ཐོགས་མེད།
ཉིན་འགའི་སྔོན<<ཁ་བརྡ་དྲ་བ>>འི་སྟེང་སྤེལ་ཟིན་པའི་རྡ་ས་མདོ་སྨད་དབུས་ས་གཉིས་ཀྱི་ཞུ་ཡིག་སྐོར་ལ་མི་མི་ཉུང་བ་ཞིག་གིས་བགྲོ་གླེང་གནང་བཞིན་པའི་སྐབས་རེད་ལ། འདི་ཡང་ཕྱོགས་ཞེན་དང་རིང་ལུགས་མཁྲེགས་འཛིན་གྱིས་གཡག་སྣ་ཁུར་ཚུར་མི་བྱེད་པར། མིའི་རིགས་ཀྱི་རིང་བཞིན་ལྷན་སྐྱེས་ཀྱི་སྐད་ཆར་བརྩི་མཐོང་དང་། ལྷག་བསམ་རྣམ་དག་གིས་བརྗོད་ཚུལ་སྣ་ཚོགས་དོགས་སློང་བསེད་དཀྲོལ་གནང་བ་མིའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ཡིན། ཡིན་ནའང་། ཁོ་བོར་གནད་དོན་འདིའི་སྐོར་གསལ་བོར་མ་ངེས་པས་ཐད་ཀར<<དུས་བབ>>ནང་གི<<ཨ་ཚོགས་ཚང་གི་གཏམ་ཚོགས>>ཞེས་པའི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ཟིན་བྲིས་སུ་རོབ་ལྟ་ཞིག་བྱས་པ་ཡིན། ཁོང་གི་ཟིན་བྲིས་ནང་དུ་རྩོམ་ཡིག་ཉེར་དགུ་ལྷག་སྤེལ་འདུག དེ་ལས་ཉེ་བར་སྤེལ་བ་ <<ཉི་མའི་སྲིབ་འཁྱག་གླེང་བ>>ཞེས་པ་དེ་རེད། དེ་ནི་དེང་སང་ང་ཚོའི་སྤྱི་ཚོགས་སྒང་བཤད་ཀྱིན་པའི་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ལ་ཆ་ཚང་ལ་ཕེབས་རྒྱུའི་སྐོར་ལ་བྲིས་པ་ཞིག་རེད་འདུག རྩོམ་ཡིག་འདི་ཕྱོགས་ལྷུང་བྲལ་བའི་ཀློག་པ་ཞིག་གིས་བཀླགས་ཚེ་རྩོམ་པ་པོའི་ཡངས་དག་པའི་སེམས་གཤིས་དང་། ཕུགས་བསམ། སྤྱི་ཚོགས་ལ་འགན་བླངས་པའི་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་པ་ལས་སླ་བོའི་ངང་རྟོགས་ཐུབ་ཀི། འོན་ཀྱང་། རང་ཉིད་ཀྱིས་བལྟས་ན་ནི་རྩོམ་པོར་མི་རིགས་ལ་བརྩེ་བ་ཤུགས་དྲགས་ཏེ་ད་ལྟ་ང་ཚོའི་བྱེད་སྟངས་ཀྱི་སྣང་ཚུལ་རྫོབ་རོ་འགའ་དམར་དམར་རྗེན་རྗེན་དུ་སུན་འབྱིན་གནང་གིན་པས་རེད། དེའི་སྟབས་ཀྱིས་རྩོམ་ཡིག་འདི་རྨོངས་འཐོམ་གྱི་སྤྱི་ཚོགས་ཤིག་ནས་ལམ་འགྲོ་ཆེར་མི་རྒྱུགས་པའི་འགྱོད་སྣང་སྟེར། ང་ཚོའི་སྤྱི་ཚོགས་ནི་སྐད་ཆའི་གནས་ལུགས་ལས་བཤད་ཡམས་ཀྱིས་བསླུ་སླ་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་གྱིན་པས་ཡིན་ནོ།
རྩོམ་ཡིག་འདིའི་ནང་གི་རྩོམ་པ་པོའི་སེམས་གཤིས་དམར་འགྲེལ་བྱས་ན་རྒྱལ་བ་རིན་པོ་ཆེ་ང་ཚོའི་སྣང་ངོར་ལྷ་ཞེས་འཆི་མེད་རྒས་མེད་ཀྱི་གཟུགས་སུ་བསྐྲུན་སྟེ། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་ལས་དོན་ཆེ་མ་ཆུང་གསུམ་རྒྱལ་བ་རིན་པོ་ཆེའི་སྐུ་རྐྱང་གི་ཕྱག་ལ་གཡུགས་རྐྱང་བྱེད་པ་དང་། རྒྱལ་བ་རིན་པོ་ཆེ་བྱིས་དུས་ཀྱི་ན་ཚོད་མ་སྨིན་གོང་ནས་བཟུང་ང་ཚོའི་ལྗིད་ཏིག་ཏིག་གི་སྲིད་ཀྱི་རྩོད་རྙོག་ཆེན་མོའི་འགག་སྒོར་གཏད་དེ་དགུང་ལོ་བདུན་ཅུ་དོན་དྲུག་ལ་ཕེབས། རྒྱལ་བ་རིན་པོ་ཆེ་ཚང་གིས་ཐུགས་དགོངས་རྒྱ་ཆེར་བཞེས་ཏེ་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་དཀའ་བསྩལ་ནའང་། ད་དུང་རིན་པོ་ཆེ་ཡི་ཐུགས་དགོངས་ལ་མི་བསྟུན་པར་མུ་མཐུད་དཀའ་ལས་སྐྱོན་དགོས་ཟེར་བ་ལྟ་བུའི་ང་ཚོའི་བྱེད་སྟངས་འདིར་ཡ་མཚར་བའི་སྐྱོ་སེམས་བསྟན་འདུག དེ་བཞིན་རྩོམ་པ་པོས་བཤད་རྒྱུར་ང་ཚོས་བླ་མ་སྤྲུལ་སྐུ་རྣམས་མི་ལས་ལོགས་སུ་སོ་སོས་རྟོགས་བཟོ་བྱས་ཏེ་ལྷ་ཞེས་པའི་རིགས་སུ་བཤད་པ་དང་། དོན་དུ་བླ་མ་སྤྲུལ་སྐུ་རྣམས་ང་ཚོའི་བྲན་གཡོགས་ལྟ་བུར་ཉར་ཚུལ་ནི་ང་ཚོས་ཆོས་ཀྱི་དབུ་ཁྲིད་དག་ལ་བརྩི་བཀུར་དང་དད་ལུགས་མ་ཤེས་པའི་རྣམ་པ་བསྟན་འདུག གཙོ་བོ་མི་ཞེས་པའི་ངོ་བོ་དང་རིན་ཐང་། ཁྱད་ཆོས། ཡོན་ཏན་སོགས་སྔོན་དུ་རྟོགས་དགོས་པ་དང་། དེ་ནས་དམིགས་བསལ་བླ་མའི་ཁྱད་དུ་འཕགས་པའི་ཡོན་ཏན་ངེས་ཟིན་རྗེས། འཁྲུལ་བ་མེད་པའི་ཡིད་ཆེས་རེ་རྙེད་འགྲོ་བའི་སེམས་གཏམ་དྲོན་མོ་ཞིག་རྩོམ་ཡིག་འདིའི་སྔ་རྗེས་བར་གསུམ་འཇུར་ནས་བསྟན་འདུག རང་ཉིད་ལ་རྩོམ་པ་པོ་ཁོང་གི་མིའི་རིགས་ཀྱི་འདྲ་མཉམ་ལྟ་སྟངས་ཀྱི་རྟོགས་གཞིགས་རྣོན་པོ་ཡིས་བརྗོད་ཐབས་བྲལ་བསླབ་བྱ་སྦྱིན་སོང་ལ། རྩོམ་པ་པོས་རྒྱལ་བ་རིན་པོ་ཆེ་ངེས་དོན་གྱི་བརྩི་མཐོང་དང་ཡིད་ཆེས་བརྟན་པོ་ཞིག་སེམས་སུ་ཉར་ཡོད་པའང་ལྷང་ངེར་ཤེས་བཅུགས།
དེ་ནས་ཁོང་གི་རྩོམ་ཡིག་གཞན་ཞིག་སྟེ<<པན་ཆེན་རི་པོ་ཆེ་ཁ་བཏང་བ>>ཟེར་བ་ཞིག་འདུག རྩོམ་ཡིག་འདི་བཀླགས་པའི་བསམ་ཚུལ་རགས་བསྡུས་ཤིག་ཞུ་འདོད་བྱུང་། རྩོམ་པ་པོ་བཙོན་དུ་བཅུགས་ཏེ་རྒྱ་མི་ཀྲང་ཟེར་བ་ཞིག་གིས་ངོ་འཚང་བྲུས་པའི་སྐོར་རེད། ཁོང་གིས་ཉིན་ཞིག་ལ་གྲོགས་པོ་ནང་འཛོམས་ཀྱི་སྐབས་ཤིག་ལ་སྐད་ཆ་དྲང་མོས་ཁ་བརྡ་གནང་དུས། གྲོགས་པོའི་ནང་ཁུལ་ནས་འདིའི་ཐད་བསམ་ཚུལ་མ་མཐུན་པ་ཞིག་བཀོད་འདུག བོད་ཀྱི་སྤྱི་ཚོགས་ནང་ཆབ་བསང་འཐུང་སྲོལ་ཡོད་པ་ཞིག་ཀྱང་བཤད་རྒྱུན་དུ་ཆགས་ཡོད་མོད་དངོས་མཐོང་མྱོང་མེད། འདི་བོད་ཁམས་ཡོངས་སུ་ཁྱབ་མིན་མི་ཤེས་ཏེ་གང་ལྟར་ལུང་ཁུག་ཁ་ཤས་ན་ཏན་ཏན་འདི་འདྲ་ཡོད་ངེས་རེད། འདི་ནི་བདག་ལ་མཚོན་ན་ནང་པའི་བསྟན་པ་འཇུག་ཚུལ་ལས་ཡངས་དག་ཅིག་ཡིན་མིན་ཡང་ཐེ་ཚོམ་རེད། དེའི་སྟབས་ཀྱིས་རྩོམ་པོས་རྒྱ་མི་ཀྲང་ལ་ལན་བསྐྱོན་པའང་ཏག་ཏག་རེད་བསམ། ཡིན་ནའང་། ཁོང་གྲོགས་པོའི་ནང་ཁུལ་དུ་ཆབ་བསང་འཐུང་གིན་ཡོད་ཟེར་དགོས་པའི་ཕྱོགས་གཅིག་བུད་ཡོད་པས། འདི་ལ་བལྟས་ནའང་ང་ཚོའི་ལུང་ཁུག་རེ་ཟུང་ན་བླ་སྤྲུལ་ཁ་ཤས་ཀྱི་ཉེ་འཁོར་བས་མང་ཚོགས་ནང་ཆབ་བསང་སྤྲད་སྲོལ་ཡོད་པའང་ཐག་གིས་གཅོད་ཐུབ། རང་ལ་དཔེ་བཞག་ན་བོད་ཀྱི་སྐྱེས་ཆེན་མང་བོར་ཐོད་པས་གཏུགས་མྱོང་མོད། ཆབ་བསང་འཐུང་དགོས་ས་ཞིག་གཏན་ནས་མཐོང་མ་མྱོང་། དེ་འདྲ་མེད་སྟབས་གལ་སྲིད་མི་ཞིག་གིས་དྲིས་ཚེ་འཐུང་མ་མྱོང་ཟེར་དགོས་རྒྱུ་རེད་ལ། ཕྱིན་ཆད་ཀྱང་བླ་མ་སྤྲུལ་སྐུར་བརྩི་བཀུར་བྱ་དགོས་པ་མི་རིགས་ཀྱི་གོམས་སྲོལ་དང་ཆོས་ལུགས་ཀྱི་འགྲོ་སྟངས་ཤིག་ཡིན་པས་བརྩི་སྲིད་མོད། ཆབ་བསང་འཐུང་བ་ནི་ནང་པ་སངས་རྒྱས་ཀྱི་ཆོས་དང་ཅུང་འཚམ་པོ་མེད་པའི་དོགས་པ་འདུག་ལ། འདི་དེང་གི་འཕྲོད་བསྟེན་རིག་པའི་ངོས་ནས་བལྟས་ནའང་ཧ་ཅང་ཚད་ལས་བརྒལ་ཡོད་པ་ཞིག་ཏུ་མཐོང་བས་ངས་གཏན་ནས་འཐུང་ཐུབ་ས་མ་རེད།
བདག་ལ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཕལ་ཆེར་སྤྱི་ཚོགས་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་ཏུ་རློམ་ཆོག་པའི་ཡིད་ཆེས་ཐོབ་ལ། གལ་གནད་ཆེ་བའི་བརྗོད་བྱ་འདི་དག་ལ་དམིགས་བསལ་ཞིབ་བསྡུར་གནང་འཐུས་པ་ཞིག་ཀྱང་རེད། ཡང་རྩོམ་ཡིག་འདིའི་ཟ་ཟུར་གང་རུང་དུ་ཡིག་ནོར་རེ་ཟུང་གིས་མིག་སྡང་སྒོས་ལྟ་བ་ནི་རྩོམ་པ་པོ་སྒྱིད་ལུག་ངང་སོང་སྟེ་བྲིས་པར་མཐོང་ཐུབ་པས། རྗེས་ཕྱོགས་ཡི་གེ་དག་གཙང་ལ་ཅུང་གཟབ་དགོས་པའི་སྣང་བ་སྐྱེས། སྤྱིར་ཁོང་གི་རྩོམ་ཡིག་དག་ཀློག་གིན་ཀློག་གིན་ཁོང་གི་གཞུང་དྲང་གི་བསམ་བློ་དང་སྤྱི་ཚོགས་ཀྱི་གདོང་ནས་ཐད་ཀར་བརྗོད་སྤོབས་པའི་ན་ཟུག་འདི། རང་རིགས་ལ་ཆེས་བློ་བསམ་དཀར་བ་དང་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་མང་ཚོགས་ལ་བསླུ་བྲིད་དང་རྫུན་མི་བཤད་པའི་ཆོད་སེམས་དང་བརྩེ་བ་འབའ་ཞིག་བལྟམས་ནས་ཡོད་སྟབས། ཨ་ཚོགས་ཚང་གི་གཏམ་ཚོགས་དང་དེའི་བདག་པོར་སེམས་དང་བསམ་པས་རྒྱབ་སྐྱོར་བྱ་འདུན་སྐྱེས། ཡིན་ནའང་། རྩོམ་པ་པོའི་གནོན་ཐབས་བྲལ་བའི་ཚོར་གདུང་དྲག་པོའི་ན་ཟུག་གི་རྐྱེན་པས་གང་ཟག་ག་གེ་མའི་སྣང་ངོར་མི་རན་པའི་ཚིག་འབྲུ་རེ་འགའ་ཡང་འཐོར་ཡོད་སྲིད་མོད། ང་ཚོའི་སྲོག་རྩ་སྟ་རེས་འཕྲད་པ་ལྟ་བུའི་ཟུག་གཟེར་ལངས་མི་དགོས་པར་འདོད་དེ། འདིར་གླེང་རན་ཅུང་མཐོང་མ་སོང་ལ་གླེང་ནའང་སྐབས་ཐོག་བསེག་འབྲུ་སྤྱད་ཙམ་ལས་དམིགས་བསལ་ང་ཚོའི་འདས་མ་ད་གསུམ་ལ་ཕན་པ་འབྱུང་བྱེད་ཅིག་མིན་པས་གཞན་དུ་བསྐྱུར་ཞོག གཙོ་བོར་ཁོང་གིས་ང་ཚོར་བཤད་འདོད་པའི་སེམས་ཁྲལ་དེའི་ཕུགས་བསམ་འཚོལ་རྒྱུ་དང་། ད་ལྟ་བསྒྱུར་འོས་པའི་ང་ཚོའི་མཁྲེགས་གཤིས་ཀྱི་རྫོབ་དྲི་ཚོར་དགོས་པ་ཞིག་ཏུ་མཐོང་བས་ཀུན་གྱིས་དཔྱད་པར་འཚལ་ལོ།
དོ་དགུང་ངས་རྩོམ་ཡིག་འདི་བྲིས་རྫོགས་ཏེ་དྲ་ཐོག་ཏུ་འཇོག་པའི་སྐབས་མདོ་སྨད་ས་རྒྱུན་གྱི་ཁྱབ་བསྒྲགས་གསར་ཞིག་སྤེལ་འདུག་པ་བཀླགས་ཏེ་འོར་བཤད་ཅིག་མི་བཤད་རང་བཤད་རེད། མདོ་སྨད་ས་གནས་རྒྱུན་ལས་ཀྱིས་དུས་ཡུན་རིང་བོ་ཞིག་ལ་སྒུག་སྒུག་པའི་དེ་རིང་། ལྷ་སྡེ་གནམ་ལོ་ཡག་ལ་བརྗོད་པའི་ཚུལ་གྱིས་སྤྱི་བསྒྲགས་ཤིག་སྤེལ་བར་བལྟས་ཏེ་དགོད་བྲོ་བ་ཞིག་བྱུང་། མདོ་སྨད་ས་རྒྱུན་གྱིས་སྐད་ཆ་འདི་ལྟ་བུ་ཞིག་གི་ཤུན་འབག་བཤུ་མ་ཤེས་ཀླུ་མཁར་བྱམས་ལ་སྡིགས་པ་ནི་རྒྱུན་ལས་པ་རྣམས་ཡི་གེ་མི་ཤེས་པའི་གླང་རྫི་རྐྱང་རྐྱང་ཡིན་པ་བསྟན་འདུག། རྒྱུ་མཚན་གང་ཡིན་ཟེར་ན། ཚིག་དུམ་འདི་དག་གི་ཤུན་འབག་ནི་དེ་འདྲིའི་བཤུ་སླའོ། ཀླུ་མཁར་བྱམས་ཀྱི་སྐད་ཆའི་ཡང་སྙིང་ན་ལྷོག་ལྷོག་གིས་གདུ་བཞིན་པའི་ཚོར་འགྱུ་ནི་འགལ་ལ་ཁད་ཀྱི་མེ་རི་ཞིག་དང་ཇི་འདྲའི་མཚུངས་ཨང་། ངས་ཁ་གསལ་བའི་ངང་ནས་ཁོང་གི་ཚིག་དུམ་རེ་ཟུང་ལས་གབ་ཅིང་སྤས་པའི་ཤུགས་བསྟན་ཁ་ཤས་ཞུས་ན་ནི་འདི་ལྟ་སྟེ། ས་མཐར་མཁྱམས་པའི་ང་ཚོ་བོད་རྒྱལ་ཁབ་དང་ཏྰ་ལའི་བླ་མ་ནི་སྤྱི་བཏང་གི་སྐྱོ་གར་གྱི་ལོ་རྒྱུས་ལྟ་བུ་ཞིག་དང་། མཚམས་མཚམས་ལ་དད་པ་བྱེད་ས་ཙམ་ལས༧རྒྱལ་ཁབ་ཀྱི་བདེ་སྡུག་དང་གོང་མཆོག་གི་ཡོན་ཏན་གྱི་རིན་ཐང་རྟོགས་ཏེ་གུས་ཞབས་བྱ་མཁན་དང་། ལྷའི་ངོ་བོར་སྦྱར་ཏེ་ང་ཚོ་མི་ནང་བཞིན་དཀའ་ངལ་སེམས་ཁྲལ་ཡོད་པ་ཤེས་མཁན་ཉུང་བ་མ་ཟད། ཁོང་ཚང་གི་བླ་མེད་ཀྱི་མཛད་རྗེས་ཡིད་ལ་བཅངས་ཏེ་སྲིད་ཞུ་སྒྲུབ་མཁན་དེ་བས་ཀྱང་དཀོན་པའི་ཁྲོ་བཤད་དང་། ང་ཚོས་ག་དུས་ཡིན་ན་བོད་ཀྱི་རྒྱལ་ཁབ་གསར་འཛུགས་དང༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ལ་འགན་སྤུ་ཙམ་མི་འཁུར་བར་རྒྱ་གར་མིའི་ལུང་པ་ནས་ཁོང་ཚང་གཅིག་པུར་བལྟས་ཏེ་ཉི་མ་གང་འཁྱོལ་བྱེད་ཀྱིན་འདུག་ཅེས་པ་ཤུགས་ཀྱིས་རྟོགས་དགོས། དེའི་སྟབས་ཀྱི་དགོངས་ན་བདུན་ཅུར་ཕེབས་པའི་རྒྱལ་བ་རིན་པོ་ཆེ་ཚང་ང་ཚོ་མི་སྤྱི་བཏང་བའི་ཐད་ནས་བལྟས་ན་རྒན་ཡོལ་ལ་ཕེབས་ཏེ་སྐུ་མ་གསོ་དགོས་པའི་དུས་ཡིན་ནའང་། ང་ཚོ་བཙན་བྱོལ་བའི་གཞུང་འཛིན་པ་ཚོ་རྒྱལ་བ་རིན་པོ་ཆེ་རྒན་ཡོལ་དུ་ཕེབས་འཇུག་རྒྱུའི་སྙིང་སྟོབས་མེད་ལ། གལ་སྲིད་ཁོང་ཚང་གི་སྐུ་མ་གསོ་དགོས་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་རྒན་ཡོལ་དུ་ཕེབས་མ་ཐུབ་ཚེ་སྐུ་ཚེ་འདིར་སྐུ་མ་གསོ་མི་ཐུབ་པ་དང་། སྐུ་ཚེ་འོ་བརྒྱལ་མྱངས་ཏེ་མུ་བཞིན་ལས་དོན་ཆེ་མ་ཆུང་གསུམ་ཡོད་ཚད་རྒྱལ་བ་རིན་པོ་ཆེ་ནས་གནང་དགོས་པ་དངོས་བདེན་རེད་ཅེས་རྩོམ་ཡིག་འདིས་ང་ཚོའི་བཙན་བྱོལ་སྲིད་ཞུ་བའི་གྲལ་ན་འཇོན་ནུས་ཅན་གྱི་མི་བུ་དཀོན་པ། དོན་གྱིས་མི་རིགས་ཀྱི་བྱ་བཞག་ལ༧གོང་ས་མཆོག་གཅིག་པུ་ལས་བློ་འཁེལ་བ་ཞིག་མེད་པའི་འགྱོད་སེམས་བསྟན་འདུག་སེམས། མདོ་སྨད་ས་རྒྱུན་གྱིས་ཀྱང་གསལ་ཁ་ཅི་གང་མེད་པའི་ཡིག་འཁྱམས་མང་བོ་དྲ་ངོས་དང་སྤྱི་ཚོགས་ནང་རླུང་ལ་མ་བསྐུར་ན་ལེགས་པར་འདོད། གལ་སྲིད་འདི་མདོ་སྨད་རྒྱུན་ལས་ཀྱི་ལས་ཀ་ཞིག་ཡིན་མིན་མི་ཤེས་ཏེ། ཡིན་ན་ནི་གང་ཟག་ཁོ་རང་དང་གདོང་ཐུག་ཏེ་ཕན་ཚུར་གྱི་བསམ་ཚུལ་གླེང་འགྲིག་གི་འདོད། སྤྱི་ཚོགས་ནང་འུར་བཟོ་བ་ནི་ཅུང་ཡག་རྟགས་ཤིག་མིན་པའི་སྣང་བ་ཤར། གང་ལྟར་རྣམས་པ་སུ་ཡིན་ནའང་རྒྱལ་བའི་བཀའ་དྲིན་སྙིང་དུ་བཅངས་ཏེ་ཞབས་འདེགས་རེ་ཞུ་མི་ནུས་ནའང་ཞབས་འདྲེན་རེ་མི་གནང་རྒྱུ་ཁོ་བའི་རེ་བའོ།
༢༠༡༡ ཟླ ༡ ཚེས༡༧ཉིན།
དཔྱད་ཡངས་ཐོགས་མེད་ལགས་ལ་ཕྲན་ངས་དྲང་བདེན་གྱི་མི་བུ་དག་གི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་དང་ཁྱེད་ལྟ་བུའི་མི་བུ་ང་ཚོའི་སྤྱི་ཚོགས་ནང་ཉུང་མེད་ན་མང་མི་འདུག
སྐད་ཆ་དྲང་མོ་བཤད་རྒྱུ་དང་བློ་གཟུ་བོར་གནས་ཏེ་ཞིབ་འཇུག་བྱེད་རྒྱུ་ནི་རྩ་དོན་རེད། ཡིན་ནའང། ཐོགས་མེད་ཀྱི་བསམ་ཚུལ་འདི་བཀླགས་སྐབས། ཨ་ཚོགས་ཚང་གི་གཏམ་ཚོགས་ནས་རང་ཉིད་ལ་རྒྱབ་སྐྱོར་བྱེད་གཞི་ཞིག་བཙལ་བ་ལྟ་བུའི་ཚོར་སྣང་བྱུང།
དོན་དངོས་ཀྱི་སྤྱི་ཚོགས་བསམ་བློ་སྒུལ་ཤུགས་སྟེར་མཁན་གྱི་རྩོམ་འབྲིའི་གཤིས་ཀ་ཡོད་མཁན་ཞིག་ཡིན་ན། དེ་བས་ཀྱང་རང་ལ་ཁོར་ཡུག་ཞིག་སྟེས་དབང་གིས་ཆགས་དུས་འདིར། སྐྱོ་ངལ་ཆེ་བའི་བསམ་གཞིག་གི་ཁུགས་པ་རེ་རེ་སྤྱི་ཚོགས་སུ་དལ་གྱིས་སྨྲས་མི་ཆོག་པ་གང་ཡང་མེད། སྤྱི་ཚོགས་འདིར་སྐད་ཆ་འགྲོ་ས་མེད་པ་ཞེས་པ་ནི་འོལ་ཚོད་རང་རེད་མ་གཏོགས། ཡི་གེ་ལན་ལ་ཡི་གེ་ཕབས་རྒྱུ་ནི་ཤིན་ཏུ་ནས་དཀའ་པའི་ཚོད་དུ་གདའ།
ཐོགས་མེད་ཀྱིས་གཏམ་ཚོགས་སྤྱི་ཡོངས་ལ་མིག་བཤེར་འཕེན་དུས། ཁོང་གི་ཕུགས་བསམ་གྱི་ཆ་སྟེ། དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས་བཤག་བཅོས་བྱེད་དགོས་རིགས་ཡོད་པར་འཐད་ཀྱང། དེ་ལ་དབྱེ་ཞིབ་གནད་འདྲོངས་གནང་མི་འདུག་པས་ཀྱང། ནོར་འཁྲུལ་གྱི་ཆ་ཞིག་བཙན་འགེབས་བྱེད་ཆེད་དེའི་བྱས་པ་ཡོད་ཚད་བེད་སྤྱོད་གཏོང་བ་ནི་ཤིན་ཏུ་ནས་ཉེན་ཚབས་ཆེན་པོ་ཞིག་རེད།
མི་སུས་ཀྱང། ཀླུ་མཁར་བྱམས་ནི་མཐའ་གཅིག་ཏུ་གདོན་དང། འདྲེ། ནག་པོའོ་ཞེས་གླེང་གི་མི་འདུག་ལ།
ཁོང་གི་ངག་ནས་བརྡོལ་བ་དག་གི་ཁུངས་སྐྱེལ་ཁོང་སྒེར་ནས་གནང་དགོས་ཀྱི་རྒྱུ་མཚན་ཁོ་ནས་དྲངས་པ་མ་གཏོགས། གཅིག་དཔེ་བརྒྱ་འགེབས་ནི་སུས་ཀྱང་བྱས་མི་འདུག་ལ། ཐོགས་མེད་ཀྱིས་ཀྱང་ཡིག་ནོར་རེ་འགའ་ལས་ཅི་གང་ཡང་ནོར་འཁྲུལ་གྱི་ཆ་མ་མ་རྙེད་པ་ནི། ཁོང་ལ་གདེང་འཇོག་བྱས་པ་ཐོག་མས་མི་རྣམས་ལ་བཞག་པའི་བག་ཆགས་སུ་ངེས་སོ།
ལར་ནས་ནམ་ཞིག་དགོངས་སེལ་དང་རྒྱུ་མཚན་གསལ་བཤད་འདྲ་ཁོང་གི་ངག་ནས་བརྡོལ་བ་འདྲ་བྱུང་ན། སྐབས་དེར་ང་ཚོས་ཁོང་གི་བྱས་པ་རྣམས་དལ་བར་གླེང་ཆོག་གི་རེད།
ཐོགས་མེད་ཀྱིས་བཤད་པ་ཧ་ཅང་གི་དོན་དངོས་དང་མཐུན་པའི་བསམ་ཚུལ་ཡང་དག་ཅིག་ཏུ་མཐོང་བས་བདག་ཀྱང་དེ་དེ་བཞིན་ནོ། ཀླུ་མཁར་བྱམས་ཀྱི་བསམ་གཞིགས་བྱེད་སྟངས་དང་མི་རིགས་ལ་བཅངས་པའི་ལྷག་བསམ་ལ་རྒྱབ་སྐྱོར་ཡོད། རེ་བ་ཡིན་ན། མདོ་སྨད་རྒྱུན་ལས་ཀྱིས་དོན་དག་འདིའི་སྐོར་ནས་ཕུང་དཀྲུགས་མི་བྱེད་རྒྱུ་སྐུ་མཁྱེན།
ཀླུ་མཁར་བྱམས་ནི་བསམ་ཐུབ་པ་དང་ཤོད་ཐུབ་མཁན་གི་རང་བཙན་འཐབ་བརྩོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
ཡ། ད་ཡང་ཨ་མདོ་བའི་ནང་འཁྲུགས་ཐེངས་བཞི་པ་དེ་འགོ་ཚུགས་སོང། ཨ་ཁ། ད་མཚམས་ཞོག ནང་འཁྲུགས་འདི་ལྟར་བརྒྱབ་ན་འགལ་བ་ཆེ་རུ་དང་འཁོན་འགྲས་ཆེ་རུ་འགྲོ་རྒྱུ་རེད། དུས་ཚོད་ཀྱང་འཕྲོ་བརླག་རེད། ཀླུ་གར་བྱམས་གཡུག་ཞོག ཁོ་ལ་དཔྱད་པ་བྱེད་དགོས་མ་རེད། ཉི་གཅིག་ཁོ་རང་གིས་བསམ་བློ་ཐོངས་ཡོང་གི་རེད། ད་ལྟའི་དུས་ལ་ཁོའི་སེམས་བསྒྱུར་ཐུབ་ཀྱི་མ་རེད། འོན་ཀྱྲང་བོད་ནང་བོད་མི་བསམ་ཡོད་ཚོས་རྒྱ་ཡི་མེ་འདའི་ཁ་འོག་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་བ་ལས་ཤི་རྒྱུ་གདམ་པ་བྱེད་པ་འདི་ལ་དཔག་ན། ཀྱླུ་འབྱམས་ཁོ་ངོ་མ་མི་མ་རེད། ཁོ་བྱོལ་སོང་རེད། ཁོ་བསོད་ཟད་རེད། ཐབས་ཧ་ཅང་སྐྱོ་པོ་རེད། བསམ་བློ་ཐོངས་དང། ཁོས་༸གོང་ས་མཆོག་ལ་སྨད་ན་བོད་དོན་ལ་ཕན་གྱི་རེད་དམ། ཁོའི་ཁ་ལ་སུས་ཉན་གྱི་རེད། མཐའ་མ་ཁོ་རང་ཕམ་རྒྱུ་ཡིན་པ་དེ་ཁོས་སྔོན་དཔག་ཐུབ་མེད་དམ། ཁོ་དངོས་གནས་གླེན་པ་རེད། ཕན་མེད་གནོད་སྐྱེལ་རེད། ཁོས་མདོ་སྨད་མི་དམངས་ཀྱི་ཆིག་སྒྲིལ་ལ་གཏོར་བཤིག་བཏང་སོང། ཁོའི་མི་བྱེད་དགུ་བྱེད་འདི་འདྲ་མེད་ན་མདོ་སྨད་དམངས་རྣམས་དམ་ཚིག་འོ་ཆུ་དབྱེར་མེད་དང་རྡོག་རྩ་གཅིག་སྒྲིལ་རེད། མི་འདི་དངོས་གནས་ལས་ངན་རེད། ཁོ་རྒྱ་ནག་ལ་ཕར་ཕྱིན་ནས་༸གོང་ས་མཆོག་ལ་མཚན་སྨོད་མི་ཞུ་བ་གང་ཡིན་ནམ། རྡོ་དོན་དམྱལ་བ་མ་མཐོང་ན་སངས་རྒྱས་ལ་ཡིད་མི་ཆེས་ཞེས་པ་དེ་རེད། ལྟད་མོ་ག་ལེར་བལྟ་ཆོག
ཐོགས་མེད་ཀྱིས་འགྲེལ་བཤད་ཡག་པོ་བསྐྱོན་འདུག ད་དུང་མདོ་སྨད་རྒྱུན་ལས་ཚོསོ་སྤྱི་ཚོགས་ཟིང་སློང་གི་ལས་མཚམས་མི་འཇོག་ན། འདི་ཚོས་ཅི་ཞིག་བསམ་ཡོད་མེད་ཐེ་ཚོམ་རེད། སྐད་ཆ་ཧ་མ་གོ་བར་མང་ཚོགས་དཀྲུག་ཤིང་སློང་བ་ནི་ཡིད་སྐྱོ་བ་རང་རེད།
