བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། འདས་ཟིན་པའི་ཕྱི་ལོ་ ༢༠༡༠ ལོའི་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བར་ཕྱི་མིག་ཅིག་བལྟས་ན། མི་མང་ཤོག་སྒོར་གྱི་འཛའ་ཐང་དང་། ཉོ་ཚོང་གི་རྩོད་རྙོག ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་པ། བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་གིས་ཨ་རིར་འཚམས་འདྲི་གནང་བ། དྲ་རྒྱ་ཕན་ཚུན་འབྲེལ་བ་བྱེད་པའི་རང་དབང་དང་། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་རྩོད་གཞི་གཙོས་པའི་ཤར་ཨེ་ཤ་ཡའི་མཁའ་དབྱིངས་སུ་དམག་འཁྲུག་གི་སྤྲིན་ནག་ལང་ལོང་དུ་འཕྱུར་ཏེ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་གི་རྣོ་ངར་དང་ཛ་དྲག་ཏུ་གྱུར་ཡོད།
ཕྱི་ལོ་ ༢༠༡༡ ཤར་བའི་རྗེས། རྒྱ་ནག་དང་ཨ་རིའི་འབྲེལ་བ་ཁ་ཕྱོགས་གང་དུ་བསྐྱོད་མིན་དང་། ཤར་ཨེ་ཤ་ཡའི་དམག་འཁྲུག་གི་འཇིག་ཉེན་ལ་འགྱུར་བ་ག་རེ་ཡོང་མིན་སྐོར། རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ་བདུན་ཕྲག་འདིའི་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ལྷན་འཛོམས་བྱས་པའི་མཇུག་འབྲས་ཅི་བྱུང་ལ་ལྟ་རྒྱུ་རེད།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། རྒྱ་ནག་གི་སྲིན་འཛིན་ཧུ་ཅིན་ཐའོ་ཨ་རིར་འཚམས་འདྲིར་མ་སླེབས་སྔོན་ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་འཇམ་རྩུབ་གཉིས་སྤྱད་ཡོད་པ་སྟེ། འཇམ་པོའི་ཐོག་ནས་ཨ་རིའི་སྲུང་སྐྱོབ་དྲུང་ཆེ་རོ་བྷཌ་གྷཌི་རྒྱ་ནག་ཏུ་དམག་དོན་འཚམས་འདྲིར་མངགས་ཡོད་པ་དེ་ནི་འགལ་ས་བསྐྱར་མཐུད་ཀྱི་འཚམས་འདྲི་ཞིག་ལ་བརྩིས་ཏེ། ཨ་རིས་རྒྱ་ནག་ཕྱོགས་ནས་ལྷོ་བྱང་ཀོ་རི་ཡའི་ཉམས་ཉེན་བྱུང་སྐབས་ནུས་པ་བཏོན་སྐོར་བསྔགས་བརྗོད་བྱེད་ཁུལ་གྱིས་་ཧུ་ཅིན་ཐའོ་ཨ་རིར་རྒྱལ་དོན་འཚམས་གཟིགས་སྐབས་ཚད་མཐོའི་སྣེ་ལེན་ཞུ་རྒྱུ་ཡིན་སྐོར་བཤད་ཡོད། ཨ་རིས་དེ་ལྟར་འཇམ་པོ་བྱེད་དགོས་དོན་ནི། ཨ་རིས་བྱང་ཀོ་རི་ཡར་འཛིན་པའི་དམག་དོན་ཐད་ཉེན་བརྡ་གཏོང་རྒྱུ་ལས་རྒྱ་ནག་ལ་ཁ་གཏད་གཅོག་གི་མེད་པའི་བཅོས་མའི་རྣམ་པ་ཞིག་བསྟན་ནས་རྒྱ་ནག་གི་དམག་ཇུས་ཐོག་ལྷོད་གཡེང་ཤོར་རྒྱུའི་དམིགས་ཡུལ་ཞིག་བཅངས་ཡོད། དྲག་པོ་འམ་རྩུབ་སྤྱོད་ཐད་ཨ་རིས་མཁའ་དབྱིངས་དམག་གྲུའི་དམག་འཐབ་རུ་ཆེན་གསུམ་རྒྱ་ནག་གི་མཚོ་འགྲམ་ཁུལ་དུ་བཏང་ནས་རྒྱ་ནག་ལ་སྡིག་ར་སྐུལ་བ་དང་དུས་མཚུངས་ཨ་རིའི་ (ཁྲ༢༢) རྟགས་ཅན་གྱི་དམག་གྲུ་རྣམས་ཉི་ཧོང་དུ་བཅའ་སྡོད་བྱེད་བཅུག་སྟེ། དམག་དོན་ཐད་བཙན་གནོན་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་རྒྱུ་སོགས་རྒྱ་ནག་གིས་ཨ་རིའི་ཁ་ལ་ཉན་འཇུག་ཐབས་བྱས་ཡོད། ད་རེས་ཨ་རིས་འཇམ་རྩུབ་གཉིས་སམ་ཞི་དྲག་གཉིས་ཐོག་ནས་རྒྱ་ནག་གིས་ངེས་པར་དུ་བློས་གཏོང་ཆེན་པོ་ཞིག་མ་བྱེད་ཀ་མེད་ཅིག་བྱ་རྒྱུར་ཨ་རིས་གྲྭ་སྒྲིག་ཆ་ཚང་བྱས་ཟིན་ཡོད་པ་གསལ་བཤད་བྱས་ཡོད་པ་རེད།
རྒྱ་ནག་ཕྱོགས་ལ་བལྟས་ན། ཨ་རིས་ཚུར་བཟང་ཕྱོགས་ཀྱི་རྣམ་པ་བསྟན་སྐབས་རྒྱ་ནག་གིས་ཀྱང་བཟང་པོའི་བཟང་ལན་ཞིག་མ་སློག་ཀ་མེད་ཀྱིས་རྒྱ་ནག་དང་ཨ་རི་གཉིས་དབར་དམག་དོན་གྱ་ིའབྲེལ་བ་བཅད་པ་དེ་སླར་གསོ་བྱེད་ཁུལ་གྱི་རྣམ་པ་ཞིག་བསྟན་པ་དང་ཆབས་ཅིག་མི་མང་ཤོག་སྒོར་གྱི་འཛའ་ཐང་མུ་མཐུད་སྤར་འཆར་ཡོད་ཚུལ་བསྟན་ནས་མུ་མཐུད་ཨ་རི་དང་ཛ་དྲག་གི་དགྲ་ཡ་མི་བྱེད་པའི་རྣམ་འགྱུར་ཞིག་མཚོན་ཐབས་བྱས་ཡོད་པ་རེད། དེ་དང་དུས་མཚུངས་ཨ་རིས་དྲག་པོའི་འཇིགས་སྐུལ་ལ་རྒྱ་ནག་ནས་ཀྱང་དེ་ལ་དེ་བསྟུན་གྱི་ལངས་ཕྱོགས་གྱོང་པོ་ཞིག་བཟུང་ཡོད་པ་དེ་ནི། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་དང་ཤིན་ཧྭ་དྲ་རྒྱ་བརྒྱུད་རྒྱ་ནག་གི་རྡུལ་ཕྲན་འགུལ་ཤུགས་ཀྱི་ཉམས་ཞིབ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ནས་རྡུལ་ཕྲན་འགུལ་ཤུགས་ཀྱི་སྙིགས་རོའི་ནང་གི་འབར་རྫས་ཀྱི་སྣུམ་ལྷག་དེས་རྒྱ་ནག་གི་སྣུམ་རིགས་གལ་ཆེ་གཅིག་ད་ནས་ལོ་ ༣༠༠༠ ལྷག་འདང་གི་ཡོད་ཚུལ་དང་། གཉིས་པ་འདི་རྒྱ་ནག་གིས་གསར་བཟོ་བྱས་པའི་གསང་ཐབས་དམག་གྲུ་མཁའ་དབྱིངས་སུ་འཕུར་བསྐྱོད་ལེགས་གྲུབ་བྱུང་བའི་དཔར་རིས་རྒྱ་ཆེ་འགྲེམས་སྤེལ་བྱས་པ་མ་ཟད། ༢༠༡༡ ལོའི་ཟླ་བ་ ༡ ཚེས་ ༡༡ ཉིན་ཨ་་རིའི་སྲུང་སྐྱོབ་དྲུང་ཆེ་རོ་བཌ་གྷཌི་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་མཇལ་མོལ་མ་བྱས་གོང་གི་ཚོུད་ ༣ སྔོན་དུ་རྒྱ་ནག་གི་གསང་ཐབས་དམག་གྲུས་ཟི་ཁྲོན་གྱི་རྒྱལ་ས་ཁྲེན་དུའི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་པའི་གནས་ཚུལ་དྲིས་སྐབས། ཧུ་ཅིན་ཐའོ་དང་མཉམ་དུ་ཡོད་པའི་ཞི་བའི་དཔོན་རིགས་སུ་གཅིག་གིས་གནས་ཚུལ་དེ་ཤེས་རྟོགས་མེད་ཁུལ་བྱས། ཡུད་ཙམ་ནས་ཧུ་ཅིན་ཐའོ་ཡིས་དྲི་རྩད་བྱས་པ་བརྒྱུད་ཨ་རིའི་སྲུང་སྐྱོབ་དྲུང་ཆེར་གསང་ཐབས་གནམ་གྲུ་འཕུར་བསྐྱོད་བྱས་འདུག་པ་དངོས་འབྲེལ་ཡིན་ནའང་། འཕུར་བསྐྱོད་འདི་ཨ་རིར་དམིགས་མེད་ཚུལ་གསལ་བཤད་བྱས་ཡོད་པ་རེད།
ཨ་རིའི་སྲུང་སྐྱོབ་དྲུང་ཆེས་རྒྱ་ནག་གི་ཞི་དྲག་དཔོན་རིགས་གཉིས་ཕན་ཚུན་འབྲེལ་བ་མེད་པར་སེམས་འཚབ་ཡོད་ཚུལ་བཤད་འདུག་ཀྱང་། དེ་ནི་ཨ་རིས་བསྟན་པའི་བཅོས་མའི་གཡོ་བྱུས་ཤིག་ཡིན་པ་སྨྲོས་མི་དགོས། རྒྱ་ནག་གི་དམག་དཔུང་ནི་དམར་ཤོག་ཚོགས་པ་གཅིག་གི་དཔུང་དམག་གཅིག་ཡིན་པས། དེའི་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོས་དམག་དོན་གྱི་གསང་ཐབས་དམག་གྲུ་གསར་པ་འཕུར་བསྐྱོད་ཚོད་ལྟ་བྱས་པའི་གནས་ཚུལ་མི་ཤེས་པ་ནི་ཡོང་མི་སྲིད་པ་ཡིན་པ་སུས་བལྟས་ཀྱང་ཤེས་ཐུབ་པ་རེད།
རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཨ་རིར་རྒྱལ་དོན་འཚམས་འདྲི་བྱ་དགོས་པའི་ཐོག་མའི་ཡོང་རྐྱེན་ལ་བལྟས་ནའང་། རྒྱ་ནག་གཞུང་ཕྱོགས་རྐྱང་པས་རེ་བ་ཐེངས་མང་བྱས་ཀྱང་ཨ་རིས་ཕྱིར་འགྱངས་བྱེད་གང་ཐུབ་བྱས་ཡོད། ཨ་རིས་ཕྱིར་འགྱངས་བྱེད་དགོས་དོན་ནི། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྲིམས་མེད་ལུང་མེད་ཀྱིས་ངན་ཤེད་སྒལ་རལ་གྱི་བྱེད་བབ་ལ་འདོད་པ་མེད་པ་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་ཁྲམ་པའི་སྲིད་གཞུང་གི་ངན་སྤྱོད་ལ་རྒྱབ་ལངས་དང་འགེབས་སྲུང་བྱས་དང་བྱེད་བཞིན་པར་ཞེ་མེར་ལངས་ཏེ་ཁོངས་ཁྲོ་ཟ་བཞིན་ཡོད་པ་རེད།
ད་ཕན་རྒྱ་ནག་དམར་གཞུང་གི་བརྒྱུད་སྐུལ་འོག་བྱང་ཀོ་རི་ཡའི་ཀིམ་ཕ་བརྒྱུད་བུ་ཚའི་སྲིད་དབང་གཅིག་བསྡུས་དབང་འཛིན་གྱིས་རྡུལ་ཕྲན་ནུས་པ་འགོག་ཐབས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འབོད་ལ་དང་ལེན་བྱ་རྒྱུའི་ཚབ་ཏུ་དེ་བས་ནུས་པ་ཆེ་རུ་བཏང་སྟེ་ཚོད་ལྟ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། དམག་དོན་གྱི་དོན་རྐྱེན་ཐེངས་མང་བསླངས་ཏེ་ལྷོ་ཀོ་རི་ཡར་འཇིགས་སྐུལ་བྱས་པའི་ངན་ཇུས་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་རོགས་རམ་ཡོང་རེ་བྱས་པའི་བྱ་ཐབས་ཇེ་སྡུག་ཇེ་ངན་དུ་བཏང་བའི་མཐའ་མ་ལྷོ་ཀོ་རི་ཡ་དང་། འཇའ་པན། ཨ་རི་བཅས་དམག་དོན་གྱི་མནའ་མཐུན་དུ་གྱུར་ཏེ། རྒྱལ་ཁབ་དེ་གསུམ་མཉམ་རུབ་ཐོག་དམག་སྦྱོང་ཐེངས་མང་བྱས་ཏེ་བྱང་ཀོ་རི་ཡར་མཐའ་མའི་ཐ་ཚིགས་མངོན་གསལ་དོད་པོས་བསྒྲགས་པར་བརྟེན། བྱང་ཀོ་རི་ཡ་རྩ་མེད་བཟོ་རྒྱུར་འཇིགས་ནས་ཞི་མོལ་ཡོང་རེ་བྱས་ཀྱང་ཉན་འཇོག་བྱས་མེེད། གནས་བབ་ཛ་དྲག་ལ་གྱུར་སྐབས་གཞི་ནས་རྒྱ་ནག་གཞུང་གིས་ད་ཡག་པོ་ཡོང་ས་མ་རེད་སྙམ་ནས། བྱང་ཀོ་རི་ཡར་དམག་དཔུང་གཏང་སྟེ་རྒྱབ་བསྣོན་བྱེད་བསམ་པར་རྒྱ་ནག་མི་མང་གི་རྒྱབ་སྐྱོར་མེད་པ་མ་ཟད། གལ་ཆེ་ཤོས་དམག་འཐོབ་སྲིད་པའི་རེ་བ་རྩ་བ་ནས་མེད་སྟབས་ཁ་མཆུ་བོགས་མར་ལེན་ནས་དམག་དཔུང་གཏོང་ག་ལ་ཕོད། ཨ་རིས་མཚན་མོ་ཞིག་ལ་གློ་བུར་བྱང་ཀོ་རི་ཡར་ལག་པ་བཀྱག་ན། དེའི་རྗེས་སུ་ཨ་རིས་རྒྱ་ནག་ལ་དམག་རྒྱག་རྒྱུའི་ཉིན་མོ་དེ་ཡང་དུས་ཡུན་རིང་པོ་འགོར་མི་སྲིད་པ་ཡིན་དུས། འཇིགས་སྣང་སྐྱེས་ཏེ་རྒྱ་ནག་གཞུང་གིས་དཔའ་མེད་རྫིག་རལ་བསྟོན་སྟེ། གོ་མཚོན་གསར་པ་ཡོད་མདོག་གིས་གསར་དུ་བཟོས་པའི་གསང་ཐབས་གནམ་གྲུ་འཕུར་བསྐྱོད་ཀྱིས་མཚོན་པའི་ཧུ་ཅིན་ཐའོ་ཨ་རིར་མ་སྐྱོད་གོང་ཨ་རིར་དྲག་ངོམ་བྱས་ཏེ། “ང་ལ་ཚད་ཚད་བྱས་ན། ཁྱོད་ལའང་གྱོང་གུན་ཆེན་པོ་རག་སྲིད་པའི་”བརྡ་ལན་ཞིག་བཏང་ཡོད་པ་རེད།
ཨ་རི་དང་རྒྱ་ནག་སྲིད་འཛིན་གཉིས་མཇལ་འཛོམས་མ་བྱས་སྔོན་གྱི་ཕྱོགས་གཉིས་པོའི་དམག་དོན་སྟོབས་ཤུགས་ཀྱི་གནས་བབ་ལ་གཅིག་བལྟས་ན། ད་རེས་ཆེས་མཐོའི་དབུ་ཁྲིད་གཉིས་མཇལ་མོལ་འདྲ་ཆགས་པོ་ག་རེ་བྱས་ཀྱང་ཕྱོགས་གཉིས་མཉམ་ལས་བྱ་རྒྱུའི་འདུན་པ་ཡོད་ལུགས་བཤད་པ་ཙམ་ལས། ཕྱོགས་གཉིས་པོས་སོ་སོའི་རྩ་བའི་ཁེ་ཕན་ཐད་བློས་གཏོང་ཆེན་པོ་བྱེད་ཀྱི་མ་རེད་སྙམ། ཨ་རིའི་ངོས་ནས་བཤད་ན། ད་རེས་ཨོ་བྷ་མས་ཧུ་ཅིན་ཐའོ་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ལུགས་ནན་བཤད་བྱས་དབང་དུ་བཏང་ཡང་། དོན་དུ་ཨ་རིའི་དམིགས་ཡུལ་ལྟེ་བ་ནི་ཤར་ཨེ་ཤ་ཡའི་མངའ་ཁུལ་དུ་ཡང་བསྐྱར་འཛུལ་ཞུགས་བྱ་རྒྱུའི་དམག་དོན་ཐབས་བྱུས་དང་། འཛམ་གླིང་ཧྲིལ་པོར་ཚོད་འཛིན་བྱ་ཆེད་ཀྱི་གལ་ཆེའི་དམག་དོན་ཐབས་བྱུས་ཤིག་ཡིན་པ་མ་ཟད། རྒྱ་ནག་ལ་དམག་དོན་དང་ཚོང་འབྲེལ་གྱི་མཚོན་པའི་རྒྱལ་སྤྱིའི་ནང་ཐེ་བྱུས་བྱེད་ཤུགས་རིམ་བཞིན་ཆེ་རུ་འགྲོ་བར་འགོག་གནོན་བྱེད་པའི་གོམ་པ་དང་པོ་དེ་སྤོས་པ་ཡིན་ལ། མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱེད་དགོས་པའི་གནོན་ཤུགས་དེ་ཡང་ཨ་རིའི་དཔལ་འབྱོར་ཉམས་པ་སླར་གསོའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པར་བརྟེན། ཨ་རིའི་ཕྱོགས་ནས་གནད་དོན་ད་དག་ཐད་བློས་གཏོང་རྩ་བ་ནས་བྱེད་སྲིད་ཀྱི་མ་རེད། རྒྱ་ནག་ཕྱོགས་ནས་ཀྱང་ད་རེས་ཧུ་ཅིན་ཐའོ་ཡིས་ཨ་རིར་འཚམས་འདྲི་མ་བྱས་གོང་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡིག་ཐོག་ཏུ་དྲི་བ་སྐུལ་བའི་ལན་འདེབས་ནང་།“ཨ་རིའི་དངུལ་ལོར་གྱི་སྲིད་བྱུས་དེས་འཇིག་རྟེན་ཧྲི་པོའི་དངུལ་ལོར་འགུལ་བསྐྱོད་དང་མ་རྩ་འགུལ་བསྐྱོད་ཐད་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད། དེར་བརྟེན། ཨ་རིའི་དངུལ་ལོར་འགུལ་བསྐྱོད་བྱེད་ཤུགས་དེ་ལུགས་མཐུན་བརྟན་བརླིང་གི་ཚད་གཞིའི་སྟེང་གནས་དགོས་པ་”རེད་ཅེས་བཤད་དེ་མི་མང་ཤོག་སྒོར་གྱི་འཛའ་ཐང་མ་སྤར་བ་དེས་ཟོག་གོང་འཕར་འཇུག་པའི་སྐྱོན་བརྗོད་ལ་ངོས་ལེན་མ་བྱས་པར་ད་དུང་ཨ་རིའི་དངུལ་ལོར་གུ་ཡངས་འགྲེམས་སྤེལ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཏེ་དོན་སྙིང་མི་མང་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་བྱ་འདོད་མེད་པ་སོགས་ཀྱི་འགྲོས་ལ་བལྟས་ན། ཨ་རི་དང་རྒྱ་ནག་གཉིས་ཕྱོགས་ཡོང་ནས་ཁ་གཏད་དགྲ་འཛིན་གྱི་གནས་བབ་ཅུང་ཞི་འཇམ་དུ་གཏང་རྒྱུ་ཡིན་ནའང་། ཕྱོགས་གཉིས་མཉམ་མཐུན་མཛའ་འབྲེལ་གྱི་གནས་བབ་དེ་བས་ཡོང་མ་སྲིད་པར། མུ་མཐུད་དེ་ཁ་བྲལ་མི་ཐུབ་པའི་བཟའ་ཚང་ལྟར་མཚམས་རེ་འཆམ་པོ་དང་མཚམས་རེ་འཐབ་རེས་བྱས་ཏེ་གནས་རྒྱུ་རེད་སྙམ།
ཧུ་ཅིན་ཐའོ་ད་རེས་ཨ་རིར་རྒྱལ་དོན་འཚམས་འདྲི་བྱེད་དགོས་དོན་སྐོར་རྒྱ་ནག་གཞུང་ཕྱོགས་ནས་“ཨ་རི་དང་རྒྱ་ནག་གཉིས་ཀྱི་དམག་དོན་འབྲེལ་བ་བསྐྱར་གསོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་མཇལ་འཛོམས་བྱ་རྒྱུའི་རྨང་གཞི་འཛུགས་རྒྱུའི་དམིགས་ཡུལ་ཡིན་”ཞེས་ཡོངས་གྲགས་སུ་བཤད་འདུག་ཀྱང་། དོན་དངོས་ནི་ཧུ་ཅིན་ཐའོ་ཡིས་ད་ཕན་རྒྱ་ནག་གི་སྲིད་དབང་ལོ་བཅུ་སྐྱོང་རིང་། གཡོན་ཐལ་དང་ཧ་ཅང་རྩུབ་ཅིང་གྱོང་བའི་ཕྱི་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་བར་བརྟེན། རྒྱ་ནག་གཞུང་རྒྱལ་སྤྱིའི་ནང་ཕྱི་འབྲེལ་གྱི་གནས་བབ་ཧ་ཅང་དཀའ་ངལ་ཆེན་པོ་ཞིག་ནང་ལྷུངས་ཡོད་པ་རེད། དེ་ཡང་།
ཉེ་བའི་ལོ་གཉིས་ནང་ཨ་རིས་གཙོས་འཇའ་པན་དང་། ཡུ་རོབ་རྒྱལ་ཁབ་ཁག་དང་རྒྱ་ནག་གི་ཕྱི་འབྲེལ་འབྲེལ་བ་དེ་དེ་སྔ་ལས་ཇེ་སྡུག་ཇེ་འགྱངས་སུ་ཕྱིན་ཡོད་པ་དེས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱ་ནག་ལ་དགྲ་འཛིན་དང་སྐྱོན་བརྗོད་མཚམས་མི་ཆད་པ་བྱུང་བར་བརྟེན། རྒྱ་ནག་གི་འགོཁྲིད་ཚོས་ཕྱི་ཚུལ་ནས་་“ས་མགོ་ལའི་ཉིན་རེའི་གསར་ཤོག་་”བརྒྱུད་ཕྱིའི་བརྒྱུད་ལམ་ཁག་ནས་“རྒྱ་ནག་ནི་ཆབ་སྲིད་ཐོག་གྲོགས་མེད་གཅིག་པུར་ལུས་པའི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་རེད་”ཅེས་བཤད་པ་ངོས་ལེན་བྱས་མེད་ཀྱང་དོན་དམ་དུ་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ཁས་བླངས་ཡོད། གནས་བབ་འདི་ལྟ་བུར་གྱུར་བའི་རྒྱུ་མཚན་ལ་བརྟེན་ཧུ་ཅིན་ཐའོ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཡོད་པའི་དབང་ཐང་ལ་དོ་ཕོགས་ཆེན་པོ་ཕོགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་རྗེས་མའི་དབང་འཛིན་བཀོད་སྒྲིག་བྱ་རྒྱུའི་གཏམ་བརྗོད་ཀྱི་དབང་ཆ་ཡང་དེ་བས་ཇེ་ཆུང་དུ་སོང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ཧུ་ཅིན་ཐའོ་ཡིས་ཐབས་ཤེས་ཡོད་དགུས་ད་རེའི་ཨ་རིར་རྒྱལ་དོན་འཚམས་འདྲིར་བསྐྱོད་པའི་དགོས་དབང་ངམ་དམིགས་ཡུལ་གཙོ་བོ་དེ་ནི། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཛོམས་བྱས་ཏེ། ཨ་རི་དང་རྒྱ་ནག་དབར་གྱི་ཛ་དྲག་གདོང་ཐུག་གི་གནས་སྟངས་ཞི་འཇམ་ཡོང་རེ་བྱས་པ་བརྒྱུད་རང་ཉིད་དམར་ཤོག་ཚོགས་པའི་ནང་ཉིན་རེ་བཞིན་ཉམས་ཞན་དུ་གྱུར་བའི་གནས་བབ་དེ་སྲ་བརྟན་ཡོང་རེ་བྱས་པའི་ཕྱི་ནང་ཟུང་འབྲེལ་གྱི་ཐབས་བྱུས་ཐ་མ་དེ་རེད་ཅེས་ཁོ་བོས་ཁ་མཚོན་གཅོད་མི་རུང་ཡང་དེ་ལྟར་ཡིན་མིན་རིམ་པས་ཤེས་ཐུབ་པ་ཡིན་ནོ། ༢༠༡༡།༡།༡༧ ལ་བྲིས་པའོ།། །།
ཚེ་རིང་དབང་ཕྱུག་གིས་དཔྱད་འདི་འདྲ་ཡང་ཡང་སྤེལ་དགོས་གི་འདུག དཔྱད་པ་གནད་ལ་ཁེལ་འདུག བཀའ་དྲིན་ཆེ།
ཕྱིའི་བོད་པའི་དྲ་བའི་ནང་གྲལ་རིམ་འཐབ་རྩོད་དང་ཆོས་ལུགས་དགག་རྒྱག་བྱེད་མཁན་ལས་མི་འདུག་པ་ནི་རྒྱ་མིའི་གསང་ཉུལ་བའི་ལས་ཀ་དང་དེའི་ཤུགས་རྐྱེན་པ་ཚོ་ཡིན་ས་རེད།
