ་བཀྱག་ནས་འགྲོ་སྲོལ་མེད་པ་ཞིག་ཏུ་གཏོང་མཁན་ནི་རང་ཅག་གི་རིགས་གཏོགས་འགའ་ཡིན་ལ། མངལ་ནས་སྐྱེས་པའི་མི་དག་གི་རང་ཚུགས་ཐང་ནས་སྐྱེས་པའི་རྩྭ་ཞིག་གིས་འཆོལ་བར་བྱས་པ་ཡང་རང་ཅག་གི་རིགས་འདི་ཡིན།
མང་ཚོགས་བྱིངས་ཀྱིས་དཔལ་འབྱོར་ཕོན་ཆེན་ལ་ལག་ལེན་བྱས་མྱོང་མེད་པ་དང་དཔལ་འབྱོར་གྱི་གཞུང་ལུགས་རང་བཞིན་གྱི་ཟབ་སྦྱོང་མེད་པ་ང་ཚོར་མཚོན་ནས་བཤད་ན། ཟླ་ངོ་གཅིག་གི་རིང་རང་ཚོད་ཀྱིས་སྒོར་མོ་ཕོན་ཆེན་ལག་ཏུ་ཡོང་བའི་གསར་བུ་ཚོའི་མི་གཤིས་ལ་རྡོག་བརྫིས་བཏང་ཞིང་། ལོ་ལོན་ཚོའི་མ་ཎི་ལ་བར་ཆད་བཏང་། ང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་མཐོང་ཐུབ་པ་སྟེ། དབྱར་རྩྭ་བརྐོས་ཚར་རྗེས་ཀྱི་ཟླ་ངོ་འགའ་ནི་ཚོང་ཁང་དང་ཟ་ཁང་དང་། ཆང་ཁང་དག་གི་ཡོང་སྒོ་ཆེས་བཟང་བའི་སྐབས་ཡིན་པ་མ་ཟད། བོད་ཁུལ་གྱི་གཞི་རིམ་ས་ཆ་དག་ན་ཆང་འཐུང་ཆེས་མང་པའི་སྐབས་ཡིན་པས་སྤྱི་ཚོགས་བདེ་འཇགས་ལ་ཡང་བརྡབ་གསིག་གཏོང་གིན་ཡོད། དེ་བཞིན་ལོ་ལོན་གོ་ཁར་ལྷུང་བ་དང་། བྱིས་པ་སྣབས་ལུད་གཙང་མར་བཟོ་མི་ཤེས་པ་དག་ཀྱང་འདུག་དབང་མེད་པར་འུ་ཐུག་ཐབས་ཟད་ཀྱི་ཀློང་ན་སྡུག་ལས་སྣ་ཚོགས་རོལ་དགོས་པར་གྱུར་ཡོད།
འདི་ལྟར་དབྱར་རྩྭ་དགུན་འབུས་བོད་ཀྱི་དཔལ་འབྱོར་དང་། མི་གཤིས། རིག་གནས་དང་སློབ་གསོ་སོགས་ལ་གོད་ཆག་ཆེན་པོ་འབྱུང་བཅུག་པའི་རྒྱུད་རིམ་འདིའི་ཁྲོད་བོད་པ་ཚང་གི་ངོ་བོ་མི་མངོན་པའི་ཚུལ་གྱིས་ཆུ་ནང་ལ་ཁ་བ་འཐིམས་པ་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད། སྤྱིར་ན་མི་མང་བྱིངས་ལུས་ཤུགས་ངལ་རྩོལ་བ་ཡིན་པའི་ང་ཚོའི་རིགས་ལ་ས་བརྐོ་རྡོ་སློག་གི་འཕྲུལ་ཆས་དར་ཁྱབ་ཆེས་ཆེར་བྱུང་སྟེ་ལུས་ཤུགས་ལ་བརྟེན་པའི་དཔལ་འབྱོར་ཡོང་སྒོ་ཡང་མཚམས་གཅོད་ལ་ཉེ་བའི་སྐབས་འདིར། རང་ཁ་གསོ་རོགས་སུ་ལས་འདི་ལྟ་བུ་ཞིག་ལ་འཕྲད་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་མོད་ཀྱང་། བྱ་ལས་འདི་གཉེར་རིམ་མ་ཤེས་པའི་གོ་རིམ་འདིས་བོད་པ་ཡོངས་རྫོགས་སྒྱིད་ལུག་ཅན་དུ་བསྒྱུར་ཏེ་སྒོར་མོ་ཕོན་ཆེན་ཞིག་ལག་ཏུ་མ་ཡོང་ཚེ་ལས་རིགས་གང་ཡང་གཉེར་མི་འདོད་པར་གྱུར་པས། མགོའི་ཁང་བ་ལས་མཁན་ནས་སྒོའི་རྒྱུ་ཟོག་འཚོ་མཁན། རྐང་གི་ལྷམ་འཚེམ་མཁན་ནས་མགོ་བོའི་སྐྲ་གཞར་མཁན་ཚུན་གཞན་ལག་ཏུ་གཏད་དགོས་བྱུང་བའི་ཉེན་ཁ་འདི་དངོས་སུ་བྱུང་བ་རེད། ད་དུང་ཡང་ང་ཚོ་འདི་ལྟར་ལོ་ངོ་འགའ་རེ་སོང་ཚེ་བོད་པ་དག་ནི་དབྱར་རྩྭ་དགུན་འབུའི་གཡོ་འོག་ཏུ་ཚུད་པའི་ཕམ་ཉེས་པ་སྐོར་ཞིག་ཏུ་འགྱུར་བར་གདོན་མི་ཟ།
ང་ཚོས་སྐབས་ཐོག་དེ་ཙམ་གྱི་ཡོང་སྒོའི་ཆེད་དེ་ལ་བརྩོན་ལེན་བྱེད་པ་ནི་ཤིན་ཏུ་ནས་ལེགས་མོད། རང་གི་ནུས་པར་བརྟེན་ནས་དཔལ་འབྱོར་འཚོལ་བའི་ཐབས་ལམ་རེ་ཡོད་པ་རྒྱུན་འཛིན་དང་། ཤེས་ཡོན་སློབ་གསོར་གཙིགས་ཆེན་བྱས་ཏེ་དུག་སྨན་དུ་བསྒྱུར་བ་ནས་བཀལ་འཁེལ་ཐག་འཐག་དང་། ལྷ་བྲིས་རྟེན་བཞེངས་དང་། ཤིང་བཟོ་རྡོ་བཟོ་བྱེད་པ་སོགས་དམངས་ཁྱབ་རང་བཞིན་གྱི་རིག་གནས་དག་གཅེས་སྲུང་དང་བཅས་རང་གི་མི་རིགས་ཀྱི་ངོ་བོ་སྲུང་འཛིན་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག་གོ།
http://rangdrol.net/ ནས་བཏུས།
http://www.shambalapost.com/blog/viewpost/5189
དྲ་གྲོགས་རྣམས་ཀྱིས་གཅིག་གཟིགས་དང
དངོས་ཡོད་གནས་ཚོར་རེད་ད་། གལ་སྲིད་ དབྱར་རྩྭ་དགུན་འབུ་མེད་ཚེ་། དེ་ནས་རིམ་གཞིན་ནམ་ལངས་གི་འགྲ་འདུག།
དབྱར་རྩྭ་དགུན་འབུ་འདི། དགུན་དུས་སུ་འབུ་དངོས་གནས་ཡིན་ནམ་མིན། ཡིན་ན། ཡང་། སྡིག་ལས་ཅིག་རེད་འདུག་ག
དབྱར་རྩྭ་དགུན་འབུ་ཟེར་ཡ་རིན་པོ་ཆེ་འདི་དངོས་གནས་ཡ་མཚན་ཞིག་རེད་འདུག་གང་ཡིན་ཟེར་ན་ཁྱུང་པོ་དང་ནག་ཆུ་དེ་བཞིན་ལུང་པ་མང་པོ་ཞིག་གི་སྲོག་རྩ་ལྟ་བུ་ཆག་ཡོད་པར་རེད་གལ་ཏེ་འབུ་འདི་མེད་ན་ལུང་པ་དེ་ཚོའི་རིགས་ཆ་ཚང་མུ་གེ་འཆི་འགྲོ་ཡེ་ཉེན་ཁ་འདུག
དབྱར་རྩ་དགུན་འབུ་ཞེས་པ་དབྱར་གྱི་དུས་སུ་རྩ་ཡི་རང་བཞིན་དང།་ དགུན་གྱི་དུས་སུ་འབུ་ཡི་རང་བཞིན་དུ་ཡོད་པ་ཞིག་རེད་འདུག དབྱར་རྩ་དགུན་འབུ་ཡིས་བོད་དང་ཧི་མ་ལ་ཡའི་མི་རྣམས་ལ་ལོ་ཤས་གོང་ནས་མི་ཚོའི་ཡོང་སྒོ་ཡོད་ན་མེད་ན་དེ་རེད། དབྱར་རྩ་དགུན་འབུ་ཡིས་མི་རིགས་དེ་དག་གི་འཚོ་བ་མཐུན་རྐྱེན་ལ་ཕན་ཐོགས་བརླབས་ཆེན་ཞིག་བསྐྲུན་ཡོ།