སྐུ་ཞབས་ཐོགས་མེད་ཀྱི་དངོས་དོན་གཞི་ལ་བཞག་པའི་སྐད་ཆ་རྣལ་མ་རེ་བཤད་འདུག་པའི་དགའ་བསུ་ཞུ། དེ་མིན་མདོ་སྨད་ས་རྒྱུན་ཟོག་རྫི་ཁ་ཤས་དང་གནས་ལུགས་མི་རྟོགས་མཁན་སོགས་ཀྱིས་ཀླུ་མཁར་བྱམས་ལ་སྡིག་ཁུལ་བྱེད་པ་དེ་གསལ་བཤད་བྱེད་དགོས་པ་ཞིག་མ་རེད།་ཡིན་ན་ཡང་གྲྭ་ལོག་སྤྲུལ་བརྫུས་ཆོས་འབྱོར་སོགས་ནས་ཁ་ཟས་གང་ནས་རག་ན་དེ་ལྟར་གནས་ལུགས་རྡོག་རོལ་གཏོང་མཁན་ཚོར་དངོས་གནས་ཡ་མཚར།
གོ་ཐོས་ལྟར་ན་ཀླུ་མཁར་བྱམས་ལས་དོན་འདིའི་ཐད་ཐུགས་སྣང་སྤུ་རྩེ་ཙམ་མེད་པར་དགྱེས་ཡངས་ངང་བཞུགས་ཡོད་སྐད་ཐོས། མི་བུ་ཁྱེད་རང་དེ་ལྟར་མི་ཡུལ་ནས་གདོང་བསྟན་ནས་འཛུམ་ལྡང་གིས་འཚོལ་དང་།ཐག་རིང་ན་འཁྱག་སོབ་སོབ་ཀྱི་ང་ཚོས་ཁྱེད་ལ་ཁ་མིན་དོན་རྒྱབ་སྐྱོར་ཡོད།
xxxxxxxxxxxxx
ཁྱོད་ཀྱིས་བར་བཞུགས་ཡིན་མདོག་མདོག་བྱས་ནས། སོ་མཚམས་ནས་མདོ་སྨད་ས་རྒྱུན་ལ་མཁོ་བའི་གཏམ་ཤོར་ཡོང་གི་འདུག་ག
ད་རེས་དེ་སྐོར་ཀླུ་མཁར་འབྱམས་ལ་ནོར་འཁྲུལ་མེད་པར། ཁྱོད་ཀྱིས་བྲིས་པའི་དགོངས་སེལ་ཟེར་བ་དེ་རྩ་བ་ནས་མི་དགོས་པ་ཞིག་རེད། གསལ་བཤད་བྱེད་དགོས་མེད་ཕྱོགས་གཉིས་ཀའི་རྣམ་འགྱུར་ལ་བལྟ་རྒྱུ་རེད།
xxxxxxxxxxxxxxxx
ཀླུ་མཁར་འབྱམས་ཀྱིས་བྲིས་པའི་རྩོམ་ཡིག་དེ་དག་ནི་ངོ་མ་རྒྱལ་བ་རིན་པོ་ཆེར་ཁ་ཞེ་གཉིས་མེད་ཀྱིས་བརྩི་བཀུར་ཞུ་བ་ཞིག་རེད་འདུག་་་
གོང་ས་མཆོག་ནས་རྟག་ཏུ་ངོ་ལྐོག་མི་མཚུངས་མཁན་ལ་དགའ་པོ་གནང་གི་མེད་པ་དང་།
དགེ་འདུན་ཆོས་འཕེལ་དང་རྩིས་དཔོན་ལུང་ཤར་སོགས་སྐབས་དེར་བོད་རྒྱལ་ཁབ་ལ་ཁ་ཞེ་གཉིས་མེད་བྱེད་མཁན་ཚོར་ཁྱོད་དང་འདྲ་བའི་བྱུར་གྱི་སྣ་འདྲེན་ཁྱི་སྤྱང་མགོ་ལག་འབྲེལ་བ་ཁག་ནས་ཁོང་ཚོར་༸གོང་ས་མཆོག་དང་བོད་གཞུང་ལ་སྐུར་འདེབས་ཞུ་གི་ཟེར་ཁ་ལ་འཁྱེར་ནས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་བཏང་བར་༸གོང་ས་མཆོག་ནས་ག་དུས་ཡིན་ཀྱང་་དེ་དག་ཚང་མ་སྐབས་དེ་དུས་ནོར་འཁྲུལ་ཚབས་ཆེན་ཤོར་བའི་གསུང་སྐད་སྐྱོན་གྱི་འདུག་ག xxxxxxxxxxx
ད་ལྟ་མདོ་སྨད་ས་རྒྱུན་ལ་དབང་ཆ་མེད་དུས་དཀྲུག་ཤིང་གི་དུག་མདའ་འཕེན་རྒྱུ་ལས་བཙོན་ཁང་དུ་བཅུག་དབང་མེད་པས་ཁྱོད་རྣམས་སྙིང་རེ་རྗེ།
ངས་བྱས་ན་ཁྱོད་ལ་ལྟད་མོ་ཞིག་རྗེས་ལ་ཟེར་མ་དགོས་པར་མགྱོགས་པོ་མཐོང་ས་རེད།
xxxxxxxxxxxxxxxxxxxxxxxxxxxxxx
ཚིག་ལ་མ་ལྟོས་དོན་ལ་ལྟོས་ཟེར་བ་ལྟར། ཀླུ་མཁར་བྱམས་ཀྱིས་ཚིག་ལ་གཙོ་བོར་མ་བལྟས་པར། རྒྱབ་ལོགས་ཀྱི་ནང་དོན་ལ་བློ་གཟུ་བོས་གཟིགས་ན། ཀླུའི་རྩོམ་ཡིག་འདི་སྐྱོན་ཆེ་བ་རང་མིན་འདུག་སྙམས།
དཔེར་ན། བླ་རྒན་ཟེར་བ་འདི་གུས་ཞབས་མིན་རུང་གཅེས་ཚིག་གམ་ནང་ཚགས་ཀྱི་སྐད་ཆ་ལ་འགྲོ་ཐུབ་ཀྱི་འདུག ཡ་བླ་རྒན། ད་མར་འདུག ཇ་ཁམ་གང་ཐུང་ལྟ་བུར། གཞན་ལ་གུས་ཞབས་མེད་པའི་སྐད་ཆ་ཨེ་རེད། འདི་ནང་ཚགས་ཀྱི་སྐད་ཆ་ལ་མི་འགྲོ་བམ།
སྔོན་མ་དབྱིན་ཇིའི་རྒྱལ་མོ་འདིའི་ཨ་མ་དེས། གོང་ས་མཆོག་ལ། “ངའི་བུ། མཪ་བསྡད་ནས་ཀེག་འདི་བཟོ།”ཟེར་དུས། འདི་རྒྱལ་བ་རིན་པོ་ཆེ་ལ་མཐོང་ཆུང་བྱས་པ་མ་རེད། བརྩེ་བའི་ཤ་ཚ་ཞིག་སྟོན་གྱི་འདུག་སྙམ།
བསམ་ཤེས་ནས་བྲིས་པ་བདེན་པ་རེད།
ཚིག་ལ་མ་ལྟོས་དོན་ལ་ལྟོས། ཟེར་བར་ངས་ཀྱང་གཅིག་དྲན་སོང་།