ད་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཐུག་ན་ད་ལྟད་མོ་ཡོད་རེད
རྒྱ་དམར་གྱི་་སྲིད་འཛིན་ཨ་རིར་ཡོང་ནས་ ཨ་རིའི་དཔལ འབྱོར་ཉམས་ཉེས་སོང་བའི་གོ་སྐབས་འདི་དང་བསྟུན་ནས་ཁེང་བཟང་མང་ཙམ་རག་པར་རྔམ་ཡོད་ཀྱང་། ཨ་རིའི་ངོས་ནས་ཀུ་རི་ཡ་ལྷོ་བྱང་གི་གནས་དོན་དང་། ཨི་རང་གི་རྡུལ་ཁྲན་མཚོན་ཆའི་གནས་དོན་དང་། ཞར་བྱུང་དུ་འགྲོ་བ་མིའི་ཐོབ་སྟོངས་སྐོར་གླེང་གློང་ཡོང་སྲིད་པ་བཅས་རྒྱ་ནག་གིས་ཉན་འདོད་མེད་པའི་སྐད་ཆ་དེ་ཚོར་བསྐྱར་སྐོར་དེ་བྱེད་པ་ལས་བོད་དོན་ཐོག་ལ་ནི་སྐད་ཡོང་ཚོད་མི་འདུག
རྒན་ཚེ་རིང་དབང་ཕྱུག་ལགས་ཀྱི་དཔྱད་ཞིབ་དེ་ཡག་པོ་འདུག མུ་མཐུད་སྤེལ་རོགས་གནང་།
ཚེ་རིང་དབང་ཕྱུག་ལགས་ཀྱི་དཔྱད་རྩོམ་འདིར་རིན་ཐང་འདུག ལྷག་དོན་ཡིག་བྲིའི་ཆུ་ཟད་ཅུང་མཐོ་པོ་རེད་སྙམ། ཚང་མས་ཁོང་ལྟར་བྲི་ཐུབ་ན་ཅི་མ་རུང་སྙམ། མ་ཟད་དབྱེ་ཞིབ་ལེགས་པོ་གནང་ཐུབ་པ་འདི་རིན་ཐང་གི་གཙོ་བོ་ཆགས་འདུག མུ་མཐུད་འདི་ལྟར་གནང་ཐུབ་ཚེ་ཕན་ཐོགས་ཆེན་པོ་འདུག
ཨ་རི་དང་རྒྱ་ནག་གཉིས་ཀྱིས། དངུལ་གྱི་འཛའ་ཐང་དང་། ཚོང་འབྲེལ་ནི། དཔལ་འབྱོར་གྱི་འཐབ་རྩོད་རེད། ཨ་རིས། ལྷོ་ཀོ་རིཡ། ཇ་པྰན། རྒྱ་གར་དང་། རྒྱ་ནག་གིས། རང་དང་འདྲ་བའི་བཀྲ་མི་ཤིས་པའི་རྒྱལ་ཁབ་བྱང་ཀོ་རི་ཡ་སོགས་མང་དག་ཅིག་ལ་འབྲེལ་བ་བཟོ་བ་ནི། ཕྱི་འབྲེལ་དམག་བྱུས་ཀྱི་འཐབ་རྩོད་རེད།
འཐབ་རྩོད་དེ་གཉིས་ཀྱི་འོག་ལ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། སྐད་ཡིག་རྩ་མེད། ཆོས་དད་རང་དབང་། ཁོར་ཡུག་ཉམས་ཉེས་སོགས་ནི། མུ་མཐུད་ནས་འགྲོ་རྒྱུ་ཡིན་པ་ཐེ་ཚོམས་མི་དགོས་པ་རེད།
རྒྱལ་ཁབ་གཉིས་ཀྱི་ཁ་ཕྱོགས་ལ་རེ་སྒུག་ཙམ་གྱིས་མི་ཆོག་པར། ༸གོང་མཆོག་གཙོས་པས་འཛམ་གླིང་དབུ་ཁྲིད་གཞན་པ་རྣམས་ཀྱིས་ལམ་སྟོན་ལ་རམ་འདེགས་དང་ཤར་བསྐྱོད་ཐུབ་ན་དགེ་མཚན་ཆེ་ཤོས་དེ་ལྷག་མེད།