འོན་ཀྱང་དབྱར་རྩ་དགུན་འབུ་འདི་ཡིས་རྐྱེན་བྱས་ཏེ་གཞོན་ནུ་མང་པོ་ཞིག་ཁྲོག་རླག་ཏུ་འགྲོ་དང་འགྲོ་བཞིན་པའང་མང་པོ་ཡོད་འདུག གང་ཡིན་ཟེར་ན་མི་རིགས་འདི་དག་མང་ཆེ་བ་ས་ཁུག་ལུང་ཁུག་ཏུ་གནས་བཞིན་པའིདབང་གིས་དངུལ་བྱུང་བ་རྣམས་རང་གི་དངུལ་ཁུག་ཏུ་བཅུག་པ་ལས་དངུལ་ཁང་དུ་བཅོལ་ས་དེ་འདྲ་མེད་པས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རང་གི་ཨམ་ཕྲག་ཏུ་དངུལ་ཕོན་ཆེན་པོ་དེ་འདྲ་ཡོད་དུས་སེམས་ལ་དྲན་ཚོར་མང་པོ་འབྱུང་བས་ཆང་དང་ཤོ་བག་ལས་སོགས་ཚོད་མེད་དུ་ལོངས་སུ་སྤྱད་དེ་གཞོན་ནུ་མང་པོ་ཞིག་ཁྲོག་རླག་ཏུ་འགྲོ་བཞིན་ཡོད་འདུག
གཞན་ཡང་དངུལ་ཡོད་ཚད་ཁང་པའམ་དངུལ་ཁུག་ཏུ་བཅུག་པ་སོགས་ལ་བརྟེན་ནས་རྐུན་མས་ཁྱེར་བ་དང་དངུལ་གྱི་དོན་དུ་མི་གསོད་ཁྲག་སྦྱོར་བྱས་པའང་ལོ་རེ་བཞིན་དུ་མང་དུ་འགྲོ་བཞིན་ཡོད་འདུག
དབྱར་རྩ་དགུན་འབུ་འབུ་ཡིན་པར་སེམས་ཏེ་དགེ་སེམས་ཅན་འགའ་ཞིག་གིས་དབྱར་རྩ་དགུན་འབུ་མི་རྐོ་རྒྱུའི་དམ་བཅའ་བྱས་མོད་ གཡས་གཡོན་ཁྱིམ་མཚེས་རྣམས་ལོ་རེ་བཞིན་དུ་འཚོ་བ་ལེགས་སུ་འགྲོ་བ་དང་ཁྱིམ་མཚེས་རྣམས་ལ་དེང་དུས་ཀྱི་དགོས་མཁོ་མང་པོ་ཞིག་ཡོད་པ་སོགས་ཀྱིས་རྐྱེན་བྱས་ཏེ་ཁོང་ཚོས་ཀྱང་མ་བརྐོས་རང་བརྐོས་ཆགས་ཏེ་སྔར་གྱི་དམ་བཅའ་ཉམས་པའང་མི་ཉུང་པ་ཞིག་ཡོད་འདུག
འབུ་དངོས་གནས་ཡིན་ན། སྐྱེས་ཟིན་པ་སྐྱེ་བཞིན་པ་དང་། སྐྱེ་འགྱུར་དེ་ཚོའི་དོན་དུ། ཨོམ་མ་ཎི་པད་མེ་ཧུང་། །
ཧ་ཅང་གིས་སྡིགས་ལས་རེད་འདུག། འབུ་དངོས་གནས་ཡིན་པ་དང་། སྐྱེས་ཟིན་པ་དང་ཤི་ཡང་ཚར་ནས་རྩ་རུ་འགྱུར་བྱིན། འོ་ན་སྡིགས་པ་གང་ནས་ཡོད་། ཤི་ཚར་ཡང་ཁོས་གཟུག་པོས་ནུས་སྟོབས་ཉམས་མེད་པ་དང་། དེ་ལ་བསྟན་ནས་འབུ་ཆུང་ཆུང་སྟོང་ཕྲག་མང་པོ་ཚེ་སྲོག་གསོ་སྐྱོངས་ཐོབ། ང་ཚོས་ས་ནས་ཡར་ལ་སྐོ་དུས་འབུ་ཆུང་ཆུང་དེ་ཚོ་འཚོ་གནས་མི་ཐོབ་ནས་ཤི། སྐྱེས་མ་ཟིན་བ་རྣམས་འབུ་རང་རེད། ཡང་གཞན་ཞིག་ལ། དབྱར་རྩ་དགུན་འབུ་ཨ་རག་ནང་བླུག་ཏེ་དགོང་མོ་མ་ཉལ་གོང་ཤེར་ཕོར་གང་འཐུང་ན། གཟུག་སྟོབས་གསོ་ཐོབ་པ་དང་ཆགས་པ་མང་ཙམ་ལང་།
ཆམ་པ་དང་གློ་ནད་ལས་སོགས་ན་བའི་སྐབས་སུ་སྨན་ཟས་པ་དང་བཟའ་བཞིན་པའི་སྒང་རྣམས།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ནི་པདྨེ་ཧཱུྃ།