དཔེར་ན། གོང་ས་མཆོག་ལ་བླ་རྒན་ཞུ་བ་བཞིན།
ལ་དྭགས་པ་དང་སྟོད་མངའ་རིས་ཁུལ་གྱི་མི་ཚོས་གོང་ས་མཆོག་ལ་མེས་བླ་མ་ཞུ་གི་ཡོད། མེས་ཟེར་ན་སྤོ་བོ་ལགས་ཟེར། བླ་མ་ནི་གྲྭ་པར་ཟེར། སྤོ་བོ་བླ་མ་ཟེར། མདོར་ན་བླ་རྒན་ཞུ་བ་དང་ཁྱད་ཅི་ཡོད།
ད་དུང་དཔལ་ལྡན་ལྷ་མོ། ཨ་བི་ཟེར། དེ་ནི་རྨོ་བོ་ལགས་ཟེར་བ་ཡིན་ཞིང་།
གཞན་ཡང་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་རྣམ་ནང་སྐབས་དེར་བོད་གཙང་པ་རྣམས་ཀྱིས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་སྤོ་བོ་ལགས་ཆོས་རྒྱན་ཞུ་བ་དང་། དབུས་པ་རྣམས་ཀྱིས་གཙང་པའི་དགེ་སློང་ཞུ་བ་རེད། དེར་ཁོང་གི་སློབ་མ་ཞིག་གིས་ཁོང་ལ་ཚིག་དེ་དག་མ་གུས་པའི་རྣམ་པ་ཡོད་སྐོར་ཞུས་པར། ཁོང་ནས་དེ་མ་གུས་པ་རྩ་བ་ནས་མ་རེད།
ཁོང་ཚོས་ང་ལ་སེམས་ཐག་ཉེ་པོའི་ཐོག་ནས་འབོད་པའི་གཅེས་མིང་ཞིག་རེད་གསུངས།
དེ་དག་ལ་སོམས་ཤིག
གཞི་ནས་ཁྱོད་ཚོས་ཀླུ་འབྱམས་ལ་ངན་སྨྲས་བྱས་པ་དེ་ནི་དོན་མེད་ཅོལ་ཆུང་འབའ་ཞིག་དང་། རང་གི་དགོས་མཁོ་འགྲུབ་ཆེད་དམ་ཡང་ན་གཞན་སྦྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་ཕྲག་དོག་དུག་སྦྲུལ་ནག་པོའི་ཁ་རླངས་འཕེན་པ་གསལ་པོར་ཤེས་ངེས།
མཁྱེན་ལྡན་པ་མགོན་པོ་སྐྱབས་ལགས་ཁྱེད་རང་ངར་ངར་སིག་སིག་དེ་ཙམ་གནང་དགོས་ཡས་མི་འདུག ཁྱེད་ལ་དེ་ཙམ་གནོད་ཡོད་རྒྱུ་རེད་བསམས་མེད། དགོངས་འགལ་མེད་པར་མཁྱེན། ངས་ཁ་བརྡ་ཚང་གི་རྩོམ་སྒྲིག་པ་སུ་ཡིན་མིན་ཤེས་ཀྱི་མེད་ལ་མདོ་སྨད་དབུས་ས་གཉིས་ཀྱི་མི་སྣའང་ཤེས་ཀྱི་མེད། དེ་བཞིན་ངས་ཀླུ་མཁར་འབྱམས་ཞེས་པ་དེ་བས་ཀྱང་ཤེས་ཀྱི་མེད། འོན་ཀྱང་ཁོས་༸གོང་ས་མཆོག་ལ་སྣང་ཆུང་ཁྱད་བསད་བྱས་པ་དུས་བབ་དྲ་སྟེང་མཐོང་བྱུང་བས་དེ་ལ་ཡིད་མ་རངས་པ་བྱུང་། ཁྱེད་རང་བསམ་བློ་ཐོངས་དང། ཁོ་པས་དེ་རིང་གི་ཏཱ་ལའི་བླ་མ་དང་། གནའ་བོའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དད་བརྟེན་ཙམ་ལས་སང་ཉིན་གྱི་རེ་བ་བརྒྱག་ ས་མིན་སྟབས། བགྲེས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཅེས་བྲིས་འདུག་པའི་དོན་གོ་དུས་ཕྱི་ནང་གི་མི་སུ་ཡིན་ཀྱང་བཟོད་སྒོམ་བྱ་ཐབས་བྲལ་བ་ཞིག་མ་ཡིན་ནམ། ཁོ་པས་ཏཱ་ལའི་བླ་མ་ལོ་རྒྱུས་ཀྱི་སྐྱོ་གར་ཞེས་པའི་དོན་གང་ཡིན། མ་ཟད་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་སྟབས་ཞེས་པའི་དོན་གང་ཡིན། དེ་བཞིན་༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་རྒྱུའི་གནད་དོན་འདི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག་ཞེས་པའི་དོན་གང་ཡིན། འདི་ཚོའི་དོན་ལ་འགྲེལ་བཤད་བརྒྱབ་ན་དངོས་གནས་སྙིང་ན་དགོས་པ་ཤ་སྟག་ཏུ་སྣང། ༸གོང་ས་མཆོག་གི་ཞབས་འོག་གི་མི་གཅིག་གིས་འདི་ལྟ་བུ་ཤོད་ཕོད་པའི་སྙིང་ཁམས་འདིའི་རྒྱབ་ཏུ་གང་ཞིག་ལངས་ཡོད། མ་ཟད་ཁྱོད་ཚོས་བལྟས་ན་ཁོས་དེ་བཤད་པ་དེས་བོད་སྤྱི་པའི་དོན་ལ་ཕན་འདུག་གམ་གནོད་འདུག་ལེགས་པར་སོམས། ངས་ཀླུ་འབྱམས་ལ་ཚིག་ཁ་ཤས་བཤད་པར་ཁྱོད་མི་བཟོད་པ་དེ་ལྟ་བུ་བྱེད་བཞིན་འདུག་ན། ཀླུ་འབྱམས་ཀྱིས་༸སྐྱབས་མགོན་མཆོག་ལ་འདི་ལྟ་བུའི་ཁམས་པོ་ཆེ་ཞུས་པར་༸གོང་ས་མཆོག་འདི་ཕྱི་གཏན་གྱི་སྐྱབས་གནས་སུ་བཀུར་མཁན་བསམ་ཡོད་ཚོའི་སེམས་ལ་ན་ཟུག་ག་ཚོད་གཏོང་མིན་ཁྱེད་ཀྱིས་ཤེས་སམ། བོད་ནང་༸གོང་ས་མཆོག་ལ་མཚན་སྨད་ཞུ་བ་ལས་ཤི་རྒྱུ་གདམ་པ་བྱེད་མཁན་དེ་ཚོ་ལྐུག་པ་རེད་དམ། ངས་བྱས་ན་ཁོ་ཚོ་ཚང་མ་དཔའ་བོ་རེད། མི་རིགས་ཀྱ་ིབརླ་འཚོང་བ་མ་རེད། མ་གཞི་ཧ་ལས་རྒྱུ་གང་ཡང་མེད། ལེགས་སྐར་གྱིས་སྟོན་པའི་རིམ་གྲོ་ལོ་བཅུ་གཉིས་ཞུས་ཀྱང་ཡོན་ཏན་སྣ་གཅིག་མ་མཐོང་བ་དང་གཅིག་མཚུངས་རེད། མ་ཟད་ཁྱོད་ལ་ཡང་སུས་ཕན་བཏགས་འདུག་ལེགས་པར་སོམས། ཕན་འདོགས་ཚུལའང་དངོས་སམ་བརྒྱུད་པའི་སྒོ་ནས་བཏགས་ཡོད་མེད་བསམ་བློ་ཐོངས། ད་མང་པོ་མི་བཤད་སྣོད་ཁ་ཕུབ་པའི་ནང་བཅུད་ལྡུག་མི་ནུས་པ་བཞིན་རེད། ཁྱེད་རང་གིས་ཀྱང་ང་ལ་ཚིག་སྡུག་རེ་ངན་ཚད་བཤད་འདུག ང་ལ་གང་ཡང་མེད། ཁྱེད་རང་བློ་ཁ་རྫོགས་པ་དང་ཁྱེད་རང་སེམས་སྐྱིད་པོ་བྱུང་ན་དེས་ཆོག ད་དུང་ག་ཚོད་ཤོད་སྙིང་འདོད་ཀྱང་ཤོད། ད་ང་རྒྱལ་མ་བྱེད། ཆོས་གཞུང་ནང་ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུར་བ་བཏབ། ཅེས་པ་ཞིག་འདུག འདིའི་དོན་ལ་བསམ་ན་སྙི་རྗེ་ཡས་རེད་འདུག ཁྱེད་རྣམས་འདི་ལ་ཡིད་ཆེས་རྩ་བ་ནས་ཡོད་ཀྱི་མརེད། འོན་ཀྱང་མཇུག་འབྲས་དུས་ལ་བབ་སྐབས་ཡིད་ཆེས་མེད་ཟེར་ས་མེད། ངས་ཁྱེད་ལ་བཤད་པ་འདི་དང་པོ་ཡིན་མཐའ་མའང་ཡིན་ལ ད་བདེ་མོ།
དྷ་སར་སྡོད་མི་འོས་པ་མི་ངན། ཁྱོད་ཚོས་ཀླུ་འབྱམས་ལ་ངན་སྨྲས་བྱས་པ་དེ་ནི་དོན་དང་ལྡན་པ་ཞིག་རེད།
གཏམ་དྲིས་ནས་མ་འབྱུང་། སྒུག་ནས་བྱུང་། ཟེར་བ་བདེན་པར་འདུག
སྐུ་ཞབས་BBCལགས་ད་དངོས་གནས་ཐོན་བྱུང་ང་།
སྐུ་རླུང་དེ་འདྲ་གནང་ག་མ་རེད། ཀླུ་མཁར་འབྱམས་མ་ཤི་བར་ད་ལྟ་དགུ་བཅུ་གསུམ་གྱི་ཚོགས་གཞོན་གྱི་ལས་གནས་རང་འཇགས་ཡོད་པ་རེད། ད་དུང་སྤྱི་འཐུས་ལའང་སླེབས་གྲབས་འདུག ད་མང་པོ་ཞུ་གི་མིན། ཁྱེད་ཚོ་སྐུ་རླུང་གིས་སྐྱེལ་ཡོང་།
ཁྱེད་ཐོན་པ་དེ་རང་གིས་མཉམ་འབྲེལ་གྱི་ཚོང་དེ་ཤེས་སོང་། ཐུགས་རྗེ་ཆེ།
ཨ་ཚོགས་ཀླུ་མཁར་ཁ་ལྕེ་གཏམ་གྱིས་འབར།།
ཨ་མདོ་རེ་འགའ་ཕྲག་དོག་ཚ་བས་སྨྱོ།།
ཨ་ལོ་མཁར་བྱམས་རྒྱུགས་ཁྱིའི་འཁོར་ན་ཟུག།
ཨ་ཐང་ཆད་པའི་ནང་འཁྲུགས་སྐྱོ་བས་ངུ།།
མདོ་སྨད་རྒྱུན་ལས་ཚོས་དོན་དག་འདི་རིགས་ནང་ཁུལ་ནས་འདུམ་སྒྲིག་མི་བྱེད་པར་དྲ་ཐོག་ཏུ་འཇོག་པ་ནི་དོགས་གཞི་ཞིག་རེད། གལ་སྲིད་མདོ་སྨད་རྒྱུན་ལས་ཚོ་ཤེས་རྒྱ་ཅན་རྐྱང་རྐྱང་ཡིན་གང་ཐབས་ཅི་ཐབས་ཞི་བདེ་དང་ཞི་འཇགས་ཀྱི་སྒོ་ནང་མོལ་བྱ་དགོས་པ་ཞིག་རེད་འདོད། ཡང་དང་བསྐྱར་དུ་དྲ་ཐོག་ནས་ཀུ་ཅོ་འདོན་པ་འདི་མང་ཚོགས་དཀྲུག་ཤིང་སློང་གིན་པ་ཞིག་ཏུ་མཐོང་སྟབས། རྒྱབ་སྐྱོར་བྱ་འདུན་མི་སྐྱེས། རྒྱུ་མཚན་གོང་ས་མཆོག་གི་ཐུགས་དགྱེས་པའི་ལས་ཤིག་སྒྲུབ་ཨེ་ཐུབ་ཀི་མི་འབད་ལ། ཆེད་མང་ཚོགས་ཟིང་སློང་དང་གོང་ས་མཆོག་སྐུ་སྒེར་འདི་འདྲའི་དགོས་མེད་ཀྱི་ཡི་གེ་གཏོང་བ་སོགས་ཆེས་མི་རུང་བའི་ལས་བྱ་བ་ནི་མདོ་རྒྱུན་ལས་ཚོ་བསྟན་བཤིག་དག་དག་ཡིན་པའི་ཚོར་བ་སྟེར། ངོ་མས་ཡིད་སྐྱོ་བ་ཞིག་རེད།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org